༧གུང་ཐང་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གི་དུས་འཁོར་དབང་ཞུ་བར་བོད་རྒྱ་ཧོར་གསུམ་གྱི་དད་ལྡན་མི་མང་འབུམ་ཕྲག་མང་པོ་འཛོམས་ཀྱི་ཡོད་འདུག
འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༡༧ བར་ཉིན་གྲངས་བཞིའི་རིང་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བྱང་རྒྱུད་དུ་ཆགས་པའི་མཛོད་དགེ་སྨད་མ་སྒར་རྙིང་གི་གདུང་གྱའི་ཐང་ཆེན་དུ། གསེར་ཁྲི་རྣམ་པ་བཞིའི་ཡ་གྱལ་གུང་ཐང་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་གནང་རྒྱུ་ཡིན་པ་དང་། སང་ཉིན་ཕྱི་ཚེས་ ༡༤ ཉིན་དུས་དབང་གི་སྟ་གོན་རེད་འདུག་ལ། གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གི་དུས་དབང་ཞུ་བར་རྒྱ་ནག་གིས་བཅད་བགོ་བྱས་པའི་ཞིང་ལྗོངས་ལྔ་སྟེ། བོད་མདོ་དབུས་ཁམས་གསུམ་གྱི་མི་མང་དང་རྒྱ་རིགས་དང་ནང་སོག་ཀྱི་དད་ལྡན་དོ་གཉེར་ཅན་བཅས་བོད་རྒྱ་ཧོར་གསུམ་གྱི་མི་གྲངས་ཁྱོན་ས་ཡ་ ༡ ཙམ་འཛོམས་ཀྱི་ཡོད་འདུག
དེ་འབྲེལ་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས། ཨ་ལགས་གུང་ཐང་ཚང་གི་དུས་འཁོར་དབང་སྩལ་བར་བར་ཆད་ཅུང་ཙམ་བྱུང་སོང་། ས་གནས་སྲིད་གཞུང་གི་ངོས་ནས་མཛོད་དགེ་མི་མང་མ་གཏོགས། ས་ཕྱོགས་གཞན་གྱི་མི་མང་དུས་དབང་ཞུ་བར་མི་ཡོང་བའི་གསལ་བརྡ་བཏང་ཡོད་ཀྱང་། མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་དང་། ཁོང་གི་སློབ་མ་སོག་རིགས་དང་རྒྱ་རིགས་སོགས་ད་ལྟའང་དུས་དབང་ཞུ་བར་ལམ་བར་དུ་ཡོང་དང་ཡོང་མུས་རེད་འདུག ད་ལྟ་དབང་གནང་ཡུལ་དུ་རོབ་རྩིས་བྱས་ན་མི་གྲངས་འབུམ་དགུ་ལྷག་ཙམ་ཡོད་ཚོད་འདུག ད་དུང་དབང་ཞུ་ཡུལ་དུ་ཡོང་སའི་ཁ་གྱ་དང་གཙོས། རྡོ་དཀར་སོགས་ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲོ་ལམ་ཡོངས་སུ་དབང་ཞུ་བའི་རླངས་འཁོར་གྱིས་ཁེངས་ཏེ་ལམ་འགག་ཡོད་པར་བརྟེན། དབང་ཞུ་བ་མང་པོ་ཞིག་རྐང་ཐང་བརྒྱུད་ནས་ཡོང་གི་འདུག སང་ཉིན་བར་མི་ཚང་མ་ཡུལ་དངོས་སུ་འབྱོར་གྱི་ཡོད་པས། མི་གྲངས་ས་ཡ་གཅིག་ཙམ་འཛོམས་རྒྱུ་ཡིན་པ་གཏན་འཁེལ་རེད་འདུག ཅེས་དང་ད་ཐེངས་ནི་ད་སྔ་བར་བྱུང་མ་མྱོང་བའི་ཆོས་ཕྱོགས་ཀྱི་མཛད་པ་རླབས་ཆེན་ཞིག་ཆགས་ཡོད་སྐོར་སོགས་བརྗོད་བྱུང་།
ཡང་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས། དུས་འཁོར་དབང་ཆེན་སྐབས་བོད་ཀྱི་ཞིང་ལྗོངས་ལྔའམ་མདོ་དབུས་ཁམས་གསུམ་གྱི་མི་མང་ལ་གནས་ཡུལ་བགོ་བཤའ་བརྒྱབ་ཡོད་པ་དང་། མི་མང་ཧ་ཅང་མང་བས་དུས་འཁོར་དབང་གི་གསུང་ཆོས་ར་བའི་ནང་ཤོང་གི་མེད་སྟབས། དབང་གནང་ཡུལ་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་བརྙན་འཕྲིན་དང་རྒྱང་བསྒྲགས་བཙུགས་ཏེ་དབང་ཞུ་བར་སྟབས་བདེ་བཟོས་ཡོད་པ་མ་ཟད། འགྲོ་ལམ་དང་གད་སྙུགས་གཡུག་ས་སོགས་ཕྱོགས་གང་སར་གྲ་སྒྲིག་བྱས་ཡོད་སྐོར་བརྗོད་བྱུང་།
ཡང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་བརྡ་ཁྱབ་ཅིག་བཏང་སྟེ། ཨ་ལགས་གུང་ཐང་ཚང་གི་དུས་དབང་དེ་ནི་མཛོད་དགེ་སྒར་གསར་རྙིང་གཉིས་ཀྱི་མི་མང་ལ་ཁ་ཕྱོགས་ཡོད་པ་ལས་ས་ཁུལ་གཞན་གྱི་མི་མང་ལ་གནས་ཡུལ་བཀོད་སྒྲིག་བྱས་མེད་སྟབས། ༼ ཆོས་ཚོགས་ཀྱི་བྱེད་སྒོ་འཆམ་མཐུན་དང་བརྟན་བརླིང་། བདེ་བླག་བཅས་ཡོང་བ་དང་། ཡུལ་དངོས་ཀྱི་འགྲིམ་འགྲུལ་འགག་པ་དང་འཚང་ག་རྒྱག་པ། དོ་དམ་རྙོག་དྲ་ ༽སོགས་ཀྱི་གནས་ཚུལ་མི་ཡོང་བའི་ཆེད་དུ། ས་ཁུལ་གཞན་གྱི་སེར་སྐྱ་མི་མང་དབང་གནང་ཡུལ་དུ་མི་འགྲོ་བ་དང་ཕྱིར་ལོག་དགོས་པའི་ཁ་ཏ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག
སྤྱིར་གུང་ཐང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐད་བཞག་པའི་མཛད་རྗེས་བསམ་གྱི་མི་ཁྱབ་ཅིང་། ཕྱི་ལོ་ ༡༩༩༤ ཟླ་ ༦ ནང་༧གུང་ཐང་སྐུ་ཕྲེང་དྲུག་པ་ཁྲི་ཆེན་༧འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་གིས། བླ་བྲང་བསང་ཁོག་ཐང་ཆེན་ནས་དུས་འཁོར་དབང་ཆེན་ཐེངས་བཅུ་པ་གནང་སྐབས། མི་གྲངས་འབུམ་ཕྲག་ལྔ་ལྷག་འཛོམས་ནས་སྔར་བྱུང་མ་མྱོང་བའི་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་གནང་ཡོད་ལ། གུང་ཐང་སྐུ་ཕྲེང་བདུན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་གི་རྒྱུད་པ་དེ་ཁོང་གི་དགེ་བའི་བཤེས་གཉེན་ཆེན་མོ་ཡོངས་འཛིན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་བརྒྱུད་ནས་ཐོབ་ཡོད་ཅིང་། ཕྱི་ལོ་ ༢༠༠༤ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ནས་གུང་ཐང་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་། ཕྱི་ལོ་ ༢༠༠༦ ལོར་གསེར་ཁྲི་མངའ་གསོལ་མཛད་ཡོད། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་དཔལ་ལྡན་རྒྱ་མཚོ་ཚང་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཞིང་། ཕྱི་ལོ་ ༢༠༢༡ ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕར་ཕྱིན་དམ་བཅའ་བཞག་ཡོད་པ་དང་། འདི་ལོའི་ཟླ་ ༡༡ ནང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་བར་ཕེབས་གཏན་ཁེལ་ཡོད་འདུག
༧གུང་ཐང་སྐུ་ཕྲེང་བདུན་པ་འཇམ་དབྱངས་བླ་མ་༧བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་ནི། ཕྱི་ལོ་ ༢༠༠༢ ལོའི་ཧོར་ཟླ་ ༥ ཚེས་ ༢༧ ཉིན་གཙོས་མཛོད་དགེ་སྒར་རྙིང་བཀྲ་ཤིས་ཆོས་འཕེལ་གླིང་གི་ཤར་ཕྱོགས་སུ་རོང་འབྲོག་གི་ལྷ་སྡེ་བྲག་རྫོང་སྡེ་བར་ཡབ་བསོད་ནམས་ཚེ་རིང་དང་ཡུམ་བན་དེ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པ་དང་། བོད་ལུགས་ལྟར་ན་རིན་པོ་ཆེ་ཁོང་ད་ལྟ་དགུང་ལོ་ ༢༢ ཡིན་ཞིང་སྐུ་སྲིང་གཅིག་བཅས་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།