བདུན་གཅིག་གི་ནང་ཨུ་ཌར་ཁན་མངའ་སྡེའི་ལྷན་ཁང་ཁག་གིས་ས་གནས་བོད་མིའི་བདེ་སྡུག་སྐོར་གྱི་སྙན་ཞུ་རྣམས་དབུལ་ཚར་བ་བྱ་དགོས་པའི་བཀའ་མངག་གནང་འདུག
རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དུ། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོར་རྒྱ་གར་བྱང་ཤར་མངའ་སྡེ་ཨུ་ཌར་ཁན་མངའ་གཞུང་གི་མངའ་སྡེའི་སྤྱི་ཁྱབ་དྲུང་འཕར་(Additional Chief Secretary) རཱ་ཌཱ་རཱ་ཊུ་རི་(Radha Raturi)ལགས་མཉམ་ཞུགས་གནང་བའི་འབྲེལ་ཡོད་ལས་ཁུངས་ཁག་གི་གནད་ཡོད་མི་སྣའི་ཚོགས་འདུ་ཞིག་གི་ཐོག རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་ཇུས(Tibetan Rehabilitation Policy 2014)དང་འབྲེལ་བའི་ལྷན་ཁང་ཁག་གི་ལས་གཞི་རྣམས་འབུལ་འབྱོར་དགོས་པའི་བཀོད་མངགས་གནང་ཡོད་སྐོར་གནས་ཚུལ་ཐོན་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་ལྡེ་ར་རྡུན་ས་གནས་མགོ་འཛིན་དོན་འགྲུབ་རྒྱལ་པོ་ལགས་སུ་ཞལ་པར་བརྒྱུད་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ཨུ་ཌར་ཁན་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུའི་ཚོགས་འདུ་ཞིག་འཚོགས་ཡོད་ཀྱང་ཁས་ལེན་དེ་འདྲ་གང་ཡང་བྱུང་མེད་སྐོར་བརྗོད་བྱུང་།
དེའི་ཐད་ལྡེ་ར་རྡུན་ཁུལ་གྱི་ས་གནས་མགོ་འཛིན་ལགས་ཀྱིས། སྤྱིར་ཕྱི་ལོ ༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུའི་སྲིད་ཇུས་ཤིག་གཏན་འབེབས་གནང་བ་རེད། རྒྱ་གར་དབུས་གཞུང་གིས་སྲིད་ཇུས་དེ་བོད་མི་གནས་སྡོད་ཆེས་མང་བའི་མངའ་སྡེ་ཁག་བཅུ་ཡི་ནང་ལག་བསྟར་གནང་དགོས་པའི་བཀོད་ཁྱབ་གནང་ཡོད་ཀྱང་། ཨུ་ཌར་ཁན་མངའ་སྡེས་ལག་བསྟར་མ་བྱས་པར་ད་བར་ལྷག་ཡོད་པས། དེ་སྔའི་ས་གནས་མགོ་འཛིན་རིམ་པས་མངའ་སྡེ་གཞུང་དང་ལྷན་ཚོགས་འདུ་རིམ་པ་འཚོགས་ཡོད་པ་རེད། ད་ལན་ཚེས་བཅུའི་ཉིན་ཚོགས་འདུ་ཞིག་འཚོགས་ཡོད་ཀྱང་། མངའ་སྡེ་གཞུང་གིས་སྤྱི་ཡོངས་ཀྱི་ཐོག་ནས་མཐུན་རྐྱེན་སྤྲོད་ཀྱི་ཡིན་ཟེར་ནས་ཡོངས་གྲགས་ཀྱི་གསལ་བསྒྲགས་གང་ཡང་བྱས་ཡོད་མ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།
ཁོང་གིས། སྲིད་ཇུས་དེ་གཏན་འབེབས་བྱས་ནས་ཧ་ལམ་ལོ་བཅུ་ཙམ་འགྲོ་ཡི་འདུག་ཀྱང་། ད་ལྟའང་མངའ་སྡེའི་ནང་ལག་བསྟར་བྱེད་ཐུབ་ཀྱི་མི་འདུག་པས། བོད་མི་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་ལ་གསལ་ཁ་མེད་པ། ལམ་དང་ས་ཆ་སོགས་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་ཡོད་པ་དེ་དག་གི་ཐད། མངའ་སྡེ་གཞུང་གིས་བཀོད་ཁྱབ་གནང་དགོས་པའི་སྙན་ཞུ་ཞིག་ཕུལ་བ་ཡིན་པས། ཚེས་༡༠ ཉིན་ཚོགས་འདུ་འཚོག་སྐབས་བོད་མི་ཚོའི་དཀའ་ངལ་གང་ཡོད་པ་དེ་དག་དོན་ཚན་རེ་རེ་བྱས་ནས་འགྲེལ་བཤད་བརྒྱག་རྒྱུའི་གོ་སྐབས་ཤིག་གནང་སོང་། ཞེས་བརྗོད་བྱུང་། མངའ་སྡེའི་སྤྱི་ཁྱབ་དྲུང་འཕར་མཆོག་གིས། བོད་མིའི་དཀའ་ངལ་སེལ་ཐབས་དང་མཐུན་རྐྱེན་སྦྱོར་སྤྲོད་ཆེད་མངའ་སྡེ་གཞུང་གི་ལྷན་ཁང་ཁག་གི་དགོངས་ཚུལ་དང་། བོད་མིའི་དཀའ་ངལ་སོགས་བདུན་ཕྲག་གཅིག་གི་ནང་ཚུད་ལ་ཡར་ཞུ་བྱ་དགོས། གལ་ཏེ་མངའ་སྡེའི་ལྷན་ཁང་དེ་དག་གིས་དགོངས་ཚུལ་དང་བརྡ་ལན་མ་འབྱོར་ན་དཀའ་ངལ་མེད་པ་ལ་ངོས་འཛིན་དང་ལག་བསྟར་བྱ་རྒྱུ་ཡིན་སྐོར་གསུངས་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། སྤྱིར་མངའ་སྡེ་གཞུང་གི་ལས་བྱེད་ཚོས་ཡ་ལན་ཡག་པོ་གནང་གི་འདུག་ཀྱང་། བཀོད་ཁྱབ་དེ་ཐག་བཅད་ནས་གཏན་འབེབས་དང་ལག་བསྟར་བྱས་པ་དེ་འདྲ་གང་ཡང་མ་རེད། འོན་ཀྱང་། ས་གནས་མགོ་འཛིན་སོགས་ཀྱིས་ཤུགས་བརྒྱབ་ནས་འབད་བརྩོན་ཞུ་མུས་ཡིན་ལ། ད་ལྟའི་ཆར་འབྲེལ་ཡོད་དཔོན་རིགས་ཚོས་ཀྱང་ཡ་ལན་དཔེ་མི་སྲིད་པའི་ཡག་པོ་གནང་གི་འདུག་ཀྱང་། ཁ་ཡོད་ལག་ཡོད་ཀྱི་ཐོག་ག་ཚོད་ཙམ་འབབ་ཐུབ་ཀྱི་ཡོད་མེད་ཐད་ཞུ་ཚོད་ཐིག་གི་མི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་དབུས་ནང་སྲིད་བློན་ཆེན་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་ཇུས་(Tibetan Rehabilitation Policy 2014 ) ཞེས་པའི་བཙན་བྱོལ་བོད་མི་དང་འབྲེལ་བའི་ཤོག་ངོས་བཅོ་ལྔ་ཅན་གྱི་སྲིད་ཇུས་ཤིག་གཏན་འབེབས་གནང་ནས། མངའ་སྡེ་སོ་སོའི་ནང་སྲིད་ཇུས་དེ་ལག་བསྟར་བྱ་དགོས་པའི་བཀོད་ཁྱབ་གནང་ཡོད་པ་ལྟར། མངའ་སྡེ་ཁག་གི་གནས་སྟངས་ལ་དཔག་པའི་ཐོག་ནས། རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་རེ་ཟུང་མ་གཏོགས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་དང་ལ་དྭགས་གཙོས་བཙན་བྱོལ་བོད་མིའི་གཞིས་ཆགས་མང་ཆེ་བར་ས་ཁང་དང་གཞུང་ལམ། འཐུང་ཆུ། ཚོང་དོན་སོགས་ཀྱི་ཐད་ལ་མཐུན་བསྒྱུར་གནང་དང་གནང་མུས་ཡིན་འདུག
གསར་འགོད་པ། དཔལ་ལྡན།