རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་གཡིས་པ་ཡུལ་ཚོའི་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཉིན་གྲངས་བཅུ་ལྷག་འགྲོ་མུས་ཡིན་འདུག
སྤྱིར་འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་མི་མང་དག་ཅིག་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་འཛིན་བཟུང་བཀག་ཉར་བྱེད་མུས་ཡིན་པ་ལྟར། ཉེ་ཆར་རྒྱ་ནག་ཉེན་རྟོག་པས་ཐེ་བོ་རྫོང་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཉིན་གྲངས་བཅུ་ལྷག་འགྲོ་མུས་ཡིན་ཡང་། ད་ལྟའང་ཁོང་གི་སྐོར་ལ་ཤེས་རྟོགས་གང་ཡང་བྱུང་མེད་པའི་ཁར། ཁོང་ཉིད་འཛིན་བཟུང་བྱ་དགོས་པའི་རྒྱུ་རྐྱེན་སོགས་ཀྱི་ཐད་ལའང་གསལ་ཁ་གང་ཡང་མེད་པ་རེད།
དེའི་ཐད་འབྲེལ་བོད་ནང་གི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། གྲྭ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བྱས་ཏེ་ཉིན་གྲངས་བཅུ་ལྷག་འགྲོ་མུས་ཡིན་པས། ཉེ་ལམ་འབྲེལ་ཡོད་རྣམས་ཁོང་ལ་ཐུག་ཏུ་ཕྱིན་ཡོད་ཀྱང་། རྒྱ་ནག་ཉེན་རྟོག་པས་ཐུག་འཕྲད་བྱ་བཅུག་མེད་སྐོར་དང་། སྤྱིར་དགེ་འདུན་པ་ཁོང་ནི་རྒྱུན་དུ་ནས་མཚམས་ལ་བཞུགས་པ་སོགས་ཆོས་ཕྱོགས་ཀྱི་བྱ་བ་གནང་མཁན་ཞིག་ཡིན་པ་ལས། རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་འགལ་བའི་ལས་ཀ་བྱེད་མཁན་ཞིག་གཏན་ནས་མིན་ཡང་། འདས་པའི་ལོ་ཤས་གོང་བལ་ཡུལ་བརྒྱུད་ནས་མཆོད་རྫས་དང་ཅ་ལག་ཁ་ཤས་མངག་ཉོ་བྱས་མྱོང་ཡོད་ཀྱང་། དེ་ཕལ་ཆེར་རྒྱལ་ཁབ་ཀྱིས་ཁྲིམས་འགལ་དང་ནག་ཉེས་སུ་རྩི་ཐབས་མེད་སྐོར་དང་། དེ་མིན་ཁོང་ནི་རྒྱ་ནག་གི་ཁྲིམས་སྒྲིག་དང་མི་མཐུན་པའི་ལས་ཀ་བྱེད་མཁན་ཞིག་གཏན་ནས་མིན། དེའང་མང་ཚོགས་ཚང་མས་ཤེས་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། ཉེ་ལམ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བ་ཞིག་འཚོགས་པའི་རྗེས་ནས། བོད་ཡུལ་གྱི་ས་གནས་མང་དག་ཅིག་ཏུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཟེར་བ་ཞིག་ཉིན་ལྟར་སློབ་འཇུག་གི་ཡོད་པ་མ་ཟད། བོད་ཐེ་བོ་རྫོང་གི་ས་གནས་མང་དག་ཅིག་གི་དགོན་གྲོང་གཉིས་བསྡུས་ཏེ་རྒྱ་ནག་གཞུང་གི་ལྟ་བ་དང་སྲིད་ཇུས་ཟེར་བ་བཙན་གྱིས་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
གྲྭ་དཀོན་མཆོག་གྲགས་པ་ལགས་ནི་བོད་ཐེ་བོ་རྫོང་གཡིས་པ་ཡུལ་ཚོའི་བཀྲ་ཤིས་དགོན་པའི་དགེ་འདུན་པ་ཞིག་ཡིན་ཞིང་། རྒྱུན་དུ་ནས་ཆོས་ཕྱོགས་ཀྱི་ཉམས་ལེན་པ་ཞིག་ཡིན་འདུག ད་ལན་ཁོང་ཉིད་གློ་བུར་དུ་འཛིན་བཟུང་བྱ་དགོས་པའི་རྒྱུ་རྐྱེན་དང་། ད་ལྟ་གང་དུ་ཡོད་མེད། དེ་བཞིན་འཕྲོད་བསྟེན་གྱི་གནས་སྟངས་སོགས་ཀྱི་ཐད་ལ་ཤེས་རྟོགས་གང་ཡང་མེད་པ་རེད།
English Version: https://en.tibettimes.net/2023/11/08/a-tibetan-monk-kunchok-dakpa-is-arrested/
གསར་ཁང་གི་མཆན། འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་གོང་བཀོད་གསར་འགྱུར་དེའི་ནང་གཡིས་པ་གྲོང་ཚོའི་པར་ནོར་འདུག་པས་དགོངས་སེལ་དང་སྦྲགས་ནོར་བཅོས་བྱས་ཟིན།
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།