རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་རྩ་རླུང་སྒོམ་སྒྲུབ་ཚོགས་པའི་ཚོགས་མི། ཡུ་གུར། ལྷོ་སོག ཧོང་ཀོང་། ཐའེ་ཝན་སོགས་ཀྱི་ལས་འགུལ་བ་མང་པོས་ཞི་ཅིན་ཕིན་ལ་ངོ་རྒོལ་རྒྱ་ཆེར་སྤེལ།

ཕྱི་ཟླ་ ༩ ཚེས་ ༢༣ ནས་ ༢༤ བར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ཨ་རིའི་རྒྱལ་སར་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཐུག་འཕྲད་བྱེད་དུ་ཡོང་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ནན་སི་པེ་ལོ་སི་དང་ཇེམ་མེག་གྷོ་ཝན་གཉིས་མཉམ་ཞུགས་ཐོག་བོད་མི་ ༢༠༠༠ ལྷག་གིས་ལས་འགུལ་རྒྱ་ཆེར་སྤེལ་བའི་གནས་ཚུལ་གསར་ལམ་ཁག་ཏུ་ཁྱབ་འདུག དེ་བཞིན་བོད་རིགས་མིན་པའི་ཚོགས་སྒེར་མང་པོ་ཞིག་གིས་ཀྱང་ངོ་རྒོལ་ལས་འགུལ་སྤེལ་འདུག ད་ཅེ་ཡོན་(大纪元) གྱི་གསར་འགྱུར་དྲ་བ་ལྟར་ན། ཊོམ་ཕུ་ཡིས་ཞི་ཅིན་ཕིན་ལ་ཕེབས་བསུ་སྔར་སྲོལ་ལས་བརྒལ་བ་བྱུང་ཡོད་ལ། ཝ་ཤིན་ཊོན་གྱི་སྲང་ལམ་འཕར་མ་གསུམ་གྱི་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་དང། ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་གྱི་ཚོགས་སྡེ་མ་མཐའ་ཡང་ ༣༩ བྱུང་ཡོད་སྐོར་བརྗོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིའི་རྒྱལ་ས་ཝ་ཤིན་ཏོན་དུ་རྒྱལ་དོན་འཚམས་འདྲིར་ཡོང་བར་ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་ཁྲོད། ཨོ་མར་ཀ་ནཊ་ (Omer Kanat) གྱིས་མཚོན་པའི་ཡུ་གུར་(Uyghur) བ་དང་། ཨེན་གྷེ་བྷ་ཐུ་ཊོ་གོ་ཆོག་(Enghebatu Togochog) གྱིས་མཚོན་པའི་ལྷོ་སོག ཧྥེ་རན་སི་ཧུའེ་(Frances Hui) ཡིས་མཚོན་པའི་ཧོང་ཀོང་བ། སོ་ཧྥི་ལུའོ་(Sophie Luo) ཡིས་མཚོན་པའི་རྒྱ་ནག་དམངས་གཙོ་ལས་འགུལ་རུ་ཁག ཐའེ་ཝན་སོགས་གཙོ་བྱས་པའི་རྒྱ་ནག་མང་གཙོའི་ཚོགས་པ་དང་།(China Democracy Party International Alliance) ཧོང་ཀོང་རང་དབང་དམངས་གཙོའི་ཚོགས་པ།(Hong Kong Liberal Democratic Party) རྒྱ་ནག་སྤྱི་ཚོགས་དམངས་གཙོའི་ཚོགས་པ། (Chinese Social Democratic Party) རྒྱ་ནག་གི་ཆབ་སྲིད་གནོན་ཤུགས་ངོ་རྒོལ་གྱི་མཐུན་ཚོགས།(China Alliance Against Political Persecution ) རྩ་རླུང་སྒོམ་སྒྲུབ་ཀྱི་ཚོགས་པ་ཧྥ་ལུན་ད་ཧྤ་ (Falun Dafa) སོགས་གཙོས་པའི་ཚོགས་སྒེར་ཁག་གི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་འདུག
ངོ་རྒོལ་བྱེད་མཁན་ཚོགས་སྒེར་སོགས་ལ་འབོད་ཚིག་དང་དགོས་འདུན་འདྲ་མིན་ཡོད་པའི་ཁྲོད་ནས་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། རྒྱ་ནག་དམངས་གཙོ་སོགས་རེད། ཡུར་གུར་བ་ལྟ་བུར་མཚོན་ན་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བསྒྱུར་བཀོད་ར་བའི་དཀའ་ངལ་སེལ་ཆེད་དང་། ལྷོ་སོག་གིས་སྐད་ཡིག་བཀོལ་སྤྱོད་དང་འགྲོ་བ་མིའི་ཐོབ་ཐང་། མི་རིགས་རྩ་མེད་ཀྱི་སྲིད་ཇུས་མཚམས་འཇོག་ཡོང་ཆེད། ཧོང་ཀོང་གིས་བཙོན་འཇུག་བྱས་པའི་དམངས་གཙོ་དོན་གཉེར་བ་རྣམས་དང་ཨེ་པལ་ཉིན་རེའི་ཚགས་པར་གསར་འཛུགས་གནང་མཁན་ཇིམི་ལེ་ཡི་ (Jimmy Lai) བཙོན་ནས་གློད་བཀྲོལ་ཡོང་ཆེད། རྒྱ་ནག་མང་གཙོ་དོན་གཉེར་བ་སོ་ཧྥི་ལུའོ་ (Sophie Luo) ཡིས་རང་གི་བཟའ་ཟླ་ཌིང་ཅ་ཞི་ (Ding Jiaxi) གཙོས་པའི་རྒྱ་ནག་གི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཆེད། རྩ་རླུང་སྒོམ་སྒྲུབ་ཚོགས་པས་གཙོ་བོ་ཆོད་དད་རང་དབང་དགོས་སྐོར་སོགས་ཀྱི་ཆེད་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
ད་ཅེ་ཡོན་(大纪元)གྱི་གསར་འགོད་པ་ཀའོ་ཧྲན་ཙོང་(高杉综) གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༢༣ དགོང་དྲོར་ཞི་ཅིན་ཕིན་ཨ་རིའི་ཝ་ཤིན་ཏོན་དུ་མ་འབྱོར་གོང་ལ། ཁོ་ལ་བསུ་བ་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་བར་འགལ་བ་བྱུང་སྟེ་ཕན་ཚུན་གྱི་ལག་ཏུ་བཟུང་བའི་འཕྲེད་དར་དག་འཕྲོག་རེས་བྱས་པའི་གནས་ཚུལ་ཐོན་ཡོད་འདུག
ཉེར་ཆར་དྷ་སམ་ས་ལར་ཡོང་བའི་དམངས་གཙོའི་ལས་འགུལ་བ་ཝང་ཌན་གྱིས་མགོ་ཁྲིད་འོག་ “ཞི་ཅིན་ཕིན་ཕམ་པར་རྒྱོབ། རྒྱ་ནག་གུང་ཁྲན་ཏང་ཕམ་པར་རྒྱོབ། རང་དབང་རྒྱལ་གྱུར་ཅིག” ཅེས་པའི་སྐད་འབོད་དང་། ཁོས་ང་ཚོ་འདི་ལ་འཛོམས་དོན་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིན་གྱི་སྒེར་སྤྱོད་དབང་བསྒྱུར་ལ་ངོ་རྒོལ་བྱེད་ཆེད་ཡིན་པ་དང་། རྒྱ་ནག་དམར་ཤོག་པས་རྒྱ་ནག་ཡོངས་ཀྱི་ཚབ་བྱེད་མི་ཐུབ་ལ། དེ་བས་ཀྱང་ང་ཚོའི་ཚབ་བྱེད་མི་ཐུབ། དམར་ཤོག་ཚོགས་པ་མེད་པའི་རྒྱ་ནག་ཅིག་ཀྱང་ཡོད་ཆོག་གི་རེད་ཅེས་འཛམ་གླིང་དུ་བསྒྲགས་དགོས་སྐོར་གྱི་གཏམ་བཤད་ཀྱང་སྤེལ་འདུག
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།





