རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བརྩམས།
གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར།
པད་མ་ཚེ་བརྟན་ལགས་ནི། སྤྱི་ལོ་ ༡༩༦༩ ལོའི་ཟླ་བཅུ་གཉིས་པར་མདོ་སྨད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་ལྷ་ཁང་ཐང་ཞེས་པའི་གྲོང་གསེབ་ཅིག་ཏུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་(རང་ལོ་དགུའི་སྐབས་ལ།) ཕ་མ་གཉིས་ཁ་གྱེས་ཤིང་། ཨ་མས་ཡང་བསྐྱར་གཉེན་སྒྲིག་བྱས་པའི་རྒྱུ་རྐྱེན་ལ་བརྟེན་ནས། ཁོང་དང་སྤུན་ཉེ་རྣམས་ཀྱི་འཚར་ལོངས་ཀྱི་འགན་ཁུར་ཡོངས་རྗོགས་ཨ་མྱེས་དམ་པས་འཁྱེར་དགོས་བྱུང་། ཁོང་གིས་ཕ་ཡུལ་རང་ལ་གཞི་རིམ་དང་འབྲིང་རིམ་གྱི་སློབ་གྲྭ་འགྲིམས་ཚར་རྗེས། མདོ་སྨད་ཆབ་ཆར་ཡོད་པའི་མི་རིགས་དགེ་ཐོན་སློབ་གྲྭར་དགེ་རྒན་འོས་སྦྱོང་གི་སློབ་གཉེར་གནང་། དགེ་རྒན་འོས་སྦྱོང་གི་མཐོ་སློབ་དེ་ནི་མཁས་དབང་གསུང་རབ་རྒྱ་མཚོ་ལགས་ཀྱི་སློབ་སྟོན་འོག་བཙུགས་པའི་མཐོ་སློབ་མང་པོའི་གྲས་ཀྱི་གཅིག་ཡིན་པ་དང་། པད་མ་ཚེ་བརྟན་མཐོ་སློབ་དེ་ནས་དགེ་རྒན་འོས་སྦྱོང་གི་སློབ་གཉེར་མཇུག་སྒྲིལ་མ་ཐག་རང་གི་ཕ་ཡུལ་དུ་ལོག་སྟེ་ཁྱོན་བསྡོམས་ལོ་ངོ་བཞི་ཡི་རིང་གཞི་རིམ་སློབ་གྲྭའི་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་།
ཕ་ཡུལ་དུ་བོད་ཡིག་དགེ་རྒན་བྱས་པའི་ལོ་ངོ་དེ་དག་གི་རིང་། ཁོ་རང་ལ་མུ་མཐུད་སློབ་སྦྱོང་བྱ་རྒྱུའི་འདུན་པ་དྲག་པོ་ཞིག་གིས་སྐུལ་ཏེ། སྤྱི་ལོ་ ༡༩༩༡ ལོར་ལན་ཀྲུའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གཉིས་ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་བྱ་རྒྱུའི་རྒྱུགས་འཕྲོད་ནས་སློབ་ཆེན་དེ་རུ་སློབ་གཉེར་གནང་། དེ་ནས་ཁོང་ཡང་བསྐྱར་རང་གི་ཕ་ཡུལ་དུ་སོང་སྟེ་ལོ་ངོ་ལྔའི་རིང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནང་ཕྱག་ལས་བསྒྲུབས་པ་དང་། རྗེས་སུ་སླར་ཡང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས་བོད་རྒྱ་ཡིག་སྒྱུར་ཐོག་གཙུག་ལག་རབ་འབྱམས་པའི་ཆེད་སྦྱོང་གནང་ཞིང་། ལོ་ངོ་གཉིས་ཀྱི་དུས་ཡུན་ཁོ་ན་ཙམ་ལ་བསླབ་གནས་བཞེས་ཐུབ་པ་བྱུང་ཡོད།
སྤྱི་ལོ་ ༡༩༩༤ ལོར་པད་མ་ཚེ་བརྟན་ལགས་ཀྱིས་བོད་ལུགས་སྨན་པ་ཡིན་པའི་བོད་མོ་གཡུ་སྒྲོན་མཚོ་ལགས་དང་ལྷན་དུ་འཇིག་རྟེན་མཐུན་འཇུག་གི་གཉེན་སྒྲིག་བྱས་ནས། སྤྱི་ལོ་ ༡༩༩༧ ལོར་ཁོང་གཉིས་ལ་འཇིགས་མེད་འཕྲིན་ལས་ཞེས་པའི་བུ་ཞིག་བཙས་པ་དང་། ཁོང་གིས་ཀྱང་རང་གི་ཕ་བཞིན་ད་ལྟ་གློག་བརྙན་འཁྲབ་ཁྲིད་པའི་བྱ་བ་གཉེར་བཞིན་ཡོད།
པད་མ་ཚེ་བརྟན་གྱིས་བོད་ཀྱི་རྩོམ་རིག་ཐོག་བཞག་པའི་ཕྱག་རྗེས།
པད་མ་ཚེ་བརྟན་ལགས་ཆུང་དུས་ནས་རྩོམ་རིག་དང་གློག་བརྙན་སོགས་སྒྱུ་རྩལ་དང་འབྲེལ་བའི་ལས་རིགས་ལ་དོ་སྣང་ཆེ་ཞིང་། སྐབས་ཤིག་ལ་ཁོ་རང་ཕ་ཡུལ་དུ་གཞི་རིམ་འགྲིམས་དུས། ས་གནས་སྲིད་གཞུང་གི་བཀོད་སྒྲིག་འོག་ཅར་ལི་ཆེབ་ལིན་གྱི་དགོད་བྲོའི་གློག་བརྙན་ཞིག་བལྟ་རྒྱུའི་གོ་སྐབས་བྱུང་བ་དེ་ཡིས་རྗེས་སོར་ཁོང་ལ་སོ་སོའི་བསམ་བློ་མཚོན་པའི་གཏམ་རྒྱུད་བཤད་རྒྱུ་དང་། སྒྱུ་རྩལ་གྱི་ལམ་བུ་དེའི་ཐོག་མུ་མཐུད་བསྐྱོད་རྒྱུར་བག་ཆགས་ཟབ་མོ་ཞིག་བཞག་ཐུབ་པ་བྱུང་ཡོད།
སྤྱི་ལོ་ ༡༩༩༠ ལོའི་འགོ་སྟོད་ཙམ་ནས་ཁོང་གིས་ཐོག་མར་བོད་ཡིག་དང་དེ་ནས་རྒྱ་ཡིག་ཐོག་སྒྲུང་ཐུང་སོགས་བྲིས་ཏེ་རྩོམ་པ་པོ་ཞིག་གི་ལམ་བུའི་སྟེང་གོམ་པ་ཐོག་མ་སྤོས་ཤིང་། རྗེས་སོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་སྐབས། << མི་དང་ཁྱི >> ཞེས་པའི་སྒྲུང་རྩོམ་ཞིག་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་དང་། སྤྱི་ལོ་ ༡༩༩༤ ལོར་མཚོ་སྔོན་མང་ཚོགས་སྒྱུ་རྩལ་དུས་དེབ་སྟེང་དུ་<< བརྩམས་སྒྲུང་ཞིག་དང་དེའི་མཇུག་བསྡུ་ཚུལ་གཉིས >> ཞེས་པའི་སྒྲུང་ཐུང་གཅིག་དང་། ལྷག་པར་དུ། ལོ་གཉིས་རྗེས་ཡང་བསྐྱར་<< ཁ་བ་མེད་པའི་དགུན་ཁ >>ཟེར་བའི་བརྩམས་སྒྲུང་ཞིག་དུས་དེབ་དེའི་རྩོམ་སྒྲིག་པ་རང་སྒྲའི་རོགས་དན་འོག་འདོན་སྤེལ་བྱེད་ཐུབ་པ་བྱུང་ཡོད།
ཁོང་ཉིད་རྩོམ་རིག་སྒྱུ་རྩལ་གྱི་ལམ་བུ་དེར་མུ་མཐུད་རྡོག་ཐོན་གྱིས་སྒྲུང་རྩོམ་གཙོ་བོར་བྱས་པའི་བརྩམས་ཆོས་མང་པོ་ཞིག་བརྩམས་ཡོད་པ་དང་། དེའི་གྲས་ནས་སྒྲུང་ཐུང་ཕལ་ཆེ་བ་ཞིག་ལ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་འབྲི་སྲོལ་སྤྱད་ཡོད། ང་ཚོས་དོ་སྣང་བྱེད་འོས་པའི་ཁོང་གི་བརྩམས་ཆོས་སྐོར་ཞིག་ནི། << གངས་ >> དང་ << ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ >> << ཨ་ཁུ་ཐོད་པ་ལ་བཅར་འདྲིར་ཕྱིན་པ >> << རྩྭ་ཐང >> << གྲོང་ཁྱེར་གྱི་འཚོ་བ >> << སེམས་ནད >> << སློང་མོ་བ >> << སྐེ་དཀྲིས་དམར་པོ >> << ཨོ་རྒྱན་གྱི་སོ >> << ཐར་ལོ >> སོགས་ཡིན་ཞིང་། རྗེས་ལ་ཁོང་གིས་བྲིས་པའི་བརྩམས་སྒྲུང་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡུས་པའི་དེབ་གསུམ་ཐོན་ཡོད། དེ་དག་ལས་ << བསླུ་བྲིད >> ཅེས་པ་སྤྱི་ལོ་ ༢༠༠༩ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་གི་ཁོངས་སུ་དཔར་སྐྲུན་དང་། ཁོང་གི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཀྱི་དེབ་ << གྲོང་ཁྱེར་གྱི་འཚོ་བ >> ཞེས་པ་ ༢༠༡༢ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་དང་། ༢༠༡༨ ལོར་ << པད་མ་ཚེ་བརྟན་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས >> ཞེས་པའི་དེབ་གཅིག་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད།
ཁོང་གི་སྒྲུང་ཐུང་གྲགས་ཆེ་བ་མང་པོ་ཞིག་དབྱིན་ཡིག་དང་རྒྱ་ཡིག ཧྥ་ཡིག་དང་འཇར་མན། སི་པན་དང་ཉི་ཧོང་སྐད། ཀོ་ར་ཡན་དང་ཅེག་སྐད་སོགས་ལ་བསྒྱུར་ཡོད་པ་དང་། དོ་སྣང་བྱེད་འོས་པ་ཞིག་ལ། ༢༠༡༨ ནས་བཟུང་སྟེ་ཁོང་གི་བརྩམས་སྒྲུང་རྣམས་ཕྱོགས་བསྒྲིགས་ཀྱིས་ << བསླུ་བྲིད བོད་ནང་གི་སྒྲུང་རྩོམ >> ཟེར་བའི་དབྱིན་འགྱུར་མའི་དེབ་ཅིག་པེཊི་ཤི་ཡ་ལྦེ་ད་ནི་ལགས་ (Patricia Schiaffini- Vedani) དང་མ་ཡི་ཀལ་མོན་ཧར་དྲ། (Michael Monhart) རྣམ་གཉིས་ནས་འདོན་སྤེལ་བྱེད་འགོ་བཙུགས་ཤིང་། ཁོང་གི་རྩོམ་ཡིག་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བལྟ་ཀློག་བྱེད་མཁན་གྱི་ཁོར་ཡུག་རྒྱ་ཆེ་རུ་ཕྱིན་ཡོད།
ཁོང་གིས་བྲིས་པའི་བརྩམས་སྒྲུང་ << བསླུ་བྲིད >> དང་ << གངས >> ད་དུང་ << ཨོ་རྒྱན་གྱི་སོ >> དང་ << གྲོང་ཁྱེར་གྱི་འཚོ་བ >> སོགས་ནི། བོད་ནང་དང་རྒྱ་ནག རྒྱལ་སྤྱིའི་ཁྱོན་ཡོངས་ནས་གདེངས་འཇོག་ཆེན་པོ་ཐོབ་པའི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་སྐོར་ཞིག་ཆགས་ཀྱི་ཡོད་པ་དང་། བརྩམས་སྒྲུང་དེ་དག་གིས་རིག་གཞུང་གཅིག་པ་ཡིན་མིན་ལ་མ་ལྟོས་པར་ཀློག་མཁན་ཚོར་བག་ཆགས་ཟབ་མོ་ཞིག་བཞག་ཐུབ་པ་བྱུང་ཡོད།
བོད་པ་ཞིག་གློག་བརྙན་བཟོ་སྐྲུན་གྱི་ལས་ལ་འཇུག་སྟངས།
སྤྱི་ལོ་ ༢༠༠༠ ལོར། པད་མ་ཚེ་བརྟན་ལགས་ཀྱིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་བོད་ཀྱི་རྩོམ་རིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱེད་བཞིན་པའི་སྐབས། རང་དང་སྡེ་ཁག་གཅིག་པའི་སློབ་གྲོགས་གངས་ཞུན་(གངས་བཞུགས་ཀྱང་ཟེར། ) དང་ཕན་ཚུན་ངོ་ཤེས་སུ་གྱུར་ཞིང་། རྗེས་སོར་ཁོང་(གངས་ཞུན་) མཐོ་སློབ་མཐར་ཕྱིན་ཏེ་ཟི་ལིང་དུ་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པར་བྱ་བའི་ལས་གནས་ཐོབ་ཡོད། སྐབས་དེ་དུས་པད་མ་ཚེ་བརྟན་གྱིས་གྲོགས་པོ་གངས་ཞུན་བརྒྱུད་ཀུན་ཕན་ཐེབས་རྩ་ཚོགས་པས་གློག་བརྙན་སྦྱང་རྒྱུར་སློབ་ཡོན་གྱི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཀྱི་ཡོད་པ་ཤེས་ཏེ། རྗེས་སོར་པད་མ་ཚེ་བརྟན་ལགས་ལ་མིང་གྲགས་ཆེ་བའི་པེ་ཅིང་གློག་བརྙན་སློབ་གླིང་དུ་ (Beijing Film Academy) གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་འབྲི་རྩོམ་གྱི་ཆེད་སྦྱོང་ཐོག་ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་ཐོབ་ཐུབ་པ་བྱུང་ཡོད། ཁོ་རང་ཐེངས་དང་པོར་གློག་བརྙན་བཟོ་སྐྲུན་གྱི་ལས་ལ་འཇུག་གི་ཡོད་པའི་ཆ་ནས། སློབ་ཡོན་དེ་ནི། ཁོའི་མི་ཚེའི་མདུན་ལམ་གྱི་དཀྱོག་མཚམས་གལ་ཆེན་ཞིག་ཆགས་ཀྱི་ཡོད་ལ། ཚོགས་པ་དེ་ཡིས་ཁོའི་གློག་བརྙན་བཟོ་སྐྲུན་གྱི་འགྲུལ་བཞུད་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་དེ་སྔ་ཁོང་གིས་ཀྱང་གསུངས་མྱོང་།
༢༠༠༤ ཡི་ལོ་མཇུག་ཙམ་ལ། གངས་ཞུན་དང་མི་གཞན་སྐོར་ཞིག་གིས་མཉམ་འབྲེལ་སྒོས་ ‘ཧི་མ་ལ་ཡ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི་’ཞེས་པ་ཞིག་ཐོག་མར་གསར་འཛུགས་དང་། ཚོགས་པ་འདི་དང་རྗེས་སུ་ ‘མ་ཎི་རྡོ་འབུམ་གློག་བརྙན་ལས་ཁུངས་’ གཉིས་བརྒྱུད་ནས་པད་མ་ཚེ་བརྟན་གྱི་གློག་བརྙན་མང་དག་ཅིག་དང་ད་ལྟ་ཚང་མས་དོ་སྣང་བྱེད་ཡུལ་དུ་གྱུར་པའི་ཁོང་གི་གློག་བརྙན་<< ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ >> དང་ << ཁྱི་རྒན >> << ཐར་ལོ >> << ལག་དམར[1] >> སོགས་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་ཡོད་པས། པད་མ་ཚེ་བརྟན་དང་ཚོགས་པ་དེ་ཡི་ཐུན་མོང་གི་མཉམ་འབྲེལ་ལ་བརྟེན་ནས་ཁོང་གི་གློག་བརྙན་བཟོ་སྐྲུན་གྱི་བྱ་གཞག་ལ་རྒྱ་ཁྱབ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཐུབ་པ་བྱུང་ཡོད།
༢༠༠༤ ལོར། པད་མ་ཚེ་བརྟན་ལགས་ཀྱིས་མཐོ་སློབ་ཀྱི་གློག་བརྙན་དུས་སྟོན་ཆེད་དུ་བཟོས་པའི་གློག་བརྙན་ << རྩྭ་ཐང >> ཞེས་པ་ནི་ཁོང་གི་གློག་བརྙན་ཐོག་མ་དེ་ཆགས་ཀྱི་ཡོད། སྐར་མ་སུམ་ཅུ་ཅན་གྱི་གློག་བརྙན་ཐུང་གྲས་དེ་ནི་དེ་སྔ་ཁོང་གིས་བྲིས་པའི་བརྩམས་སྒྲུང་ཞིག་ལ་གཞི་བཅོལ་ཞིང་དེའི་ཁ་བྱང་ཡང་གློག་བརྙན་དང་གཅིག་མཚུངས་ཡིན། གློག་བརྙན་དེའི་ནང་འབྲོག་པ་རྒན་རྒོན་གཉིས་ཀྱིས་ཚེ་ཐར་བཏང་བའི་གཡག་བོར་བརླག་ཏུ་སོང་རྐྱེན། ཁོང་གཉིས་ཀྱིས་དེ་རྩད་འཚོལ་དང་འབྲེལ་བའི་གཏམ་རྒྱུད་ཅིག་གློག་བརྙན་གྱི་བརྗོད་སྙིང་གཙོ་བོ་རུ་བཟུང་ཡོད།
ཡང་ ༢༠༠༥ ལོར། ཁོང་གིས་འབྲི་རྩོམ་དང་ཕབ་སྐྲུན་བྱས་པའི་གློག་བརྙན་ << ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ >> ཞེས་པ་ནི་པད་མ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་( Feature Film ) ཐོག་མ་དེ་ཡིན་ཞིང་། གློག་བརྙན་དེ་ཡང་ཁོང་གིས་སྔོན་མ་བྲིས་ཟིན་པའི་བརྩམས་སྒྲུང་ཞིག་ལས་བཅོས་སྒྲིག་བྱས་པ་ཞིག་ཡིན། གློག་བརྙན་དེའི་ནང་རང་ལོ་བཅུ་ལ་སོན་པའི་བན་ཆུང་ཞིག་ལོ་གསར་གཏོང་ཆེད་དགོན་པ་ནས་ཕྱིར་རང་གི་ཕ་ཡུལ་ལ་ལོག་པའི་གཏམ་རྒྱུད་ཅིག་བརྗོད་ཡོད་དེ། ས་ཐག་རིང་པོ་ཞིག་ནས་རྟའི་ཐོག་འགྲུལ་བཞུད་བྱས་ཚར་བའི་རྗེས་སུ་ཁོ་རང་གཞི་ནས་རང་གི་ཕ་ཡུལ་དུ་འབྱོར་ཞིང་། དེར་རང་ཁྱིམ་ལ་གསར་དུ་ཉོས་པའི་བརྙན་འཕྲིན་དང་དེའི་ནང་གི་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་གཉིས་ཀྱིས་ཁོ་རང་གི་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་ངང་ཚུལ། ད་དུང་། ཡུལ་མི་ཚོས་ལོ་གཅིག་གི་བྱེད་སྒོའི་ཚུལ་དུ་སྤེལ་བཞིན་པའི་ཨ་ཅེ་ལྷ་མོའི་འཁྲབ་སྟོན་གྱི་རྣམ་པ་སོགས་མདོ་དོན་བོད་པ་རང་གི་འཁྲབ་གཞུང་རྩོམ་སྒྲིག་དང་འཁྲབ་སྟོན་པ་ཚང་མ་བོད་རིགས་ཡིན་པའི་(གློག་བརྙན་འདིའི་ནང་གི་མི་སྣ་མང་པོ་ཞིག་གློག་བརྙན་འཁྲབ་སྟོན་གྱི་ཆེད་སྦྱོང་དང་ཉམས་མྱོང་མེད་པའི་བོད་རིགས་ཤ་སྟག་ཡིན།) པད་མ་ཚེ་བརྟན་གྱི་གློག་བརྙན་འདི་ཡིས་རྒྱ་ནག་གི་ཤུགས་རྐྱེན་འོག་འཕོ་འགྱུར་འགྲོ་བཞིན་པའི་སྲོལ་རྒྱུན་དང་དེང་རབས་གཉིས་དབར་གྱི་སྣོལ་མཚམས་ཤིག་གསལ་སྟོན་བྱས་ཡོད། གློག་བརྙན་འདི་ནི་བོད་ནང་ནས་ཕྱི་ཕྱོགས་སུ་ཁྱབ་བརྡལ་ཕྱིན་པའི་གློག་བརྙན་ཐོག་མའི་གྲས་ཡིན་པས། གློག་བརྙན་དེ་ཡི་སྙན་གྲགས་དང་གྲུབ་འབྲས་ལ་བརྟེན་ནས་པད་མ་ཚེ་བརྟན་ཞེས་པའི་མིང་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཐོག་མར་ངོ་འཕྲོད་པ་བྱུང་ཡོད།
༢༠༠༥ དང་ ༢༠༠༦ གི་ལོར་ཁོང་གི་གཏམ་རྒྱུད་གློག་བརྙན་ << ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ >> དེ་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་མང་པོའི་བྱ་དགའི་འོས་གཞིའི་ནང་འདེམས་སྒྲུག་དང་ཕུལ་བྱུང་བྱ་དགའ་ཐེངས་མང་ཐོབ་ཡོད་པ་དཔེར་ན། རྒྱ་ནག་ནང་ཨ་རིའི་ཨོསྐིར་བྱ་དགའ་དང་གཅིག་མཚུངས་ལྟར་རྩི་བཞིན་པའི་གསེར་བྱ་རྟགས་ཅན་གྱི་གློག་བརྙན་གཟེངས་རྟགས་སྐབས་ཉི་ཤུ་རྩ་ལྔ་པར་( Twenty-Fifth Golden Rooster Awards ) པད་མ་ཚེ་བརྟན་ལ་ གློག་བརྙན་འཁྲབ་ཁྲིད་པ་ཐོག་མའི་ཕུལ་བྱུང་བྱ་དགའ་དང་། ལྷོ་ཀོ་རི་ཡའི་སྦུ་སན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བཅུ་བའི་ (Busan International Film Festival ) ཕུལ་བྱུང་གློག་བརྙན་བྱ་དགའ། (New Current Award)[2] ཁྲང་ཁྲུན་གློག་བརྙན་དུས་སྟོན་སྐབས་བརྒྱད་པའི་འཁྲབ་ཁྲིད་པ་ཕུལ་བྱུང་གི་བྱ་དགའ་དང་པེ་ཅིང་སློབ་ཆེན་སློབ་མའི་གློག་བརྙན་དུས་སྟོན་སྐབས་བཅུ་གསུམ་པའི་གློག་བརྙན་ཡག་ཤོས་ཐོག་མའི་བྱ་དགའ་སོགས་ཐོབ་ཡོད།
པད་མ་ཚེ་བརྟན་ལགས་པེ་ཅིང་གློག་བརྙན་སློབ་གླིང་དུ་འཁྲབ་གཞུང་རྩོམ་སྒྲིག་དང་འཁྲབ་ཁྲིད་པའི་ཆེད་སྦྱོང་གནང་ཚར་རྗེས་སློབ་གླིང་དེ་ག་རང་དུ་ལོ་གཅིག་རིང་སློབ་སྦྱོང་འཕར་མ་བྱས་པ་དང་། དེའི་རྗེས་ ༢༠༠༩ ལོར་ཁོང་གི་གློག་བརྙན་ << འཚོལ >> ཞེས་པ་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་བསྟར་ཡོད། གློག་བརྙན་དེའི་ནང་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་གཞི་ལ་བཅོལ་བའི་གློག་བརྙན་ཞིག་བཟོ་འཆར་དང་འབྲེལ་ནས་འཁྲབ་སྟོན་པ་འཚོལ་བསྡུ་སླད། ཨ་མདོའི་ས་ཁུལ་མང་པོར་ལྟ་སྐོར་བྱེད་བཞིན་པའི་གློག་བརྙན་འཁྲབ་ཁྲིད་པ་དང་ཁོང་གི་ཕྱག་རོགས། ཚོང་པ་གསུམ་གྱི་སྐབས་དེའི་མཐོང་ཐོས་མྱོང་ཚོར་རྣམས་གསལ་སྟོན་བྱས་ཡོད་པས། གློག་བརྙན་དེ་བེང་ཀོག་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བདུན་པ་ ( Bangkok International Film Festival ) དང་། ལྦར་སོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་( Warsaw International Film Festival ) ཐེངས་ཉི་ཤུ་རྩ་ལྔ་པ། ལོན་ཀྲོན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ ( London International Film Festival )ཐེངས་ལྔ་བཅུ་ང་གསུམ་པ་སོགས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོ་ཞིག་གི་བྱ་དགའི་འོས་མིང་ནང་ཚུད་ཐུབ་པ་བྱུང་ཡོད།
པད་མ་ཚེ་བརྟན་ལ་བོད་རང་གི་ངག་རྒྱུན་རྩོམ་རིག་དང་ཡུལ་སྲོལ་རིག་གནས་སོགས་ཀྱིས་བག་ཆགས་ཟབ་མོ་བཞག་ཡོད་ཙང་། ཁོང་གིས་བཟོས་པའི་གློག་བརྙན་དེ་ཚོར་བོད་མིའི་མངོན་རྟགས་ཆེས་འབུར་དུ་ཐོན་ཡོད། དཔེར་ན། གློག་བརྙན་<< ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ >> དང་ << འཚོལ >> ལྟ་བུར་མཚོན་ན། གློག་བརྙན་འདི་གཉིས་ཀྱི་རྒྱུ་ཆ་མང་པོ་ཞིག་ཁོང་རང་ཉིད་ནར་སོན་པའི་དུས་སྐབས་ནས་ཐོས་མྱོང་ཡོད་པའི་གེ་སར་གྱི་སྒྲུང་དང་ལྷ་མོའི་ཟློས་གར། ནང་ཆོས་དང་འབྲེལ་བའི་སྒྲུང་དང་བོད་མི་རང་གི་དམངས་ཁྲོད་སྒྲུང་གཏམ་གྲགས་ཅན་མི་རོ་རྩེ་སྒྲུང་སོགས་དང་འབྲེལ་ནས་ཡོད་པས། གནས་སྟངས་དེ་ཚོས་ཁོང་གི་བསམ་བློ་གཏོང་ཕྱོགས་ལ་ཤུགས་རྐྱེན་ཟབ་མོ་ཞིག་བཞག་ཡོད་ཅིང་། གོང་བརྗོད་གློག་བརྙན་དེ་གཉིས་ཀྱི་བརྗོད་དོན་མང་པོ་ཞིག་ཀྱང་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས་བླངས་ཡོད། << འཚོལ >> ལྟ་བུར་མཚོན་ན། གློག་བརྙན་དེ་བཟོ་རྒྱུའི་ཐོག་མའི་བསམ་བློ་ནི་ལོ་མང་སྔོན་ཁོང་ལ་ཐུག་པའི་ཚོང་པ་ཞིག་གིས་བཤད་པའི་བརྩེ་དུངས་ཀྱི་གཏམ་རྒྱུད་ཅིག་ལས་བྱུང་བ་ཡིན་ཞིང་། རྗེས་སོར་མི་དེ་ག་རང་ཁོང་གིས་<< འཚོལ >> གློག་བརྙན་གྱི་འཁྲབ་སྟོན་པའི་མི་སྣར་འདེམས་སྒྲུག་བྱས་ཡོད། << འཚོལ >> ཞེས་པའི་གློག་བརྙན་དེ་བཟོས་པའི་བརྒྱུད་རིམ་ཁྲོད་པད་མ་ཚེ་བརྟན་དང་ལས་རོགས་ཚོར་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དང་འདྲ་བར་རང་གི་ཆུང་མ་བློས་གཏོང་ཕོད་པའི་སྡེ་བའི་རྒན་པོ་ཞིག་དངོས་སུ་ཐུག་ཡོད་པ་རེད།
གོང་བརྗོད་གློག་བརྙན་དེ་གཉིས་ཆར་བལྟས་ན། པད་མ་ཚེ་བརྟན་གྱི་བརྙན་རིས་མཚོན་ཐབས་ཐད་ལ་བོད་ཀྱི་སྲོལ་རྒྱུན་ཐང་ཀའི་རི་མོའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ཅིང་ཁོང་ལ་བཅར་འདྲི་དང་ཕན་ཚུན་གླེང་མོལ་བྱས་པ་དེ་དག་གི་ནང་ལའང་པད་མ་ཚེ་བརྟན་གྱིས་གསོན་ཉམས་དོད་པའི་ཐང་ཀའི་རི་མོའི་སྣང་བརྙན་དེ་ཚོའི་སྐོར་ཐེངས་མང་གསུངས་མྱོང་། དམིགས་བསལ་ཐང་ཀའི་རས་གཞི་གཅིག་གི་ནང་དུ་སྟོན་པའི་མཛད་རྣམ་ཆ་ཚང་བརྗོད་ཐུབ་པའི་སྒྱུ་རྩལ་གྱི་མཚོན་ཐབས་སམ་ཐབས་ལམ་དེར། ཁོ་རང་ལ་བློ་སྐྱེད་ཆེན་པོ་ཐོབ་ནས་རྗེས་སོར་ཁོང་གིས་བཟོས་པའི་གློག་བརྙན་དེ་ཚོར། བརྙན་མིག་དང་འཁྲབ་སྟོན་པའི་མི་སྣ། དེའི་འཚོ་སའི་ཁོར་ཡུག་གསུམ་གྱི་དབར་ལ་བར་ཐག་ངེས་ཅན་ཞིག་བཞག་པའི་ཐོག་ནས་བརྙན་ལེན་གྱི་རྒྱང་ཚད་རིང་པོར་སྤྱོད་པའི་རིག་ལམ་དེ་སྤྱད་ཡོད་ཅིང་། བརྙན་རིས་ཀྱི་མཚོན་ཐབས་དེ་ལ་བརྟེན་ནས་ཁོང་གིས་འཁྲབ་སྟོན་པའི་མི་སྣའི་བཞིན་གྱི་རྣམ་འགྱུར་དང་བྱ་སྤྱོད་སོགས་ལས་འདས་ཏེ། དེའི་འཚོ་སའི་ཁོར་ཡུག་གི་རྣམ་པ་འབུར་དུ་ཐོན་པའི་བོད་ཀྱི་དེང་རབས་སྤྱི་ཚོགས་ཀྱི་སྣང་བརྙན་གསར་བ་ཞིག་བཞེངས་སྐྲུན་བྱས་ཡོད། ཁོར་ཡུག་གི་བཀོད་པ་ཆ་ཚང་ལེན་པའི་བརྙན་སྒྲོམ་ཞིག་གི་ནང་ཇེ་ཆུང་དུ་ཕྱིན་པའི་མི་སྣའི་སྣང་བརྙན་ཚང་མ་ཚུད་ཐུབ་པའི་རྒྱང་ཐག་རིང་བོའི་བརྙན་ལེན་སྟངས་དེ་ཡིས། མ་གཞི་ནས་ང་ཚོའི་སེམས་ནང་བོད་ཀྱི་སྲོལ་རྒྱུན་མཛེས་དཔྱོད་ཀྱིས་སྤུད་པའི་ཐང་ཀའི་རི་མོའི་སྣང་བརྙན་ཞིག་རང་བཞིན་གྱིས་ཤར་དུ་བཅུག་ཡོད།
པད་མ་ཚེ་བརྟན་གྱིས་གློག་བརྙན་ཐོག་མ་བཟོ་དུས་ནས་གཞི་རྩའི་གནད་དོན་མང་པོ་ཞིག་ལ་མནོ་བསམ་བཞེས་ཡོད་ལ། རྗེས་སོར་ཐབས་ལམ་དེ་དག་ཁོང་གི་གློག་བརྙན་བཟོ་སྐྲུན་གྱི་གྲུབ་ཆའམ་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁོང་གིས་གློག་བརྙན་དེ་ཚོར་བོད་ཀྱི་དེང་རབས་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གསལ་སྟོན་བྱེད་ཀྱི་ཡོད་དུས། གློག་བརྙན་གྱི་བརྙན་མིག་གཏོད་ས་དང་འཁྲབ་སྟོན་པ་དག་བོད་པ་རང་གི་ཁོར་ཡུག་དང་མི་རྣམས་བདམས་གསེས་དང་། དམིགས་བསལ་ཁོང་གིས་གློག་བརྙན་ནང་འཁྲབ་སྟོན་པའི་ཆེད་སྦྱོང་སོགས་གང་ཡང་མ་ཐོབ་པའི་བོད་མི་མང་པོ་ཞིག་འདེམས་སྒྲུག་བྱས་ཡོད་པ་ནི། ཁོང་གི་བསམ་ཚུལ་ལྟར་ན། གློག་བརྙན་འཁྲབ་སྟོན་གྱི་ཆེད་སྦྱོང་སོགས་གང་ཡང་མ་ཐོབ་པའི་བོད་མི་དེ་ཚོའི་བསམ་བློའི་ཟབ་ཚད་དང་འཇིག་རྟེན་གྱི་ལྟ་ཚུལ། འཚོ་བའི་མྱོང་སྣང་དང་རིག་གནས་ཀྱི་བག་ཆགས་སོགས་ས་ཆ་གཞན་ཞིག་གི་ནང་འཚར་ལོངས་བྱུང་བའི་འཁྲབ་སྟོན་ཆེད་ལས་པ་ཞིག་གིས་བསྡུར་ཐབས་ཡེ་ནས་མེད་པར་དགོངས་ཀྱི་ཡོད་ལ། ཁོང་གིས་གློག་བརྙན་གྱི་བརྡ་ཆད་གཙོ་བོ་དེ་བོད་སྐད་རང་སྤྱོད་རྒྱུ་གཙོ་འདོན་བཟུང་ཡོད།
༢༠༡༡ ལོར་བཟོས་པའི་གློག་བརྙན་ << ཁྱི་རྒན >> ཞེས་པ་ནི། རྒྱ་ནག་ནང་བོད་ཀྱི་འདོགས་ཁྱི་ཉོ་ཚོང་དང་འབྲེལ་ནས་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་གསོག་ཐུབ་པའི་དུས་ཚོད་ཅིག་གློག་བརྙན་གྱི་རྒྱབ་ལྗོངས་སུ་བཞག་སྟེ། ཕ་བུ་གཉིས་ཀྱི་དུས་སྐབས་དེའི་གཏམ་རྒྱུད་བརྗོད་ཡོད་པ་དང་། གློག་བརྙན་དེ་ཡིས་རྒྱ་ནག་ཁྱོན་ཡོངས་ལ་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་པོ་འགྲོ་བཞིན་པའི་གནས་སྟངས་ཤིག་གི་འོག་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཕྱིའི་རིག་གནས་གཉིས་བར་གྱི་གདོང་ཐུག་དང་དེའི་རྐྱེན་པས། བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་རིག་གནས་རྣམས་ཉམས་རྒུད་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ཤིག་གསལ་སྟོན་བྱས་ཡོད།
གོང་དུ་གློག་བརྙན་དེའི་ནང་གླེང་བཞིན་པའི་ཕྱིའི་གནོན་ཤུགས་དེ་ག་རང་གིས་ཁོང་གི་གློག་བརྙན་ཕབ་སྐྲུན་གྱི་ལས་གཞི་ལ་དོ་ཕོག་ཤུགས་ཆེན་བཟོས་ཡོད་པ་ནི། རྒྱ་ནག་གཞུང་ནས་གློག་བརྙན་ཕབ་སྐྲུན་གྱི་ཆོག་མཆན་ཕར་འགྱངས་དང་། གློག་བརྙན་དེའི་ཆེད་དུ་བདམས་པའི་ཁྱི་རྒན་ཤི་བ། ས་གནས་སྲིད་གཞུང་ནས་ལམ་ཁ་བསྐྱར་གསོ་བྱ་རྒྱུའི་ལས་དོན་ལ་ཁ་གཡར་ནས་བརྙན་ལེན་བྱ་སའི་ས་ཚིགས་ (ཁང་པ་) གཏོར་སྐྱོན་ཐེབས་པ་སོགས་ཁོང་ལ་དཀའ་ངལ་མང་པོ་ཞིག་ཕྲད་ཡོད། རྗེས་སོར་གོང་རིམ་ནས་གློག་བརྙན་ཕབ་སྐྲུན་བྱ་རྒྱུར་ཆོག་མཆན་ཐོབ་དུས། པད་མ་ཚེ་བརྟན་གྱིས་བརྙན་ལེན་ས་ཚིགས་དང་ཁྱི་རྒན་གསར་པ་ཞིག་འཚོལ་དགོས་བྱུང་ཡོད་ལ། དམིགས་བསལ་གློག་བརྙན་( ཁྱི་རྒན་ ) དེའི་ཆེད་དུ་ཁོང་གིས་དེ་སྔོན་རིག་གནས་གསར་བརྗེ་ཡི་ལས་འགུལ་སྤེལ་ས་དང་ད་ལྟ་བསྐྱར་སྐྲུན་གྱི་བྲེལ་ཟིང་ཁྲོད་ཡོད་པའི་གྲོང་སྡེ་ཆུང་ཆུང་ཞིག་[3]བདམས་ཡོད་པས། ས་ཆ་དེའི་འཛུགས་སྐྲུན་གྱི་སྐད་ཅོར་དང་ཟང་ཟིང་གི་རྣམ་པ་དེ་ག་རང་གིས། གློག་བརྙན་ལྟ་མཁན་ཚོར་གྲོང་སྡེ་ཆུང་ཆུང་དེར་འཕོ་འགྱུར་ཤུགས་ཆེན་པོ་འགྲོ་བཞིན་པ་རང་བཞིན་གྱིས་ཚོར་ཐུབ། དེ་ག་ནང་བཞིན་གློག་བརྙན་ << ཁྱི་རྒན >> གྱི་མཐའ་མའི་མཇུག་བསྡུ་སྟངས་མ་འདྲ་བ་གཉིས་ཡོད་པ་ནི། རྒྱལ་སྤྱིར་འགྲེམས་སྤེལ་བྱས་པའི་པར་གཞིའི་ནང་ཁྱི་རྒན་གྱི་བདག་པོ་ཕ་རྒན་དེ་ཡིས་རང་གི་སྒོ་ཁྱི་རྐུན་མས་འཁྱེར་དོགས་དང་ཁྱི་ཚོང་རྒྱག་མཁན་ཚོའི་ལག་ཏུ་མི་ཤོར་ཆེད། མཐའ་མར་ཁྱི་རྒན་བསད་པའི་རྣམ་པ་དེ་གསལ་པོར་བསྟན་ཡོད་ཅིང་། རྒྱ་ནག་ནང་འགྲེམས་སྤེལ་བྱས་པའི་གློག་བརྙན་དེའི་ནང་རྒྱ་གཞུང་གི་བཀོད་མངགས་གཞིར་བཟུང་། རྒད་པོས་ཁྱི་རྒན་མ་གསད་པའི་རྣམ་པ་ཞིག་བསྟན་ཡོད། << ཁྱི་རྒན >> འགྲེམས་སྤེལ་བྱས་རྗེས། གློག་བརྙན་གཟེངས་བསྟོད་ཀྱི་བྱ་དགའ་ཐེངས་མང་ཐོབ་ཡོད་དེ། ཀྲོག་ཡོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(Tokyo Future International Film Festival ) སྐབས་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་དང་། བུ་རུག་ལིན་གློག་བརྙན་དུས་སྟོན་ལ་ (Brooklyn Film Festival ) ཡུལ་ལུང་སོ་སོའི་སྐད་ནང་ཡོད་པའི་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།
༢༠༡༥ ལོར་ཁོང་གིས་གློག་བརྙན་ << ཐར་ལོ >> ཞེས་པ་ཞིག་བཟོས་ཡོད་པ་དང་། གློག་བརྙན་དེ་ནི་ ༢༠༡༣ ལོར་ཁོང་གིས་མཚོ་སྔོན་མང་ཚོགས་སྒྱུ་རྩལ་སྟེང་སྤེལ་བའི་སྒྲུང་ཐུང་ཞིག་ལས་བཅོས་སྒྲིག་བྱས་ཤིང་། དཀར་ནག་གི་བརྙན་རིས་མཚོན་ཐབས་(སྐོར་ཞིག་གིས་སྐྱ་རིས་ཀྱི་མཚོན་ཐབས་ཞེས་བྲིས་འདུག ) སྤྱད་པའི་གློག་བརྙན་དེའི་ནང་། རྒྱ་གཞུང་གི་འཛིན་སྐྱོང་སྒྲིག་འཛུགས་དང་སོ་སོའི་རིག་གནས་ཀྱི་བག་ཆགས་གཉིས་ཀྱི་བར་ལ་ལྷུང་བའི་ལུག་རྫི་ཞིག་གི་ངེས་གཏན་མེད་པའི་གཏམ་རྒྱུད་ཅིག་བརྗོད་ཡོད། གློག་བརྙན་དེའི་མི་སྣ་གཙོ་བོ་ལུག་རྫི་ཐར་ལོ་ནི། གྲོང་ཁྱེར་གྱི་འདུ་འཛི་དབེན་པའི་ཆེས་ཐག་རིང་བའི་འབྲོག་ས་ཞིག་ཏུ་རང་རང་གི་ལུག་འཚོ་བཞིན་འཕྲུལ་རྟ་ཡར་མར་བསྐོར་ནས་སྤྱིར་བཏང་གི་འཚོ་བ་རོལ་མཁན་ཞིག་ཡིན་ནའང་། རྗེས་སོར་ཁོ་རང་ཐོབ་ཐང་ལག་འཁྱེར་བཟོ་ཆེད་གྲོང་ཁྱེར་དུ་རྡོག་ཐོན་བྱེད་དགོས་པའི་གནས་སྟངས་དེའི་དབང་གིས་ཐར་ལོའི་སྐྱིད་སྣང་དོད་པའི་འབྲོག་པའི་འཚོ་བར་འགྱུར་བ་ཐེབས་འགོ་བརྩམས། ཁོ་རང་གྲོང་ཁྱེར་ལ་སླེབས་པའི་བརྒྱུད་རིམ་དེའི་ཁྲོད་མ་བསམ་ས་ནས་སྐྲ་བཞར་བུ་མོ་གཡང་མཚོ་ཐུག་ཅིང་། ཁོ་གཉིས་ཀྱི་ཐུག་འཕྲད་དེ་དབང་གིས་ཐར་ལོའི་མི་ཚེ་ལ་གནམ་ས་བླ་འོག་གི་འགྱུར་བ་ཐེབས་ཡོད།
གློག་བརྙན་དེ། བོད་ནང་གི་གཞས་མ་སྐད་གྲགས་ཅན་གཡང་ཕྱུག་མཚོ་དང་། བོད་ཀྱི་དགོད་བྲོའི་གཏམ་བཤད་པ་དང་སྙན་ངག་པ་ཞི་བདེ་ཉི་མ་གཉིས་ཀྱིས་གཙོ་འཁྲབ་དང་གཞས་མ་གཡང་ཕྱུག་མཚོ་ལྟ་བུར་མཚོན་ན། ཁོ་མོས་དེ་སྔོན་པད་མ་ཚེ་བརྟན་གྱི་གློག་བརྙན་<< ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ >> ནང་འཁྲབ་སྟོན་པའི་ཆ་ཤས་ཆུང་ངུ་ཞིག་ལེན་ཐུབ་པ་བྱུང་ཡོད། ༢༠༡༥ ལོར། པད་མ་ཚེ་བརྟན་ལགས་ཀྱིས་གློག་བརྙན་ཐར་ལོའི་བུད་མེད་གཙོ་འཁྲབ་པའི་མི་སྣ་འཚོལ་སྡུད་བྱེད་བཞིན་པའི་སྒང་ལ་ཡིན་དུས། པེ་ཅིང་དུ་ཁོང་དང་གཡང་ཕྱུག་མཚོ་གཉིས་ཕན་ཚུན་ཐུག་འཕྲད་བྱུང་ཡོད། སྐབས་དེར་ཁོང་གིས་གློག་བརྙན་དེའི་ཆེད་དུ་གཡང་ཕྱུག་མཚོའི་ད་ལྟའི་གཟུགས་པོ་སྐམ་དྲགས་ཡོད་པའི་བསམ་ཚུལ་ཐད་ཀར་བརྗོད་ཡོད་པ་དང་། ཁོ་མོས་ཀྱང་གནད་དོན་དེ་ཚོར་བསམ་ཤེས་ཀྱིས་ཐར་ལོའི་འཁྲབ་གཞུང་ལ་ཐེངས་གཅིག་བལྟ་རྒྱུའི་རེ་སྐུལ་ཞུས་ཡོད། རྗེས་སོར་ཁོང་གཉིས་ཡང་བསྐྱར་གནམ་ཐང་དུ་ཐུག་འཕྲད་བྱུང་ནས་སྟེས་དབང་གིས་གནམ་གྲུའི་འདུག་གྲལ་ཡང་གཅིག་པ་འཁེལ་བས། ཁོང་གཉིས་ཀྱིས་ཆུ་ཚོད་གཉིས་རིང་གློག་བརྙན་ཐར་ལོའི་བུད་མེད་གཙོ་འཁྲབ་པའི་སྣང་བརྙན་དང་འབྲེལ་བའི་སྐོར་གྲོས་བསྡུར་བྱས་ཡོད་པ་དང་། གཡང་ཕྱུག་མཚོས་གློག་བརྙན་ཐར་ལོའི་བུད་མེད་གཙོ་འཁྲབ་པའི་མི་སྣར་ཞུགས་འདོད་ཀྱིས་རྗེས་སོར་ཁོ་མོས་གཟུགས་པོའི་ལྗི་ཚད་ཇེ་ཆེར་གཏང་རྒྱུའི་ཆོད་སེམས་དང་འབྲེལ་ནས། ཁོང་ལ་བོད་མོ་འཁྲབ་སྟོན་པ་གཞན་གཉིས་ཀྱང་མཚམས་སྦྱོར་ཞུས་ཡོད། ཁོང་གཉིས་ཐུག་འཕྲད་བྱས་ཚར་བའི་ཉིན་འགའ་ཞིག་གི་རྗེས། པད་མ་ཚེ་བརྟན་ལགས་ནས་གློག་བརྙན་ཐར་ལོའི་བུད་མེད་གཙོ་འཁྲབ་པའི་སྔོན་འགྲོའི་འོས་མིའི་ནང་གཡང་ཕྱུག་མཚོ་འབོད་འགུག་གིས་མཐར་ཐར་ལོའི་བུད་མེད་གཙོ་འཁྲབ་པའི་ཆ་ཤས་དེ་ཁོ་མོར་ཕུལ་ཡོད།
གློག་བརྙན་དེ་རྒྱལ་ཕྱི་ནང་གཉིས་ཆར་འགྲེམས་སྤེལ་བྱས་པ་ནས་བཟུང་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་མང་པོའི་བྱ་དགའི་འོས་གཞིའི་ནང་འདེམས་སྒྲུག་དང་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཡང་འགའ་ཞིག་ཐོབ་ཡོད་པ་ནི། ཨེ་ཤ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ཉི་ཤུ་རྩ་གཉིས་པའི་ ( Twenty-second Visual Asia International Film Festival ) སྟེང་ནས་ཡུལ་ལུང་སོ་སོའི་སྐད་ཀྱི་གློག་བརྙན་བྱ་དགའ་ ( Paris Oriental Language Award ) དང་ཀྲོག་ཡོ་ཕི་ལིམ་མེག་སི་(Tokyo Filmex) ཞེས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་དྲུག་པར་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ། སྐབས་ང་གཉིས་པའི་ཐེ་ལྦན་གསེར་གྱི་གྱི་ལིང་རྟགས་མའི་གློག་བརྙན་དུས་སྟོན་ལ་འཁྲབ་གཞུང་བཅོས་སྒྲིག་(Adapted Screenplay) རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད།
སོ་སོ་བོད་པ་ཞིག་དང་དམིགས་བསལ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་བ་ཞིག་ཆགས་ཀྱི་ཡོད་སྟབས། པད་མ་ཚེ་བརྟན་གྱི་གློག་བརྙན་ལ་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་བྱེད་མཁན་ཇེ་ཆེར་འགྲོ་གི་ཡོད་པ་དང་བསྟུན་ནས། ཁོང་ལ་རྒྱ་གཞུང་དབང་འཛིན་པའི་ཕྱོགས་ནས་དཀའ་ངལ་ཅི་རིགས་འཕྲད་རྒྱུ་ཡིན་པ་ནི་ལྡོག་ཐབས་མེད་དེ། སྤྱི་ལོ་ ༢༠༡༦ ལོའི་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་པད་མ་ཚེ་བརྟན་ལགས་པེ་ཅིང་ནས་ཟི་ལིང་ལ་འགྲུལ་བཞུད་བྱས་ཚར་རྗེས། ཟི་ལིང་གནམ་ཐང་གི་ཕྱིར་ཐོན་ཚོགས་ཁང་ནང་དུ་ལུས་པའི་རང་གི་ཅ་ལག་ལེན་པར་ཡང་བསྐྱར་འགྲོ་དུས། གནམ་ཐང་གི་འབྲེལ་ཡོད་ཉེན་རྟོག་པས་ ‘ སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུགས་པའི་’ ཉེས་མིང་འོག་ཁོ་པ་འཛིན་བཟུང་གིས་སྐྲ་ནས་འཐེན་པ་དང་རྡུང་རྡེག་བྱས་པའི་རྨ་ཤུལ་ཡང་མཐོང་རྒྱུ་ཡོད་ལ། ཕྱི་ཚེས་ ༢༦ གི་དགོང་མོར་ཉེན་རྟོག་པས་ཚ་འདྲི་བྱས་པའི་བརྒྱུད་རིམ་ཁྲོད་པད་མ་ཚེ་བརྟན་ལགས་མགོ་ཡུ་འཁོར་བ་དང་བྲག་ཁོག་བསྡམས་པ། ལག་པའི་མཛུབ་མོ་རྣམས་སྦྲིད་པ་སོགས་ཀྱི་རྐྱེན་ལ་བརྟེན་ནས། ཕྱི་ཚེས་ ༢༧ གྱི་ཉིན་རྒྱབ་ཙམ་ལ་ཁོང་སྨན་ཁང་དུ་འཁྲིད་དགོས་བྱུང་ཡོད། གནམ་ཐང་གི་དོན་རྐྱེན་དེས་པད་མ་ཚེ་བརྟན་གྱི་མ་འོངས་མདུན་ལམ་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་ཁོང་གིས་དེ་སྔ་གྲོགས་པོ་ཚོར་གསུངས་མྱོང་ཡོད་པ་ནི། དཔེར་ན། གནས་ཚུལ་དེ་བྱུང་ཚར་བའི་རྗེས། དེ་སྔོན་ཧོང་ཀོང་མཐོ་སློབ་ཅིག་གིས་ཁོ་པར་དགེ་རྒན་ཆེན་མོའི་ས་མིག་ཅིག་མཁོ་འདོན་བྱས་ཡོད་པ་དེ་ཕྱིར་འཐེན་བྱས་ཡོད། འོན་ཀྱང་གནད་དོན་དེ་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་རྐྱེན་གྱིས་ཡིན་ནམ་ཡང་ན་མཐོ་སློབ་རང་གིས་གནས་ཚུལ་དེ་རྐྱེན་ལ་བརྟེན་ནས་ཕྱིར་འཐེན་བྱས་ཡོད་མེད་ཀྱི་ཁ་ཚོན་གཅོད་དཀའ་ནའང་། གང་ལྟར། རྗེས་སོར་པད་མ་ཚེ་བརྟན་གྱིས་གནད་དོན་དེ་དང་འབྲེལ་བའི་ཉེན་རྟོག་པ་ཚོས་ཁོང་ལ་མཚན་ཤས་བཟོས་པའི་ཉེས་མིང་འོག་ཁྲིམས་གཏུགས་བྱས་ཡོད་ཀྱང་། ཁྲིམས་ཁང་ནས་ཉེན་རྟོག་པ་ཚོས་ཁོང་ལ་དགོངས་སེལ་ཞུ་དགོས་པའི་ཁྲིམས་གཅོད་སོགས་གང་ཡང་བྱས་མེད། གནད་དོན་དེ་བྱུང་ཚར་བའི་རྗེས་འབྲེལ་ཡོད་དབང་འཛིན་པ་ཚོས། རྒན་ཡོལ་ཞུས་ཟིན་པའི་བོད་མི་ཉེན་རྟོག་པ་ཞིག་ཁོང་སར་བཏང་ནས་ཁྲིམས་གཏུགས་ཕྱིར་འཐེན་བྱེད་དགོས་པར་མངགས་ནའང་། པད་མ་ཚེ་བརྟན་ལགས་ནས་ཁྲིམས་གཏུགས་ཕྱིར་འཐེན་བྱས་མེད་ལ་གནད་དོན་དེ་ད་ལྟའང་ཐག་མ་བཅད་པར་ལྷག་ཡོད། གོང་གི་འབྱུང་རྐྱེན་དེ་ཚོ་དང་འབྲེལ་བའི་གནས་ཚུལ་ཆ་ཚང་ཞིག་རྗེས་སོར་ཁོང་གིས་ཐོ་འགོད་བྱས་ཡོད་ཅིང་ཟིན་བྲིས་དེ་ད་ལྟའང་ཕྱི་ལ་བཏོན་མེད།
༢༠༡༨ ལོར་པད་མ་ཚེ་བརྟན་ལགས་ཀྱིས་བཟོས་པའི་གློག་བརྙན་ << ལག་དམར >> ཞེས་པ་ནི་དབུས་ཁུལ་གྱི་སྒྲུང་གཏམ་པ་གྲགས་ཅན་ཚེ་རིང་ནོར་བུ་ཡི་སྒྲུང་ཐུང་<< ལག་དམར >> ཞེས་པ་ཞིག་དང་པད་མ་ཚེ་བརྟན་ཁོང་རང་གི་སྒྲུང་ཐུང་<< ལུག་གཅིག་བསད་པ >> ཞེས་པ་གཉིས་ལས་བཅོས་སྒྲིག་བྱས་ཡོད། གློག་བརྙན་དེའི་གཏམ་རྒྱུད་ཧྲིལ་པོ་དོས་སྐྱེལ་ཁ་ལོ་བ་སྦྱིན་པ་ཟེར་བ་ཞིག་ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ལུང་སྟོང་ཞིག་ཏུ་ཁེར་བགྲོད་བྱེད་བཞིན་པའི་བར་གླགས་དེར། གློ་བུར་དུ་མ་བསམ་ས་ནས་ཁོའི་རླངས་འཁོར་གྱིས་ལུག་གཅིག་བརྫིས་པའི་རྐྱེན་ངན་དེ་ལས་འགོ་བཙུགས་ཤིང་། ཅུང་མ་འགོར་བར་ཁ་ལོ་བ་སྦྱིན་པར་ཁོ་རང་དང་མིང་གཅིག་པ་ཡིན་པའི་ཁམས་པའི་ཕོ་གསར་ཞིག་ངོ་འཕྲད་བྱུང་ཡོད། སྦྱིན་པ་ཟེར་བའི་ཁམས་པའི་ཕོ་གསར་དེ་ནི། ལོ་ངོ་བཅུའི་གོང་རང་གི་ཕ་བསད་པའི་ལག་དམར་བར་ཤ་འཁོན་ལེན་ཆེད་ས་ཐག་རིང་པོ་ནས་སླེབས་ཡོད། གློག་བརྙན་འདིའི་ནང་ཁོང་གཉིས་ཀྱི་འགྲུལ་བཞུད་མི་འདྲ་ནའང་། མིང་གཅིག་པ་ཡིན་པའི་མི་དེ་གཉིས་ལ་ཐུན་མོང་གི་འབྲེལ་བ་ཞིག་ཡོད་པ་ཁ་ལོ་བ་སྦྱིན་པའི་སེམས་ནང་ཡང་ཡང་འཁོར་བས། ཁོས་ཆོད་སེམས་བརྟན་པོས་ཕ་བསད་པའི་ཤ་འཁོན་རྩོད་པར་འགྲོ་བཞིན་པའི་སྦྱིན་པ་གཞན་དེ་རྩད་འཚོལ་དང་འབྲེལ་བའི་གཏམ་རྒྱུད་ཅིག་གསལ་སྟོན་བྱས་ཡོད། གློག་བརྙན་དེའི་ནང་། པད་མ་ཚེ་བརྟན་གྱིས་ལྟད་མོ་བ་ཚོར་ཆོས་ལུགས་ཀྱི་འདུ་ཤེས་དང་། ཀུན་སྤྱོད། དངོས་ཡོད་གནས་སྟངས་སོགས་མང་པོ་ཞིག་ལ་བསྐྱར་ཞིབ་བྱེད་དགོས་པར་སྐུལ་མ་བཏང་ཡོད་པ་དང་། དམིགས་བསལ་ཁོང་གིས་གློག་བརྙན་དེའི་དངོས་ཡོད་དང་དྲན་པ། རྨི་ལམ་མཚོན་བྱེད་ཀྱི་བརྙན་རིས་ཚོན་མདོག་མ་འདྲ་བ་གསུམ་སྤྱད་ཡོད།
གློག་བརྙན་ << ལག་དམར >> ལྟ་བུར་མཚོན་ན། དེའི་འཁྲབ་སྟོན་པའི་མི་སྣ་གཙོ་བོ་གསུམ་པད་མ་ཚེ་བརྟན་གྱིས་བོད་ཁུལ་གྱི་ས་ཁུལ་འདྲ་མིན་ནས་འདེམས་སྒྲུག་བྱས་ཡོད། དཔེར་ན། བསོད་ནམས་དབང་མོ་ནི་ལྷ་ས་ནས་ཡིན་པ་དང་། སྦྱིན་པ་ནི་ཨ་མདོ་དང་། དགེ་འདུན་ཕུན་ཚོགས་ནི་ཁམས་ཁུལ་ནས་ཡིན། གློག་བརྙན་དེའི་གཙོ་འཁྲབ་པ་བསོད་ནམས་དབང་མོ་དང་སྦྱིན་པ་གཉིས་ནི་ཁམས་ཁུལ་གྱི་མི་སྣའི་འཐུབ་ཚབ་ཅིག་ཆགས་ཀྱི་ཡོད་དུས། ནམ་རྒྱུན་གློག་བརྙན་གྱི་སྐད་སྦྱོར་བྱེད་མཁན་ཆེད་ལས་པ་གླ་སྲོལ་ཡོད་པ་དེ་འདྲར་བརྟེན་མི་དགོས་པར། ཁོང་གཉིས་ནས་དུས་ཡུན་གང་ཙམ་རིང་ཁམས་སྐད་སྦྱོང་བརྡར་བྱས་ཡོད། སྦྱིན་པ་ལྟ་བུར་མཚོན་ན། གློག་བརྙན་འདིའི་ནང་ཁ་ལོ་བ་ཞིག་གཙོ་འཁྲབ་བྱས་ཡོད་པས། ཁོས་གློག་བརྙན་ནང་གི་ཁ་ལོ་བ་ཞིག་གི་ཡིད་བརྙན་གསལ་པོ་འདོན་ཐབས་སུ་བོད་ཁུལ་གྱི་སྒང་གཤོང་འདྲ་མིན་དུ་རླངས་འཁོར་བསྐོར་ནས་ཁ་ལོ་བ་ཞིག་གི་མི་ཚེ་ལ་རྒྱུས་ལོན་བྱས་ཡོད། དེ་ག་ནང་བཞིན་དགེ་འདུན་ཕུན་ཚོགས་ནས་ཀྱང་སོ་སོའི་འཁྲབ་ཚན་དེའི་ཆེད་སྤྲང་པོ་ཞིག་གི་རྣམ་པར་རྫུས་ཏེ་ཉིན་གྲངས་མང་པོར་གྲོང་གསེབ་འདྲ་མིན་དུ་འཁྱམ་ཉུལ་གྱིས་རང་ཁྱིམ་མེད་པའི་མི་ཞིག་གི་འཚོ་བར་ཉམས་ཚོད་ལེན་ཐབས་བྱས་ཡོད། དམིགས་བསལ་ཞུ་རྒྱུ་ཞིག་ལ། གློག་བརྙན་དེར་ཇ་ཁང་ཞིག་གི་ནང་ཁ་ལོ་བ་སྦྱིན་པས་མོག་མོག་ཟ་བཞིན་པའི་འཁྲབ་ཚན་ཞིག་ཡོད་དུས། བརྙན་རིས་དེ་འཁྲབ་ཁྲིད་པའི་འདོད་བློ་ནང་བཞིན་ཡོང་བ་ཁོ་ནའི་ཆེད་ཁ་ལོ་བ་སྦྱིན་པ་གཙོ་འཁྲབ་པ་ཁོང་གིས་མོག་མོག་བཞི་བཅུ་ཞེ་ལྔ་བཟའ་དགོས་བྱུང་ཡོད། གློག་བརྙན་ << ལག་དམར >> ལ་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་མང་པོའི་ཚན་པ་སོ་སོའི་བྱ་དགའི་འོས་མིང་ནང་ཚུད་ཐུབ་པ་བྱུང་ཡོད་ལ། ལྦེ་ནི་སི་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་( Venice International Film Festival ) སྐབས་དོན་ལྔར་འཁྲབ་གཞུང་རྩེ་ཕུད་( Best Screenplay) ཀྱི་བྱ་དགའ་ཐོབ་ཡོད་པ་རེད།
ཁོང་གིས་ ༢༠༡༩ ལོར་ཕབ་སྐྲུན་བྱས་པའི་གློག་བརྙན་ << དབུགས་ལྒང >> ཞེས་པར། ཆོས་ལུགས་ཀྱི་རྙིང་ཞེན་དང་གཞུང་ཕྱོགས་ཀྱི་སྲིད་བྱུས་གཉིས་ཀྱི་བཀག་རྒྱའི་ནང་ཚུད་པའི་བོད་མིའི་ཁྱིམ་ཚང་དཀྱུས་མ་ཞིག་གི་དཀའ་སྡུག་བརྗོད་ཡོད་པ་དང་། གློག་བརྙན་དེ་བཟོ་རྒྱུའི་ཐོག་མའི་བསམ་བློ་ནི་ཉིན་ཞིག་པད་མ་ཚེ་བརྟན་ཁོང་གིས་པེ་ཅིང་གྲོང་ཁྱེར་གྱི་འཕྲུལ་རིག་བཟོ་ཚོང་ལྟེ་བ་རུ་གྲགས་པའི་ཀྲུང་ཀོན་ཚུན་ལམ་ཟུར་ནས་མཁའ་ལམ་དུ་དབུགས་ལྒང་ཞིག་འཕུར་ལྡིང་བྱེད་བཞིན་པ་མཐོང་བས། ཁོ་རང་སྣང་བརྙན་དེར་ཡིད་འགུལ་ཆེན་པོ་ཐེབས་ནས་རྗེས་སོར་ཁོང་གིས་ ༡༩༩༠ ལོའི་ནང་རྒྱ་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་སྤེལ་སྐབས་ཀྱི་བོད་མིའི་ཁྱིམ་ཚང་ཞིག་གི་གཏམ་རྒྱུད་བརྗོད་པའི་ད་ལྟའི་ << དབུགས་ལྒང >> ཞེས་པའི་གློག་བརྙན་དེ་བཟོས་ཐུབ་པ་བྱུང་ཡོད། གློག་བརྙན་འདིའི་ནང་གཙོ་བོ་སྒྲོལ་དཀར་བཟའ་ཚོ་གཉིས་དང་ཁོ་ཚོའི་ཕྲུ་གུ་གསུམ་བཅས་ཁྱིམ་ཚང་དེའི་ཞིང་འབྲོག་གི་འཚོ་བར་གཏམ་རྒྱུད་ཀྱི་འགོ་བཟུང་སྟེ། སྒྲོལ་དཀར་གྱིས་སྐབས་དེའི་སྲིད་བྱུས་ཀྱིས་རྐྱེན་པས་རང་ཉིད་ལ་ཕྲུ་གུ་མི་ཆགས་པའི་ཆེད་དུ་སྲུང་ཤུབས་བེད་སྤྱོད་བྱས་པ་དེ་བོད་པའི་སྲོལ་རྒྱུན་གྱི་བསམ་བློ་དང་འགལ་བའི་རྣམ་པ་ཞིག་ངོ་སྤྲོད་བྱས་ཏེ། གློག་བརྙན་དེའི་ནང་ཁོ་ཚོའི་ཁྱིམ་ཚང་གང་བོས་མི་སྒེར་གྱི་རང་དབང་དང་ཆོས་ལུགས་འདུ་ཤེས། རང་བྱུང་། གཞུང་ཕྱོགས་ཀྱི་སྲིད་བྱུས་སོགས་རྙོག་འཛིང་ཆེ་བའི་གནད་དོན་མང་པོ་ཞིག་གི་དགོས་མཁོ་སྐོང་ཐབས་བྱེད་པའི་གནས་སྟངས་ཤིག་དཔེ་མཚོན་དུ་བཀོད་ཡོད།
དངོས་གནས་བྱས་ན། པད་མ་ཚེ་བརྟན་ལགས་ཀྱིས་གློག་བརྙན་<< དབུགས་ལྒང >> གི་འཁྲབ་གཞུང་ ༢༠༡༢ ཚུན་ཆད་ནས་བྲིས་ཚར་ནའང་དེར་གཞུང་ཕྱོགས་ཀྱི་ཆོག་མཆན་ཐོབ་པར་དུས་ཡུན་གང་ཙམ་འགོར་ཡོད། གློག་བརྙན་དེའི་ཐོག་མའི་འཁྲབ་གཞུང་གི་ནང་དུ་བུད་མེད་འཁྲབ་སྟོན་པ་གཉིས་ཆར་ཆ་ཤས་གཅིག་མཚུངས་བཞག་ཡོད་ལ། དམིགས་བསལ་གཞས་མ་གཡང་ཕྱུག་མཚོས་གཙོ་འཁྲབ་བྱས་པའི་ཇོ་མོ་བྱང་ཆུབ་སྒྲོལ་མ་ཞེས་པ་དེ་པད་མ་ཚེ་བརྟན་གྱིས་བུད་མེད་འཁྲབ་སྟོན་པའི་མི་སྣ་གཙོ་བོར་བདམས་ཡོད་སྟབས། གློག་བརྙན་དེའི་གཏམ་རྒྱུད་ཧྲིལ་བོ་ཁོ་མོ་དགོན་པ་ནས་ཕྱིར་ཁྱིམ་དུ་ལོག་པའི་ལམ་བར་ནས་མོ་རང་ལ་ནང་མི་ཡི་དཀའ་ངལ་དང་གནད་དོན་གཞན་མང་པོ་ཞིག་གིས་དཀའ་ཚེགས་ལ་གཏད་པའི་རྣམ་པ་དག་བཀོད་ནས། ཨ་ནེ་བྱང་ཆུབ་སྒྲོལ་མས་ཟློག་ཏུ་མེད་པའི་འཇིག་རྟེན་འཁོར་བའི་ཆོས་ཉིད་ལ་ངེས་ཤེས་སྐྱེས་པའི་ཚུལ་རྣམས་གསལ་པོར་བཀོད་ཡོད་ལ། པད་མ་ཚེ་བརྟན་ཁོ་རང་གིས་ཀྱང་གཡང་ཕྱུག་མཚོར་དགོན་པའི་ནང་ཟླ་བ་གང་འཚམ་རིང་བསྡད་ནས་ཇོ་མོའི་འཚོ་བ་སྐྱེལ་སྟངས་ལ་རྒྱུས་ལོན་བྱ་དགོས་པར་སྐུལ་འདེད་བྱས་ཡོད། འོན་ཀྱང་། རྗེས་སོར་འཁྲབ་གཞུང་དེར་བསྐྱར་བཅོས་ཐེངས་མང་བྱས་པའི་རྐྱེན་གྱིས་དངོས་གཞིའི་གློག་བརྙན་ནང་ཇོ་མོའི་འཁྲབ་ཚན་དེ་ཇེ་ཐུང་དུ་གཏོང་དགོས་བྱུང་ཡོད། གློག་བརྙན་ << དབུགས་ལྒང >> རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་མང་པོའི་བྱ་དགའི་འོས་གཞིའི་ནང་འདེམས་སྒྲུག་དང་། ཅི་ཀ་ཀོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ལྔ་པ་(Chicago International Film Festival ) དང་ཀྲོག་ཡོ་ཕི་ལིམ་མེག་སི་(Tokyo Filmex) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉི་ཤུ་པའི་སྟེང་ནས་འཁྲབ་གཞུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད།
གློག་བརྙན་བཟོ་སྐྲུན་གྱི་ལས་ལ་ཞུགས་པའི་ལོ་ངོ་ཉི་ཤུ་ལྷག་གི་དུས་ཡུན་ནང་། པད་མ་ཚེ་བརྟན་ལགས་ཀྱིས་གློག་བརྙན་ཉི་ཤུ་ལྷག་ཕབ་སྐྲུན་བྱས་ཡོད་པ་དང་། དེའི་ནང་ནས་གློག་བརྙན་ << ཀ་ཐོག་སྨོན་ལམ་ཆེན་མོ – ༢༠༠༧ >> དང་ << བསམ་ཡས་དགོན – ༢༠༠༧ >> << གཡང་མདའ – ༢༠༡༤ >> སོགས་ནི་གཞུང་ཕྱོགས་ཀྱིས་མ་དངུལ་རྒྱབ་སྐྱོར་འོག་ཕབ་སྐྲུན་བྱས་ཡོད་ཅིང་། གློག་བརྙན་དེ་དག་རྒྱ་ནག་ནང་དར་རྒྱུག་ཆེ་བའི་དྲ་ཚིགས་ཁག་སོ་སོ་ནས་བལྟ་ཐུབ།
ཁོང་གི་བྱས་རྗེས་དང་འདས་གྲོངས་སུ་ཕྱིན་པའི་བརྒྱུད་རིམ།
པད་མ་ཚེ་བརྟན་གྱིས་བཟོས་པའི་གློག་བརྙན་དེ་ཚོས་རང་ཁོངས་ཀྱི་ས་མཚམས་ལས་བརྒལ་ཏེ་བོད་པ་རང་གི་གཏམ་རྒྱུད་འཛམ་གླིང་གི་སྡིངས་ཆའི་སྟེང་ལ་བསྒྲགས་པ་དང་ལྷན་དུ་བོད་པའི་མི་རབས་གསར་པའི་གློག་བརྙན་བཟོ་སྐྲུན་པ་མང་པོ་ཞིག་ལ་སེམས་ཤུགས་སྤར་བས། ཁོང་གིས་བོད་ཀྱི་དེང་རབས་གློག་བརྙན་བཟོ་སྐྲུན་གྱི་ལས་རིགས་ལ་གསར་བརྗེ་ཆེན་པོ་ཞིག་བསླངས་ཐུབ་པ་བྱུང་ཡོད། ཁོང་གིས་སོ་སོ་གློག་བརྙན་བཟོ་སྐྲུན་གྱི་ལས་ལ་ཞུགས་པའི་བར་གསེང་ནས་བོད་པའི་གློག་བརྙན་བཟོ་མཁན་མང་པོ་ཞིག་ལ་སྣེ་འཁྲིད་དང་ལམ་སྟོན་བྱས་ཡོད་པ་ནི། ཟོན་ཐར་རྒྱལ་གྱི་ << གཙང་པོ >> དང་གདུགས་དཀར་ཚེ་རིང་གི་ << ཁོ་དང་བློ་ཡི་གཏེར >> ལྷ་དཔལ་རྒྱལ་གྱི་<< དབང་གྲགས་ཀྱི་ཆུ་ལྷམ >> མཁའ་བྱམས་རྒྱལ་གྱི་<< མེ་ཏོག་དཀར་པོ >> འཇིགས་མེད་འཕྲིན་ལས་ཀྱི་<< གཅིག་དང་བཞི >> བཀྲིས་ཆོས་འཕེལ་གྱི་<< གངས་ལྷ་མེ་ཏོག >> བློ་བརྟན་གྱི་ << དབུས་ལམ་རིང་མོ >> བསམ་གྲུབ་ཚེ་རིང་གི་ << ཏཱ་ནི་སྟོད་ཀྱི་ནམ་མཁའ >> སོགས་ཁོ་ཚོའི་གློག་བརྙན་བཟོ་སྐྲུན་གྱི་བརྒྱུད་རིམ་ནང་ཕྱག་རོགས་གང་ཐུབ་གནང་ཡོད། ད་ལྟ་ཁོང་ཉིད་འཇིག་རྟེན་གཞན་ཞིག་གི་གཟིགས་མོར་ཕེབས་ཟིན་ནའང་། ཁོང་གི་དཀའ་སྤྱད་སྡུག་རུས་ལས་བྱུང་བའི་ཕྱག་རྗེས་འདི་དག་གིས་བོད་པའི་གློག་བརྙན་བཟོ་སྐྲུན་པ་རྣམས་ལ་ད་དུང་ཡང་བཤད་འཕྲོར་ལུས་པའི་སྒང་པ་བོད་པ་ཚང་གི་གཏམ་རྒྱུད་དག་འཛམ་གླིང་ཡོངས་ལ་བསྒྲག་ཐུབ་པར་མུ་མཐུད་སྐུལ་ལྕག་གཏོང་བཞིན་ཡོད།
སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༥ པའི་ཚེས་ ༡ ཉིན། པད་མ་ཚེ་བརྟན་ལགས་ལྷ་སར་རྡོག་ཐོན་གྱིས་དམིགས་བསལ་ཡར་འབྲོག་གཡུ་མཚོའི་ཉེ་འགྲམ་གྱི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་ ༤༤༥༠ ཡོད་པའི་སྣ་དཀར་རྩེ་རྫོང་དུ་རང་གི་བུ་འཇིགས་མེད་འཕྲིན་ལས་ཀྱིས་ཕབ་སྐྲུན་བྱེད་བཞིན་པའི་གློག་བརྙན་ << ལས་དང་ལམ >> ལ་རྟོག་ཞིབ་དང་རོགས་དན་གྱི་ཆེད་དུ་སླེབས་ཡོད་ཅིང་། དེ་ཡང་ཕྱོགས་གཅིག་ནས་པད་མ་ཚེ་བརྟན་ལགས་ནི། གློག་བརྙན་གང་དེའི་འཁྲབ་གཞུང་རྩོམ་པ་པོ་དང་བློ་འདྲི་ཡུལ་དུ་གྱུར་ཡོད། ད་རེས་ཀྱི་འགྲིམ་འགྲུལ་འདིར་ཁོང་གི་རྒྱུན་ལྡན་ཕྱག་རོགས་དང་དམིགས་བསལ་དུས་རྒྱུན་ཁོང་གི་འཕྲོད་བསྟེན་དང་སྨན་བཅོས་ཀྱི་དགོས་མཁོ་སོགས་ལ་ལྟ་རྟོག་བྱེད་མཁན་རང་གི་ཚ་བོ་སོགས་སུ་གང་ཡང་མཉམ་དུ་མེད་པར་ཁོ་རང་གཅིག་པུས་འགྲུལ་བཞུད་བྱས་ཡོད།
གློག་བརྙན་<< ལས་དང་ལམ >> གྱི་ཕབ་སྐྲུན་པའི་ཚོགས་མི་བརྒྱ་དང་སུམ་ཅུ་ཙམ་ཡོད་པ་དང་ཁོ་ཚོའི་བརྙན་ཕབ་ལེན་ཡུལ་གྱི་གྲོང་ཚོ་དེ་ཡང་ཆུང་ཆུང་ཞིག་ཡིན་དུས། གློག་བརྙན་གྱི་ལས་མི་ཕལ་ཆེ་བ་མགྲོན་ཁང་སོ་སོར་ཁ་འཐོར་ནས་བསྡད་ཡོད། སྤྱི་ཟླ་ ༥ པའི་ཚེས་ ༧ གྱི་དགོང་མོར་པད་མ་ཚེ་བརྟན་ལགས་ཤིན་ཧུའུ་མགྲོན་ཁང་གི་ཐོག་བརྩེགས་གསུམ་པར་བསྡད་ཡོད་པ་དང་། དུས་རྒྱུན་ས་མཐོ་སར་གློག་བརྙན་ཕབ་སྐྲུན་བྱེད་སྐབས་ལས་མི་ཚང་མར་འཚོ་རླུང་(Oxygen) རེ་སྤྲོད་སྲོལ་ཡོད་ནའང་སྐབས་དེར་ཁོང་ལ་བྱུང་མེད། འབྲེལ་ཡོད་མི་སྐོར་ཞིག་གིས་བཤད་པ་ལྟར་ན། མཚན་མོ་དེར་ཁོའི་ཉལ་ཁང་གི་དྲོད་ཚད་ཀྱང་ནམ་རྒྱུན་དང་མ་འདྲ་བར་ཧ་ཅང་མཐོ་པོ་ཡོད་པར་བརྗོད་ཡོད།
ཉིན་དེའི་མཚན་ཡོལ་ཆུ་ཚོད་ ༣ཿ ༡༦ ཙམ་ལ་པད་མ་ཚེ་བརྟན་ལགས་གཟུགས་གཞི་བདེ་བོ་མ་བྱུང་བའི་རྐྱེན་གྱིས། མགྲོན་ཁང་གཞན་ཞིག་གི་ནང་བསྡད་ཡོད་པའི་རང་གི་གྲོགས་པོ་ཚེ་མདོ་ལ་ཁ་པར་བརྒྱུད་ཁོང་སར་ཡོང་དགོས་པར་མངགས་ཤིང་། ཚེ་མདོས་བྲེལ་འཚུབ་ངང་པད་མ་ཚེ་བརྟན་ལགས་བཞུགས་སའི་མགྲོན་ཁང་དུ་སོང་རྗེས། ཁོང་གཉིས་ནས་མོ་ཊ་ཞིག་གླས་ཏེ་ས་ཁུལ་དེའི་ཉེ་འགྲམ་གྱི་སྨན་ཁང་ཞིག་ཏུ་ཕྱིན་ཡོད། ཆུ་ཚོད་༣ཿ ༣༩ གཡས་གཡོན་ཙམ་ཞིག་ལ་ཁོང་གཉིས་སྨན་ཁང་ལ་སླེབས་དུས། པད་མ་ཚེ་བརྟན་ནས་རང་འགུལ་གྱིས་གོམ་པ་འགའ་སྤོས་རྗེས་གློ་བུར་དུ་བསྐྱུགས་ཏེ་སར་འགྱེལ་བས། ཚེ་མདོས་རང་ནུས་གང་ཡོད་སྒོས་ཁོང་ལ་ཕྱག་རོགས་ཞུ་རྒྱུའི་འབད་པ་དེ་ཡང་བེད་མེད་དུ་སོང་། སྐབས་དེར། མོ་ཊའི་ཁ་ལོ་བ་དང་རོགས་པ་གཞན་ཞིག་གིས་པད་མ་ཚེ་བརྟན་ལགས་སྨན་ཁང་གི་མྱུར་སྐྱོབ་ཁང་དུ་འཁྲིད་ནའང་། སྟབས་མ་ལེགས་པ་ཞིག་ལ་ཁོང་སྔ་ས་ནས་ཚེ་ལས་འདས་ཟིན་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ཁོང་ལ་སྙིང་ནད་ཀྱིས་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པ་བརྗོད་ཡོད།
པད་མ་ཚེ་བརྟན་ལགས་སྔ་ས་ནས་འདས་ཟིན་ཡོད་ལ་ཁོང་ལ་ཕྱག་རོགས་ཞུ་མཁན་གྱི་གྲོགས་པོ་ཚོས་ཀྱང་བྱ་ཐབས་གང་ཡང་མེད་པ་ཤེས་ཀྱི་ཡོད། འོན་ཀྱང་། ཁོ་ཚོས་ད་དུང་ཡང་སེམས་ཤུགས་མ་ཆག་པར་པད་མ་ཚེ་བརྟན་ལགས་ཐད་འཕུར་གནམ་གྲུ་བརྒྱུད་ལྷ་སར་འཁྲིད་རྒྱུའི་གྲོས་བྱས་པ་དང་དེ་མ་བྱུང་བས། ཁོང་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་ནང་བཞག་ནས་མཐར་ཞོགས་པའི་ཚོུད་ ༧ཿ ༥༧ ལ་ཁོ་ཚོ་བོད་ལྗོངས་མི་དམངས་སྨན་ཁང་དུ་འབྱོར་ཐུབ་པ་བྱུང་ཡོད། དེར་ཆེད་ལས་སྨན་པ་རྣམས་ཀྱིས་བརྟག་དཔྱད་བྱས་ཚར་རྗེས། ཁོང་སྔ་ས་ནས་ཚེ་ལས་འདས་ཟིན་པ་བརྗོད་ཡོད་པས། མཐར་ཁོང་གི་སྐུ་ཕུང་ལྷ་སར་ཡོད་པའི་པད་མ་ཚེ་བརྟན་ལགས་ཀྱི་གྲོགས་པོ་ཚེ་རིང་རྒྱལ་གྱི་ནང་དུ་གདན་འདྲེན་ཞུས་ཤིང་། སྲོལ་རྒྱུན་ལྟར་དམ་པ་ཁོང་ལ་སྨོན་ལམ་དང་འདས་མཆོད་བསྒྲུབས་ཡོད།
ཟླ་བ་ ༥ པའི་ཚེས་ ༡༠ ཉིན་གྱི་ཞོགས་པའི་ཚོུད་ ༤:༣༠ ལ་པད་མ་ཚེ་བརྟན་ལགས་ཀྱི་སྐུ་ཕུང་མི་གྲངས་ཉིས་བརྒྱ་ལྷག་ཙམ་གྱི་སྨོན་འདུན་དང་ཆེས་མཐའ་མའི་གྱེས་ཕྱག་གི་ཁྲོད་ནས་ལྷ་སའི་གཙུག་ལག་ཁང་ལ་སྐོར་བ་ལན་གཅིག་བསྐོར་ཏེ། ཐད་ཀར་སྟོད་ལུང་རིན་ཆེན་སྒང་གི་དུར་ཁྲོད་དུ་གདན་འདྲེན་ཞུས་ཡོད། ཚེས་ ༡༠ ཡི་ཉིན་རྒྱབ་ཙམ་ལ་ཁོང་གི་བུ་འཇིགས་མེད་འཕྲིན་ལས་དང་གྲོགས་པོ་ཚོས་པད་མ་ཚེ་བརྟན་ལགས་ཀྱི་རུས་ཐལ་ཁོང་གི་འཁྲུངས་ཡུལ་ཨ་མདོ་ཁྲི་ཀར་གདན་འདྲེན་ཞུས་ཡོད་པ་རེད།
པད་མ་ཚེ་བརྟན་ལགས་ཁོང་སྐུ་འཚེ་མ་ཟིན་པའི་སྔ་རོལ་ཏུ། ཁོང་གིས་ << གསའ >> དང་<< སིང་སྤང་བཀྲ >> ཞེས་པའི་གློག་བརྙན་གཉིས་ཕབ་སྐྲུན་བྱས་ཚར་ཡོད་ལ། ད་ལྟ་རྩོམ་ཡིག་འདི་འབྲི་བཞིན་པའི་གནས་སྐབས་འདིར་གློག་བརྙན་དེ་གཉིས་ཆ་འགྲེམས་སྤེལ་བྱས་མེད། རྩོམ་རིག་སྒྱུ་རྩལ་དང་གློག་བརྙན་བཟོ་སྐྲུན་གྱི་ལས་རིགས་གཉིས་ཆར་གདེངས་འཇོག་དང་གྲུབ་འབྲས་ཆེན་པོ་ལོན་པའི་མི་བུ་དམ་པ་ཁོང་གིས། བོད་ནང་གློག་བརྙན་བཟོ་སྐྲུན་གྱི་ལས་རིགས་འགོ་བརྩུགས་པ་ནས་བཟུང་བོད་པའི་མི་རབས་གསར་པའི་གློག་བརྙན་བཟོ་སྐྲུན་པ་མང་པོ་ཞིག་ལ་སེམས་ཤུགས་དང་བློ་སྐྱེད་ཐོབ་ཏུ་བཅུག་ཡོད་ལ། ཁོང་འདས་ཚར་བའི་རྗེས། རྡ་སར་གནས་སྡོད་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས། “པད་མ་ཚེ་བརྟན་གྱིས་དཀའ་སྡུག་སྣ་མང་ལ་མ་འཛེམས་པར། བོད་ནང་ལ་གློག་བརྙན་བཟོ་སྐྲུན་གྱི་དཔུང་སྡེ་གསར་པ་ཞིག་གི་སྣེ་འཁྲིད་བྱས་ཡོད་པའི་” མྱ་ངན་ཞུ་ཚིག་སྤེལ་ཡོད།
ཁོང་འདས་གྲོངས་སུ་གྱུར་རྗེས། རྒྱལ་ཕྱི་ནང་གི་མི་ཚོགས་མང་པོས་ཁོང་ལ་མྱ་ངན་དང་དམིགས་བསལ་བོད་ནང་ལོགས་ཙམ་མ་ཡིན་པར་ནེའུ་ཡོག་དང་རྡ་རམ་ས་ལར་ཁོང་གི་དགོངས་ཞག་ཞེ་དགུ་ལོན་པའི་རྗེས་དྲན་ཚོགས་འདུ་འཚོགས་ཡོད། པད་མ་ཚེ་བརྟན་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་ཨ་རིའི་ནེའུ་ཡོག་དུས་བབ་དང་ལོན་ཊོན་དཔལ་འབྱོར་རིག་པ་བའི་གསར་ཁང་(The Economist) ཐེ་བའི་རྒྱལ་ཕྱི་ནང་གི་གསར་ཁང་ ༢༥༠ ལྷག་ཙམ་གྱིས་གསར་འགྱུར་སྤེལ་ཡོད་པ་རེད།
མ་རྩོམ་གྱི་སྦྲེལ་ཐག https://treasuryoflives.org/biographies/view/Pema-Tseden/13816#:~:text=Pema%20Tseden%20was%20born%20in,and%20secondary%20schools%20in%20Trika
[1] སྒྱུར་མཆན། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་གསར་ཁང་ཁག་གི་ནང་གློག་བརྙན་དེའི་མིང་ལ་ << སྦྱིན་པ >> ཞེས་བྲིས་ཡོད།
[2] སྒྱུར་མཆན། ཚན་པ་དེའི་ཁོངས་སུ། ཨེ་ཤ་ཡའི་གསར་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་ཚོས་བཟོས་པའི་གཏམ་རྒྱུད་གློག་བརྙན་རྩེ་ཕུད་གཉིས་འདེམས་སྒྲུག་བྱེད་ཀྱི་ཡོད།
[3] སྒྱུར་མཆན། གྲོང་སྡེ་ཆུང་ཆུང་དེར་ད་ལྟ་ཡང་རིག་གནས་གསར་བརྗེའི་སྐབས་བསྒྱུར་བཅོས་བཏང་བའི་ས་ཁུལ་གྱི་མིང་ ‘དར་དམར་’ དང་ ‘བཅིངས་གྲོལ་’ སོགས་མཐོང་རྒྱུ་ཡོད།