བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཕོག་པའི་ཐད་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བལ་ཡུལ་གྱི་སྲིད་བློན་ཀ་མལ་དྷ་ཧལ་ (Pushpa Kamal Dahal) ལགས་ཀྱི་མཚན་ཐོག་ཏུ། ཉེ་ལམ་བལ་ཡུལ་ནང་ཚད་རིམ་ ༦།༤ ཅན་གྱི་ས་ཡོམ་བརྒྱབ་སྟེ། མི་རྒྱུ་གཉིས་ལ་གནོད་སྐྱོན་དང་གྱོང་གུད་ཐེབས་པའི་ཐད་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོ་སྩལ་འདུག
གསུང་འཕྲིན་ནང་། ངོས་ནས་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་གཉེན་འབྲེལ་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་གནང་གི་ཡོད། རྐྱེན་ངན་གོད་ཆག་འདིའི་ཁྲོད་གནོད་སྐྱོན་ཐེབས་པའི་མི་མང་ལ་བལ་ཡུལ་གཞུང་དང་དེ་འབྲེལ་གྱི་ཚོགས་པ་ཁག་གིས་དགོས་ངེས་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བཞིན་པ་ཤེས་རྟོགས་བྱུང་། བལ་ཡུལ་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་ངོས་ནས་ངལ་གསོ་དང་མྱུར་སྐྱོབ་བྱེད་པར་ཞལ་འདེབས་ཤིག་རྒྱག་གི་ཡིན། ཞེས་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༣ གྱི་དགོང་མོའི་ཆུ་ཚོད་ ༡༡།༤༧ ཙམ་ལ་བལ་ཡུལ་གྱི་ཅཱ་ཅཱར་ཀོ་ཏ་རྫོང་( Jajarkot district) དང་ནུབ་རུ་ཀུམ་རྫོང་(Western Rukum District)གཉིས་ཀྱི་ནང་དུ་ཚད་རིམ་ ༦.༤ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་གྲངས་ ༡༥༧ རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་ ༣༧༥ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག