རྒྱ་ནག་གཞུང་གིས་དེ་རིང་ནས་སྤྱི་ལེ་ ༢༠༦ ལྷག་ཡོད་པའི་ཁྲིན་ཏུའུ་གྲོང་ཁྱེར་ནས་ཟུང་ཆུ་བར་གྱི་མེ་འཁོར་དེ་དངོས་སུ་ཤར་གཏོང་བྱེད་མགོ་བཙུགས་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ནང་དུ་ཡུལ་སྐོར་བ་མང་དག་ཅིག་མངག་གཏོང་དང་བོད་མི་ཚོར་འགྲིམ་འགྲུལ་སྟབས་ཇེ་བདེར་གཏང་རྒྱུ་ཡིན་ལུགས་བསྙད་ནས་བོད་ནང་དུ་གང་བྱུང་མེ་འཁོར་ལྕགས་ལམ་དང་། གནམ་ཐང་སོགས་གསར་རྒྱག་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༠ ཙམ་ནས་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནས་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་གསར་རྒྱག་གི་ལས་གཞི་སྤེལ་མུས་ཡིན་པ་ལྟར། དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པ་ནས་སི་ཁྲོན་ཕྱོགས་ཀྱི་ལྕགས་ལམ་དེ་ཁྲིན་ཏུའུ་ནས་རྔ་བ་ཁུལ་ཟུང་ཆུ་རྫོང་བར་ཤར་གཏོང་བྱེད་མགོ་བཙུགས་ཡོད་ཅིང་། མེ་འཁོར་ལྕགས་ལམ་དེར་ཁྱོན་ས་ཚིགས་གྲངས་ ༡༠ ལྷག་ཡོད་འདུག
ཐེངས་འདིའི་མེ་འཁོར་ལྕགས་ལམ་གྱི་ལམ་ཐིག་དེ་ནི་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེ་འདབས་ཆིང་པེ་ཅང་ས་ཁུལ་ནས་མགོ་ཚུགས་ཏེ། རྔ་བ་ཁུལ་ཟུང་ཆུ་རྫོང་དང་མའོ་རྫོང་གཉིས་ཀྱི་བར་ཡིན་འདུག་ལ། ལམ་ཐིག་དེའི་ནང་དུ་མེ་འཁོར་ལྕགས་ལམ་གྱི་ས་ཚིགས་ ༡༠ བཟོ་སྐྲུན་བྱས་ཡོད་པ་མ་ཟད། ལྕགས་ལམ་དེའི་ལམ་ཐིག་གི་རིང་ཚད་ལ་ཁྱོན་སྡོམ་སྤྱི་ལེ་ ༢༠༦ ཡོད་ཅིང་། མེ་འཁོར་ལྕགས་ལམ་དེ་བརྒྱུད་ཁྲིན་ཏུའུ་གྲོང་ཁྱེར་ནས་ཟུང་ཆུ་རྫོང་བར་སྐར་མ་ ༥༥ ནང་འབྱོར་ཐུབ་སྐོར་བརྗོད་འདུག
རྒྱ་གཞུང་གིས་འཛུགས་སྐྲུན་བྱེད་མུས་ཡིན་པའི་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་དེའི་ཁྲོད། སི་ཁྲོན་ཁྲིན་ཏུའུ་ནས་རྔ་བ་ཁུལ་ཟུང་ཆུ་རྫོང་བར་དང་། མཚོ་སྔོན་ཟི་ལིང་ནས་མཚོ་ཤར་ས་ཁུལ་བར། དེ་བཞིན་མཚོ་སྔོན་ཞིས་ཨན་ནས་སི་ཁྲོན་ཁྲིན་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཀན་སུའུ་ལན་ཀྲོའུ་ནས་ཤིན་ཅང་བར་མྱུར་བགྲོད་ལྕགས་ལམ་བཅས་ཀྱི་འཛུགས་སྐྲུན་གྱི་ལས་གཞི་ཡོངས་སུ་བསྒྲུབས་ནས། ད་ལྟ་འགྲུལ་བ་ཤར་གཏོང་བྱེད་མུས་ཡིན་པ་མ་ཟད། ཉེ་ལམ་གཟི་ཚ་སྡེ་དགུ་དང་། ཁྱུང་ཆུ། མཛོད་དགེ་སོགས་ཀྱི་ནང་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་མུས་ཡིན་པས། མི་འགྱངས་བར་སི་ཁྲོན་རྔ་བ་ཁུལ་ནས་མཚོ་སྔོན་མཚོ་ཤར་བར་གྱི་འཛུགས་སྐྲུན་གྱི་ལས་གཞི་འགྲུབ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་མེ་འཁོར་ལྕགས་ལམ་གསར་པ་དེ་ནི་རྒྱལ་ཁབ་རིམ་པ་དང་པོ་དང་ལམ་ཐིག་གཉིས་ལྡན་གྱི་ལྕགས་ལམ་ཞིག་དང་། ལྕགས་ལམ་ཡོངས་ཀྱི་འཛུགས་སྐྲུན་ཆེད་དུ་འགྲོ་གྲོན་མ་དངུལ་རྒྱ་སྒོར་ཐེར་འབུམ་ ༨༡།༤༩ ལྷག་གཏོང་གི་ཡོད་ལུགས་བརྗོད་འདུག དེ་བཞིན་ལྕགས་ལམ་དེ་ནི་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་འབྲེལ་གྱི་ཡོད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་འཆར་ལྕགས་ལམ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་འཕེལ་རྒྱས་ཀྱི་ལས་འཆར་གལ་ཆེན་ཞིག་ཡིན་པ་དང་། ལྕགས་ལམ་དེའི་འཛུགས་སྐྲུན་གྱི་དམིགས་ཡུལ་གཙོ་བོ་མི་མང་གི་འགྲིམ་འགྲུལ་སྟབས་ཇེ་བདེར་གཏང་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ཆེད་ཡིན་སྐོར་བསྒྲགས་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།