ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་འབྲེལ། བོད་ནང་གི་བོད་མིའི་དཀའ་ངལ་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་མཉམ་ལས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
ཁ་སང་ཕྱི་ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མེག་གྷ་ལ་གྷེར་(Mike Gallagher) ལགས་དང་། ཚོགས་ཆུང་དེའི་ཚོགས་མི་ར་ཇཱ་ (Raja Krishnamoorthi) ལགས་གཉིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རེ་ཆ་ཌི་གྷེ་རེ་ལགས་གཉིས་དང་མཇལ་འཕྲད་གནང་བ་དང་བསྟུན། གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་ལས་དོན་ཚོགས་ཆུང་དེས། བོད་ནང་གི་བོད་མི་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་སྲིད་ཇུས་འོག་དཀའ་སྡུག་མྱོང་བཞིན་པ་མཚམས་འཇོག་ཡོང་ཐབས་བྱ་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་དང་ལྷན་དུ་ལས་ཀ་བྱས་ཏེ་བོད་མིའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག
དེ་འབྲེལ་གསར་འགོད་བསྒྲགས་གཏམ་ནང་། རྒྱ་ནག་དམར་ཤོག་ཚོགས་པས། འདས་པའི་ལོ་ངོ་མང་པོའི་རིང་བོད་ནང་གི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། མནར་གཅོད། གང་བྱུང་འཛིན་བཟུང་སོགས་བྱས་ཏེ། བོད་མིའི་གཞི་རྩའི་རང་དབང་ཐོག་དྲག་གནོན་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ལའང་དྲག་གནོན་གྱི་སྲིད་ཇུས་སྤེལ་བཞིན་ཡོད།
ཉེ་ལམ་ནས་ཞི་ཅིན་ཕིན་གྱིས། བོད་ནང་འཛིན་བཞིན་པའི་དྲག་གནོན་སྲིད་ཇུས་རྒྱ་སྐྱེད་བཏང་སྟེ། མདོར་ན་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་གཏོགས་དང་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ་སོགས་སྔར་ལྷག་གིས་དམ་དྲག་བྱེད་བཞིན་ཡོད་པས། དེ་རིང་ང་ཚོ་བོད་མི་རྣམས་ཀྱི་རྒྱབ་ཏུ་ལངས་ཏེ། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱ་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡོད། བོད་མི་ཚང་མར་དྲག་གནོན་གྱི་འཇིགས་སྐུལ་མེད་པར་རང་རང་གི་བསམ་ཚུལ་འདོན་པའི་ཐོབ་ཐང་ངེས་པར་དུ་དགོས། ང་ཚོས་སྐུ་ཞབས་རེ་ཆ་ཌི་གྷེ་རེ་ལགས་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་དང་ལྷན་དུ། རྒྱ་ནག་གིས་བོད་ནང་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་ལས་ཀ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་ལས་དོན་ཚོགས་ཆུང་དེ་ནི། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་གསར་དུ་བཙུགས་ཤིང་། ཨ་རིའི་གྲོས་ཚོགས་ཀྱི་གོང་འོག་གཉིས་ཀྱི་འཐུས་མིས་གྲུབ་པའི་ཚོགས་ཆུང་ཞིག་ཡིན་པ་རེད། ཚོགས་ཆུང་དེའི་ལས་དོན་གཙོ་བོ་ནི་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཐུན་མོང་གིས་བཏོན་པའི་རྒྱ་ནག་གི་ཉེན་ཁའི་སྐོར་གྱི་ལས་དོན་ཡིན་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།