རྒྱ་ནག་གཞུང་གིས་གཞིས་ཀ་རྩེ་མངའ་ཁུལ་གྱི་འཇིགས་སྐྱོབ་དང་རྒྱ་མཚོ་ལ། ཟང་ཟིང་བཅས་འབྲོག་སྡེ་གསུམ་ས་བབ་དམའ་ས་དང་སྟབས་བདེ་སར་གནས་སྤོར་བྱས་ཡོད་ལུགས་བསྒྲགས་འདུག་ཀྱང་། འབྲོག་སྡེ་དེ་དག་གནས་སྤོར་བྱེད་ཡུལ་དང་འཚོ་བའི་མཐུན་རྐྱེན་སོགས་ཀྱི་སྐོར་ལ་གསལ་ཁ་གང་ཡང་མི་འདུག
རྒྱ་གཞུང་གིས་བོད་ནང་གི་རོང་འབྲོག་མང་པོ་གནས་སྤོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་ཉིན་རེའི་ཚགས་པར་ཁང་གིས། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་ཁྱིམ་ཚང་ ༣༧ དང་མི་གྲངས་ ༡༤༣ གནས་སྤོར་བྱས་ཏེ། ས་བབ་དམའ་ས་དང་སྤྱི་ཚོགས་འབྲེལ་འདྲིས་སྟབས་བདེ་བ། མ་འོངས་བར་འཚོ་བ་ཡར་རྒྱས་འགྲོ་ཐུབ་པའི་སྐོར་བསྒྲགས་ཡོད་པ་ལས། གནས་སྤོར་བྱེད་སའི་ས་གནས་ཀྱི་མིང་སོགས་ཞིབ་ཕྲའི་གནས་ཚུལ་གསལ་ཁ་གང་ཡང་མི་འདུག
དེའི་སྐོར་འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། རྒྱ་གཞུང་གི་གནས་ཚུལ་ནང་འཇིགས་སྐྱོབ་གྲོང་ཚོར་ཁྱིམ་ཚང་ ༣༧ བཀོད་ཡོད་ཀྱང་། ཁྱིམ་ཚང་ཆ་ཚང་འཇིགས་སྐྱོབ་གྲོང་པ་ནས་མ་རེད། དེ་དག་གི་ནང་དུ་འཇིགས་སྐྱོབ་གྲོང་པའི་སྒང་དུ་ཡོད་པའི་རྒྱ་མཚོ་ལ་དང་། ངམ་རིང་རྫོང་གི་ཉེ་འགྲམ་ཟང་ཟིང་འབྲོག་སྡེ་བཅས་ཀྱི་ས་གནས་ཁག་གསུམ་བསྡུས་ཏེ་ཁྱོན་ཁྱིམ་ཚང་ ༣༧ ཡོད་འདུག ཅེས་དང་། གནས་སྤོར་བྱེད་དགོས་པའི་རྒྱུ་མཚན་ནི་ཁོང་ཚོའི་འཚོ་རྟེན་འབྲོག་ལས་ཡིན་པ་དང་། འབྲོག་ཁུལ་དུ་ས་ཞིང་དང་ཚལ་རིགས་སོགས་མེད་པས། འཚོ་གནས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། འཚོ་བའི་དཀའ་ངལ་སེལ་བའི་ཆེད་དུ། ས་ཞིང་ཡོད་པའི་ས་ཆ་དམའ་སར་གནས་སྤོར་དགོས་ཚུལ་བཤད་འདུག ཅེས་བརྗོད་སོང་།
དེ་བཞིན་ཁོང་གིས། འབྲོག་པ་དེ་དག་ཚང་མ་གྲོ་མོའི་ནང་དུ་གནས་སྤོ་བཞིན་འདུག ལོ་སྔོན་མ་ནས་འབྲོག་པ་ས་ཞིང་མེད་མཁན་མང་པོ་སྤོར་རྒྱུ་ཟེར་བ་བཞིན། གྲོ་མོ་ས་ཆ་དེ་གར་གཙོ་བོ་ལྕགས་ཤོག་དང་ཤིང་ལེབ་ཀྱིས་བཟོས་བའི་ཁང་པ་མང་པོ་བརྒྱབ་འདུག དེ་ནི་འདས་ལོའི་ལོ་མཇུག་ཏུ་ཁང་པ་བརྒྱབ་ཚར་ཙམ་རེད། ཁ་སང་དང་ཁེ་ཉིན་ནས་བཟུང་འཇིགས་སྐྱོབ་དང་། ཟང་ཟིང་། ངམ་རིང་བཅས་ཀྱི་ཁྱིམ་ཚང་ ༣༧ ཡོད་པ་དེ་དག་ནང་། རྒྱ་གཞུང་གིས་སྐྱེལ་འདྲེན་རླངས་འཁོར་ཆེན་པོ་ ༨༠ བཏང་སྟེ་གནས་སྤོ་བྱས་ཡོད་འདུག སྔོན་མ་གཉའ་ལམ་སོགས་ནས་འཇིགས་སྐྱོབ་ཀྱི་ས་གནས་སུ་གནས་སྤོས་ཡོད་ཅིང་། ཉེ་ཆར་ཉིན་མ་རྟག་པར་བྱང་ཐང་གི་འབྲོག་ས་ཕྱོགས་ནས་སྐྱེལ་འདྲེན་རླངས་འཁོར་ ༥༠ ནས་ ༨༠ ཙམ་འགྲུལ་བསྐྱོད་བྱེད་བཞིན་ཡོད་པ་མངོན་གསལ་དོད་པོ་རེད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གི་གནས་ཚུལ་ནང་། ལྷ་རྩེ་རྫོང་གི་འཇིགས་སྐྱོབ་གྲོང་བའི་མི་མང་གནས་སྤོར་བྱེད་པའི་ལས་གཞི་དེ་ནི་ཕྱི་ལོ་ ༢༠༡༦ ལོར་དངོས་སུ་མགོ་འཛུགས་བྱས་ཡོད་ཅིང་། གནས་སྤོར་བྱེད་ཐེངས་དང་པོ་ཁྱིམ་ཚང་ ༦༥ ལྷག་གནས་སྤོས་ཡོད་པ་དང་། གཞིས་གྲོང་གསར་བ་དེ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་རྨི་ ༤༠༡༢ མཚམས་སུ་ཆགས་ཡོད་པ་དང་། དེའི་ནང་དུ་ཆུ་དང་གློག འགྲིམ་འགྲུལ། འཛུགས་སྐྲུན་སོགས་ཡར་རྒྱས་གཏོང་བཞིན་ཡོད་པ་དང་། ཐེངས་འདིའི་ཡུལ་མི་གནས་སྤོར་གྱི་ཆེད་དུ་རྒྱ་ནག་ཧྲང་ཧའེ་རོགས་ཚོགས་ཤིག་གིས་མཐུན་སྦྱོར་བྱེད་བཞིན་ཡོད་ལུགས་བརྗོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།