ཟླ་འདིའི་ཕྱི་ཚེས་ ༢༨ ནས་ ༣༡ བར་ཉིན་གྲངས་བཞིའི་རིང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་བོད་མིའི་མཉམ་འབྲེལ་ཁག་ ༡༥ འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༢ པ་འཚོག་བཞིན་ཡོད་འདུག
ཐེངས་འདིའི་ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱི་དབུས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས། དེ་བཞིན་ས་གནས་མཉམ་འབྲེལ་ ༡༥ ཡི་ཚོགས་གཙོ་དང་དྲུང་ཆེ། རྒྱུན་ལས། ཕྱོགས་བཞུགས་སྤྱི་འཐུས་བཞི་དང་། ས་གནས་མགོ་འཛིན། རང་བདེན་ཚོགས་ཆུང་དང་གཞུང་ཁུངས་དང་གཞུང་ཁུངས་མ་ཡིན་པའི་ཚོགས་པ་ཁག་གི་ལས་བྱེད་རྣམས་མཉམ་ཞུགས་གནང་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་ལ་ད་ལྟ་བོད་མིའི་མཉམ་འབྲེལ་གྱི་གནས་སྟངས་གང་འདྲ་ཡོད་སྐོར་དྲིས་པར། ཁོང་གིས། སྤྱིར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནི་ས་གནས་མཉམ་འབྲེལ་ཡོངས་ལ་ལྟ་རྟོག་བྱེད་མཁན་ཞིག་རེད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པ་དང་། ད་ལོའི་ཚོང་གི་གནས་སྟངས་ཡག་པོ་ཡོད་སྐོར་དང་། ས་གནས་མཉམ་འབྲེལ་ ༡༥ ནས་ས་གནས་མཉམ་འབྲེལ་གཉིས་གྱོང་གུད་ནང་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།
ཚོགས་ཆེན་དང་འབྲེལ་ནས་ཁོང་གིས། བར་ལམ་ཧི་མ་ཅལ་མངའ་སྡེ་ཀུ་ལུ་མ་ན་ལི་ས་ཁུལ་དུ་བོད་མི་ཁག་ཅིག་ལ་གོད་ཆག་ཚབས་ཆེན་བྱུང་བར་གདུང་སེམས་མཉམ་སྐྱེད་མཚོན་སླད། ནང་སྲིད་ལས་ཁུངས་བརྒྱུད་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གཙོས་ས་གནས་མཉམ་འབྲེལ་ཁག་ ༡༥ ཐུན་མོང་ནས་ཁྱོན་ཧིན་སྒོར་འབུམ་ ༨ ཞལ་འདེབས་སུ་སྤྲད་ཡོད་པ་དང་། ཤེར་བདག་མཉམ་འབྲེལ་གྱི་ཕྱི་ལོ་ ༢༠༢༣ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཐོག་བརྒྱ་ཆ་རྩེ་ཕུད་སོན་པའི་སློབ་མར་སྒོར་འབུམ་ ༡ སྤྲད་ཡོད་སྐོར་བརྗོད་བྱུང་།
མཛད་སྒོའི་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ཀྱིས། བོད་མིའི་མཉམ་འབྲེལ་ཁག་གི་འཛིན་སྐྱོང་ཚོགས་ཆེན་ཚོགས་དགོས་པའི་གནད་འགག་དང་། དེའི་རྒྱབ་ལྗོངས་བརྒྱུད་རིམ་དང་དམངས་གཙོའི་ལམ་སྲོལ་དང་མཐུན་པར་བོད་མིའི་མཉམ་འབྲེལ་ཁག་རང་སྐྱོང་སྡེ་ཚན་དུ་བསྒྱུར་པའི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་འདུག་ལ། དེ་ནས་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། བོད་མིའི་མཉམ་འབྲེལ་ཁག་གིས་ལས་དོན་གཉེར་བཞིན་པར་བསྔགས་བརྗོད་དང་། བོད་མིའི་འཐབ་རྩོད་ནུས་པ་ཆེ་ཤོས་ནི་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དེ་ཡིན་པར་བརྟེན། ཚང་མས་དེའི་ཐོག་ལ་འགན་འཁུར་དགོས་པ་དེ་ཆེན་པོ་ཡིན་སྐོར་དང་། སྤྱི་མཐུན་མཉམ་འབྲེལ་གྱི་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོའི་གཙང་ཁེ་ནས་ཧིན་སྒོར་འབུམ་ ༤༥ སྒྲིག་གཞི་དང་གྲོས་ཆོད་དགོངས་དོན་བཞིན་ས་གནས་མཉམ་འབྲེལ་ཁག་ ༡༥ ལ་ཕུལ་ཡོད་སྐོར་གསུངས་འདུག
ད་ལན་གྱི་ཚོགས་འདུའི་ཐོག་ལོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུ་བ་དང་། བོད་མིའི་མཉམ་འབྲེལ་ཁག་གི་ཁེ་གྱོང་གི་གནས་སྟངས་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་གི་ཡོད་འདུག་ལ། སང་ཉིན་ཕྱི་ཚེས་ ༣༠ ཉིན་ཚོགས་ཆུང་ཁག་གསུམ་དུ་ཆ་བགོས་ཀྱིས་མ་འོངས་མཉམ་འབྲེལ་གྱི་ལས་གཞི་གསར་གཏོད་དང་འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན་འདུག ཕྱི་ཚེས་ ༣༡ ཉིན་ཚོགས་ཆུང་སོ་སོའི་སྙན་ཐོ་ཕྱོགས་སྒྲིག་བྱས་ཏེ་སྙན་སྒྲོན་ཞུ་རྒྱུ་དང་། དེ་བཞིན་ཕྱི་ལོ་ ༢༠༢༤ ནས་ ༢༠༢༥ ལོའི་བོད་མིའི་མཉམ་འབྲེལ་ ༡༥ ཡི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༣ པའི་ཚོགས་ཡུལ་དང་དུས་ཚོད་གཏན་འབེབས་གནང་རྒྱུ་ཡིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།