འདི་ལོར་ཉུང་མཐར་བོད་མི་སེར་སྐྱ་ཕོ་མོ་ ༤༠ བརྒལ་བ་ཞིག་འཛིན་བཟུང་བྱས་ཏེ་མི་ ༨ ལ་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་ནང་ནས་སེར་སྐྱ་ཕོ་མོ་གྲངས་ ༢༠ ལྷག་ལ་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་དང་བསང་གསོལ་བཏང་བ། ཞབས་རིམ་བསྒྲུབས་པ། མ་ཎི་རྡོ་བརྐོས་བཞེངས་བ་སོགས་ཀྱི་ཉེས་མིང་གཡོགས་འདུག འདི་ལོར་དུས་འཁོར་དབང་ཆེན་གློ་བུར་དུ་བཀག་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དོ་དམ་བྱེད་ཐབས་ཟེར་བ་སོགས་གཏན་འབེབ་ལག་བསྟར་བྱས་ཏེ་ཆོས་དད་རང་དབང་ཐོག་སྔར་ལྷག་དྲག་གནོན་དང་བཀག་སྡོམ་བྱས་ཡོད།
འདི་ལོ་ཉུང་མཐར་བོད་མི་བརྒྱད་ལ་ཁྲིམས་ཐག་བཅད།
ཕྱི་ལོ་ ༢༠༢༣ ཟླ་ ༣ པའི་ནང་རྒྱ་ནག་གཞུང་གིས་བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཁོངས་ནས་ཡིན་པའི་རྩོམ་པ་པོ་དང་། སྐད་སྒྱུར་བ་རང་ལོ་ ༤༧ ཡིན་པ་ཟངས་དཀར་འཇམ་དབྱངས་ལགས་སུ་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་ལུགས་ཀྱི་ཉེས་མིང་གཡོགས་ཏེ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ནས་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་འདུག ཕྱི་ལོ ༢༠༢༠ ཟླ ༦ ཚེས ༤ ཉིན་གྱི་དགོང་མོར་བཙན་འཁྲིད་བྱས་རྗེས་ཡུན་རིང་བཀག་ཉར་འོག་བཞག་སྟེ་གོ་ཐོས་མེད་པར་གྱུར་ཡོད་པ་རེད།
ཕྱི་ལོ་ ༢༠༢༢ ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་བོད་རྔ་བ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པའི་བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་ཀྱིས་ཁ་པར་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་ཚགས་བྱས་པའི་ནག་ཉེས་བཙུགས་ཏེ་ཟླ་གཉིས་ལྷག་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༢༣ ཟླ་ ༤ པའི་ནང་རྔ་བ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་གསང་བའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་བྱས་པའི་ནག་ཉེས་གཡོགས་ནས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་གཡག་རྔ་བཙོན་ཁང་དུ་བཅུག
ཕྱི་ལོ་ ༢༠༢༣ ཟླ་ ༩ ཡས་མས་ཤིག་ལ་བོད་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པའི་བོད་མི་ཕྱུག་དར་དང་དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ཀྱིས་བསང་གསོལ་དང་ལབ་རྩེ་བསྟོད་པ། ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱ་བ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ཕྱིས་སུ་དགེ་ལོ་དང་། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ལ་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་གཡག་རྔ་བཙོན་ཁང་དུ་བཅུག
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ནང་ཕྱི་རྒྱལ་གྱི་ལས་ཁུངས་དང་། རྩ་འཛུགས། མི་སྒེར་བཅས་སུ་ངན་འབྲེལ་གྱིས་གསང་མྱུལ་གྱི་བྱ་སྤྱོད་སྤེལ་ཏེ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་ཚུལ་གྱི་ཉེས་མིང་འོག འདམ་གཞུང་རྫོང་ཉེན་རྟོག་པས་སྦྲ་ཁ་གྲོང་ཚོའི་བོད་རིགས་བུད་མེད་སེམས་སྐྱིད་སྒྲོལ་མ་ཞེས་པ་ཞིག་ལ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད།
ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་རྒྱ་ནག་གཞུང་གིས་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པའི་བོད་ཀྱི་ན་གཞོན་གླུ་བ་མགོ་ལོག་དཔལ་ལྡན་ལགས་ཀྱིས་ལ་རྒྱའི་གླུ་ཞིག་བླངས་བར་ཁ་གཡར་ནས་འཛིན་བཟུང་བྱས་ཏེ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད།
བོད་དཀར་མཛེས་རྫོང་ནས་ཡིན་པའི་བོད་མི་ལྷག་རྡོར་ཞེས་པ་ཞིག་ལ་བོད་རང་བཙན་དང་འབྲེལ་བའི་བརྡ་འཕྲིན་སོགས་བརྒྱུད་བསྒྲགས་བྱས་པའི་ཉེས་མིང་འོག ཕྱི་ལོ་ ༢༠༡༦ ཟླ་ ༧ ནང་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། སྐབས་དེར་ས་གནས་སུ་དམ་དྲག་ཆེ་བའི་སྐབས་ཤིག་ཡིན་ལ། ལྷག་རྡོར་ལགས་དཀར་མཛེས་ནས་ལྷ་སར་འགྲོ་བའི་གནམ་ཐང་དུ་བསླེབས་སྐབས། ཉེན་རྟོག་པས་ཁོང་གི་ཁ་པར་ནང་བསྔོག་བཤེར་བྱས་ཏེ་བོད་རང་བཙན་གྱི་བརྡ་འཕྲིན་དང་བརྙན་ཐུང་ཉར་ཚགས་བྱས་ནས་དཀྲོག་གཏམ་སྤེལ་ཡོད་པའི་ཉེས་མིང་འོག་གནམ་ཐང་ནས་བཙན་འཁྲིད་བྱས་ཏེ་ཕྱིས་སུ་ཁྲིམས་ཐག་བཅད་ཡོད་འདུག
བོད་མི་ ༣༠ ཙམ་བཙན་འཁྲིད་བྱས་རྗེས་གསལ་ཁ་མེད་པར་གྱུར།
ཕྱི་ལོ་ ༢༠༢༣ ཟླ་དང་པོའི་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་འདམ་གཞུང་རྫོང་ཁོངས་ནས་ཡིན་པའི་བོད་མི་ཡི་དམ་དང་ཁོང་གི་གྲོགས་པོ་ཞིག་གིས་རྡོ་བརྐོས་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ། མ་ཎི་དང་ཡིག་བརྒྱ། སྒྲོལ་མ་སོགས་ཀྱི་རྡོ་བརྐོས་བཞེངས་བའི་ཉེས་མིང་གཡོགས་ནས་འཛིན་བཟུང་བྱས་རྗེས་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་རྣམ་གླིང་རྫོང་རྒྱ་མཚོ་ཡུལ་ཚོ་ནས་ཡིན་པའི་བོད་པའི་བུད་མེད་དབྱངས་མཚོ་དང་། ཕྱི་ཟླ ༡༠ ཚེས་ ༢༦ ཉིན། བོད་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་ནས་ཡིན་པའི་བོད་རིགས་བུད་མེད་དབང་ཕྱུག་མཚོ་གཉིས་ཀྱིས་དྲ་ལམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བརྒྱུད་སྐུར་བྱས་པའི་ཉེས་མིང་གཡོགས་ནས་འཛིན་བཟུང་བྱས་པའི་གནས་ཚུལ་མཁོ་སྤྲོད་གནང་བྱུང་ཡང་ཕྱིས་སུ་གནས་ཚུལ་ཅི་བྱུང་གསལ་ཁ་མི་འདུག
ཕྱི་ལོ་ ༢༠༢༣ ཟླ ༣ ཚེས་ ༢༩ ཉིན་བོད་ཡུན་ནན་རྒྱལ་ཐང་རྫོང་ནས་ཡིན་པའི་ཚེ་བཀྲ་དང་ཁོང་ཚང་གི་མག་པ་དོན་ཁོ་ཞེས་པ་གཉིས་རྫོང་ཐོག་ཏུ་ཅ་ལག་ཉོ་རུ་ཕྱིན་ཏེ་སྒྲོལ་མའི་ཁྱིམ་ཞེས་པའི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་སྐབས། གློ་བུར་དུ་ཉེན་རྟོག་པ་བཞི་ཡོང་སྟེ་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གཉིས་འཛིན་བཟུང་བྱས་ཏེ་ཉིན་གསུམ་ཙམ་གྱི་རྗེས་སུ། རྫོང་ཉེན་རྟོག་པས་ཁོང་གཉིས་ཀྱི་ཁྱིམ་མིར་ཁ་པར་ཡོང་ནས་ཉེན་རྟོག་ཁང་དུ་འབོད་འགུག་བྱས་ཏེ། ཁྱིམ་མི་ཚོའི་ལག་འཁྱེར་ཁ་པར་ནང་སྔོག་བཤེར་བྱས་ཡོད་པ་མ་ཟད། ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་སོགས་འདྲི་རྩད་ནན་པོ་བྱས་རྗེས་ཁྱིམ་དུ་ལོག་བཏང་ཡོད་འདུག ཡིན་ནའང། ཚེ་བཀྲ་དང་དོན་ཁོ་གཉིས་ཀྱི་གནས་ཚུལ་གོ་ཐོས་མི་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༧ ནང་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མཚོ་སྔོན་པོའི་འགྲམ་གྱི་ཅང་ཤེས་ཁུག་གྲོང་བརྡལ་རྨོག་རུ་སྡེ་བ་རུ། རྟ་རྒྱུག་རྩེད་འགྲན་ཚོགས་སྐབས་སྒེར་གྱི་རླངས་འཁོར་ནང་ཚོང་རྫས་ཙག་ཙིག་བླུགས་ཏེ་ཁྲིམས་འགལ་ཚོང་ལས་གཉེར་བའི་ཉེས་མིང་འོག་སྐྱེས་པ་གཉིས་གསུམ་ཞིག་བཙན་འཁྲིད་བྱས་ཡོད་པ་དང་། སྐྱེས་པ་རྣམས་ཉེན་རྟོག་རླངས་འཁོར་ནང་དུ་བཅུག་རྗེས། ཨ་མ་ལགས་ཤིག་འུ་ཐུག་ཐབས་ཟད་ཀྱིས་ང་སོད། ང་མ་བསད་བར་དུ་གཏོང་གི་མིན་ཞེས་ཉེན་རྟོག་པའི་རླངས་འཁོར་འོག་ཏུ་ཉལ་བསྡད་ཡོད་པ་སོགས་ཀྱི་བརྙན་ཐུང་དྲ་ལམ་དུ་ཁྱབ་ཡོད་ཀྱང་། ཕྱིས་སུ་སྐྱེས་པ་གཉིས་གསུམ་དེ་བཙན་འཁྲིད་བྱས་ཡོད་པ་མ་ཟད། རང་སྲོག་གཅོད་རྩིས་ཀྱི་འཇིགས་སྐུལ་བྱས་ཏེ་གོང་རིམ་གྱི་བཀའ་ལ་རྒྱབ་འགལ་བྱས་པའི་ནག་ཉེས་ཡོད་སྐོར་གྱི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་དུ་སྤེལ་སོང་།
ཕྱི་ལོ་ ༢༠༢༣ ཟླ་ ༩ ནང་བོད་སེར་ཤུལ་རྫོང་ནས་ཡིན་པའི་དམག་མི་ཚེ་དཔལ་ཞེས་པ་ཞིག་གིས། ཁྲོམ་གྱི་ཤ་སྲེག་བཙོང་ས་ཞིག་ཏུ་རྒྱའི་དམག་མི་གཉིས་ཀྱིས་བོད་མི་སློང་མོ་བ་ཞིག་ལ་ཕར་རྒྱུག་ཟེར་ནས་ཕུད་རྒྱག་བཏང་སྟེ་ས་ལ་འགྱེལ་སོང་བ་སོགས་བརྙས་བཅོས་བྱེད་ཀྱི་ཡོད་པ་མཐོང་སྐབས། ཁོང་གིས་ལམ་སང་རྒྱ་དམག་གཉིས་ལ་སྤྲོད་རྒྱུ་མེད་ནའང་། ཉམ་ཆུང་ཞིག་ལ་བརྙས་བཅོས་ག་རེ་བྱས་ནས་གཏོང་གི་ཡོད་ཅེས་བཤད་པ་ན། བོད་པ་འདི་ཚོ་སེམས་ཅན་དང་གཅིག་པ་རེད་འདུག་ཅེས་ཡང་བསྐྱར་སློང་མོ་བ་དེར་རྡུང་རྩིས་བྱེད་སྐབས། ཚེ་དཔལ་ལགས་ཁོང་ཁྲོ་ལངས་ནས་འཛིང་རིས་བྱས་ཏེ་དམག་མི་གཅིག་བསད་པ་དང་། གཞན་དེ་བྲོས་ཕྱིན་ཡོད་འདུག དེ་མ་ཐག་ཉེན་རྟོག་པ་བསླེབས་ནས་ཚེ་དཔལ་ལགས་འཛིན་བཟུང་བྱས་རྗེས་གནས་ཚུལ་གང་ཡང་རྒྱུས་ལོན་ཐུབ་ཀྱི་མི་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༩ ནང་སྟོད་དིང་རི་རྫོང་གད་དམར་ཡུལ་ཚོའི་ནུབ་ལུང་སྡེའི་ལ་སྟོད་ལྷོའི་ཤྭ་རི་དཔལ་གྱི་ལྷ་གདོང་དགོན་པའི་ནང་ཞབས་རིམ་གསོག་སྒྲུབ་གནང་སྐབས། ༧གོང་ས་མཆོག་ལ་ཞབས་རིམ་དང་སྨོན་ལམ་གསུང་འདོན་གནང་བའི་ཉེས་མིང་འོག ལྷ་གདོང་དགོན་པའི་དགེ་འདུན་པ་བསོད་ནམས་དང་། སྐལ་བཟང་ཚེ་རིང་། ཉི་མ། ཕུན་ཚོགས་བཅས་འཛིན་བཟུང་བྱས་ཏེ་ཟླ་གསུམ་ཙམ་འགྲོ་བཞིན་ཡོད་ཀྱང་ཡུལ་མི་གཉེན་འབྲེལ་ཚོས་ད་ལྟའང་ཁོང་ཚོ་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༠ དང་ ༢༥ གཉིས་སུ་མགོ་ལོག་ཁུལ་དར་ལག་རྫོང་ཉེན་རྟོག་ཁང་གིས་ཁུངས་སྣེ་འཚོལ་བསྡུ་བྱེད་པའི་སྐོར་གྱི་བརྡ་ཁྱབ་ཟེར་བ་ཞིག་བསྒྲགས་ཏེ། དར་ལག་རྫོང་གི་བོད་མི་མགོན་རྣམ་དང་། མགོན་ཚེ། འཇིགས་མེད་བསྟན་འཛིན། དཔལ་ལྡན། བློ་ཆོས་རྣམ་རྒྱལ། ནོར་སྡེ། སྐལ་བཟང་བཅས་ཀྱིས་ཆོས་ལུགས་དང་། རྒྱུ་ནོར་གཡོ་ལེན། ཚོ་ཤོག་དབང་ཤུགས་བེད་སྤྱོད་བཏང་ཡོད་ལུགས་བརྗོད་དེ་ཁོང་ཚོ་འཛིན་བཟུང་བྱས་ཡོད་པ་མ་ཟད། ནག་ཉེས་ཐེར་འདོན་བྱེད་མཁན་དང་གནས་ཚུལ་གྱི་ཁུངས་སྣེ་མཁོ་འདོན་བྱེད་མཁན་ཡོད་ན་མི་དེའི་སྐོར་གསང་བ་དམ་སྲུང་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་རེད།
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༥ ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་ནས་ཡིན་པའི་བོད་མི་བསམ་འཕེལ་ཞེས་པ་ཞིག་དགེ་སྡིངས་གྲོང་རྡལ་ཉེན་རྟོག་ཁང་དུ་འབོད་འགུག་བྱས་ཡོད་པ་དང་། བསམ་འཕེལ་ལགས་ལས་ཁུངས་སུ་བསླེབས་མ་ཐག་ལག་གི་ཁ་པར་འཕྲོག་སྟེ་སྔོག་བཤེར་བྱས་རྗེས། ཁ་པར་ནང་དུ་ནང་ཆོས་ཚོགས་པ་ཟེར་བ་དེ་འདྲ་ག་དུས་གསར་འཛུགས་བྱས་པ་ཡིན་ཞེས་འདྲི་བརྩད་མང་པོ་བྱས་རྗེས། གཞིས་ཀ་རྩེ་ནས་བཙན་འཁྲིད་བྱས་རྗེས་གོ་རྒྱུ་མེད་པར་གྱུར་བའི་གནས་ཚུལ་མཁོ་སྤྲོད་གནང་བྱུང་།
ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཟླ་མཇུག་ཏུ། རྒྱ་ནག་ཉེན་རྟོག་པས་བོད་མཛོད་དགེ་ཐེ་བོ་རྫོང་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ཞེས་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ཁོང་བཙན་འཁྲིད་བྱས་ཏེ་ཉིན་གྲངས་བཅུ་ལྷག་ཕྱིན་རྗེས། འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར་གྲྭ་དཀོན་མཆོག་གྲགས་པ་འཛིན་བཟུང་བྱེད་དགོས་དོན་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཁྱིམ་མི་ཚོ་འབྲེལ་ཡོད་ལས་ཁུངས་སུ་ཁོང་ལ་ཐུག་ཏུ་ཕྱིན་ཡོད་ཀྱང་ཕྱིར་ལོག་བཏང་ཡོད་སྐོར་དང་། གྲྭ་དཀོན་མཆོག་གྲགས་པ་ནི་རྒྱུན་དུ་ནས་མཚམས་ལ་བཞུགས་པ་སོགས་ཆོས་ཕྱོགས་ཀྱི་བྱ་བ་གནང་མཁན་ཞིག་ཡིན་པ་ལས། རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་འགལ་བའི་ལས་ཀ་བྱེད་མཁན་ཞིག་གཏན་ནས་མིན་སྐོར་བརྗོད་བྱུང་།
ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༣ ཉིན་སེར་ཤུལ་རྫོང་སྐར་ཆེན་ཡུལ་ཚོའི་མཚོ་མོ་དང་ཉི་སྒྲོན་ཞེས་པའི་བུད་མེད་གཉིས་ཀྱིས་འཕྲིན་ཕྲན་ཚོགས་པ་མི་གྲངས་ ༣༢༠ ཡོད་པའི་རླུང་རྟ་ཡར་འགྲོ་ཚོགས་པ་དང་མི་གྲངས་ ༤༦༩ ཡོད་པའི་ཚོགས་པ་གཉིས་ཀྱི་ནང་ནང་ཆོས་ངོ་སྤྲོད་དང་སྡིག་སྤངས་དགེ་བསྒྲུབ་ཀྱི་སྒྲ་ཐག་བརྒྱུད་སྐུལ་གནང་བའི་ཉེས་མིང་འོག སེར་ཤུལ་རྫོང་སྐར་ཆེན་གྲོང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་སེར་ཤུལ་རྫོང་ཉེན་རྟོག་ཁང་དུ་ཁྲིད་རྗེས་གོ་ཐོས་མེད་པར་གྱུར།
ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་ཞོགས་པར། དེ་སྔོན་ཏོག་དབྱིབས་གཉན་རིམས་སྐབས་བོད་ཆུ་དམར་ལེབ་རྫོང་གི་ས་གནས་བོད་མིར་ཤ་དང་མར་སོགས་ཀྱིས་རོགས་བྱས་མྱོང་མཁན་སངས་ཚེ་ཞེས་པ་ཞིག་གློ་བུར་དུ་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ་དང་། ཁྱིམ་མི་རྣམས་ས་གནས་ཉེན་རྟོག་ཁང་དུ་ཕྱིན་ཏེ་ཁོང་འཛིན་བཟུང་བྱེད་དོན་ཅི་ཡིན་སོགས་སྐད་ཆ་དྲིས་ཡོད་ཀྱང་ལན་གང་ཡང་མ་སྤྲད་པར་ཕྱིར་ལོག་དགོས་བྱུང་ཡོད་འདུག
བཙན་གནོན་འོག་གི་བོད་ཀྱི་ཆབ་སྲིད་བཙོན་ཟུར་འགའ།
ཕྱི་ལོ་ ༢༠༢༣ ཟླ ༥ ཚེས ༢༥ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་བཙོན་འཇུག་དུས་ཡུན་ལོ་ ༢ རྫོགས་ནས་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་གཟུགས་གཞིའི་གནས་སྟངས་སྐྱོ་བོ་ཆགས་ཡོད་པར་ཤེས་རྟོགས་བྱུང་ཡོད་ལ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་གིས་ཀློད་གྲོལ་བཏང་པའི་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱིས་སྲིང་མོ་ཚེ་རིང་ལྷ་མོའི་གཟུགས་གཞིའི་གནས་སྟངས་ཞན་པོར་གྱུར་ཡོད་པར་ཤེས་རྟོགས་བྱུང་ཡོད་ཀྱང་། ད་ལྟ་ཁོང་གཉིས་སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཤེས་རྟོགས་གང་ཡང་བྱུང་མེད་པ་རེད།
བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་མགོ་ལོག་དར་ལག་རྫོང་དུ་ཕྱིན་སྐབས་རྒྱ་གཞུང་མི་སྣས་རྗེས་འདེད་བཏང་ནས་མགྲོན་ཁང་གཡར་དུ་མ་བཅུག་པའི་དཀའ་ངལ་འཕྲད་པ་མ་ཟད། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས ༡༩ ཉིན་ཁོང་གིས་མགྲོན་ཁང་ཞིག་ཏུ་ཐོ་འགོད་བྱེད་སྐབས། གློ་བུར་དུ་ཁ་རས་ནག་པོ་གྱོན་པའི་མི་ཁག་ཅིག་གིས་སྐར་མ་བཅུ་ལྷག་བཅར་རྡུང་བྱས་ཏེ་གདོང་དང་རྐང་ལག་སོགས་ལ་རྨས་སྐྱོན་བཟོས། ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ཁོང་རང་གི་ས་ཆའི་ཐོག་རླངས་འཁོར་འཁྲུ་ས་ཞིག་སྒོ་ཕྱེ་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་ཁྲིམས་འགལ་ཡིན་ཚུལ་བརྗོད་དེ་དེབ་སྐྱེལ་བྱས་མེད་པ་མ་ཟད། དྲ་ལམ་དུ་དེ་འབྲེལ་གནས་ཚུལ་བཀྲམ་པར་བརྗོད་དེ། བཀྲ་ཤིས་དབང་ཕྱུག་ལགས་ཉིན་གསུམ་རིང་བཀག་ཉར་བྱས་ཏེ་གཅར་རྡུང་བཏང་ཡོད་འདུག
ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༨ ཚེས་ ༡༠ ཡས་མས་ཤིག་ལ་བོད་ནང་གི་རྩོམ་པ་པོ་བློ་བཟང་ལྷུན་འགྲུབ་བམ་སྨྱུག་མིང་ལ་དྷཱི་ལྷ་ལྡན་ལགས་ཀྱི་བཙོན་འཇུག་དུས་ཡུན་ལོ་བཞི་དང་ཕྱེད་ཀ་ཟིན་ཏེ་གསང་བའི་ངང་ནས་ཀློད་གྲོལ་བྱས་ཡོད་ཅིང་། ཁོང་གིས་ཁོང་གི་ནང་མི་དང་གྲོགས་པོ་སོགས་ཁྲིན་ཏུའུ་རུ་སྣེ་ལེན་བྱེད་དུ་ཕྱིན་ཏེ། ཁོང་གིས་ཁྲིན་ཏུའུ་ནས་གཟུགས་གཞི་བརྟག་དཔྱད་གནང་བ་བརྒྱུད། སྐུ་གཟུགས་བདེ་ཐང་ཡིན་པ་ཤེས་རྟོགས་བྱང་ཡོད་ཀྱང་། ཁོང་ཉིད་ལ་མུ་མཐུད་ལྟ་རྟོག་དང་གསང་མྱུལ་བྱེད་མུས་ཡིན་འདུག
འདི་ལོའི་ཕྱི་ཟླ ༡༠ པའི་ནང་བོད་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དབང་ཆེན་ལགས་ནང་མི་དང་བཅས་ལྷ་སར་གནས་སྐོར་དུ་ཕྱིན་ཏེ་སྤྱི་ཚོགས་དྲ་ལམ་དུ་འདྲ་པར་མང་པོ་སྤེལ་བ་དང་། གོང་རིམ་གྱི་བཀའ་འཁྲོལ་མེད་ལ་ཐོབ་ཐང་དཔང་ཡིག་སོགས་མེད་པར་ས་གནས་གཞན་དུ་སོང་བར་བསྙད་དེ་འདྲི་བརྩད་གཅར་རྡུང་མང་པོ་བཏང་བའི་རྐྱེན་གྱིས། ཁོང་གི་གྲོད་ཁོག་སོགས་བསྐྲངས་ནས་སེ་རའི་གཤམ་འོག་གི་དམག་གི་སྨན་ཁང་དེར་ཕྱིན་ནས་ཡུན་རིང་སྨན་བཅོས་བྱེད་དགོས་བྱུང་།
ཨ་ཅག་མགོན་པོ་སྐྱིད་ཐེངས་ ༧ ལྷག་ལ་བཙན་འཁྲིད་བྱས།
བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་དུ་ཁྲིམས་ཞིབ་དགོས་པའི་ཞི་བའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༠ དང་༡༦། ཟླ་ ༧ ཚེས་ ༥ དང་ ༡༣། ཕྱི་ཟླ ༨ ཚེས་ ༢། ཕྱི་ཟླ་ ༨ ཚེས་ ༢༥ ། ཕྱི་ཟླ་ ༡༢ ཚེས་ ༡༣ བཅས་སུ་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གི་མདུན་སོགས་སུ་སྔ་གཞུག་ཏུ་ཐེངས་ ༧ ལྷག་ལ་ཟས་བཅད་ངོ་རྒོལ་དང་རྐྱང་ཕྱག་འཚལ་བ་སོགས་བྱས་ནས་ཞུ་འབོད་ལས་འགུལ་སྤེལ་ཡོད་པ་རེད། ཞུ་འབོད་ལས་འགུལ་གསར་ཤོས་ཏེ་ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་མགོན་པོ་སྐྱིད་ལགས་དང་ཁོང་གི་བཟའ་ཟླ་ཆོས་སྐྱོང་ལགས་གཉིས་ཀྱི་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གི་མདུན་དུ་ཞི་བའི་འབོད་སྐུལ་ལས་འགུལ་སྤེལ་བར་བརྟེན། ཁོང་གཉིས་བཙན་འཁྲིད་བྱས་ཡོད་ཀྱང་ཕྱིས་སུ་ཀློད་གྲོལ་བཏང་ཡོད་པ་རེད།
བོད་འཛམ་གླིང་ནང་གི་རང་དབང་ཆེས་སྡུག་ཤོས་ཀྱི་གྲས་སུ་ཚུད།
ཕྱི་ལོ ༢༠༢༣ ཟླ་ ༣ ཚེས་ ༡༣ ཉིན་ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་ (Freedom House) པས། ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་གི་རང་དབང་ (Freedom in the world 2023) ཞེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། འདས་པའི་ལོ་གཅིག་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ཁུལ་ ༢༡༠ ཡི་སྤྱི་དམངས་རང་དབང་དང་། ཆབ་སྲིད་ཁེ་དབང་གི་གནས་སྟངས་སོགས་ཀྱི་ཐད་ཉམས་ཞིབ་བྱས་ཏེ། རང་དབང་ལྡན་པའི་རྒྱལ་ཁབ་དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ། རང་དབང་མི་ལྡན་པའི་རྒྱལ་ཁབ་བཅས་རིམ་པ་གསུམ་དུ་དབྱེ་བ་ཕྱེ་ཡོད་པའི་ཁྲོད། བོད་ནང་གི་ཆབ་སྲིད་ཀྱི་ཐོབ་ཐང་དེ་གོར་ཐིག་འོག་གི་ ༢ ལ་ཟགས་ནས་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད་པའི་སྙན་ཐོ་བཏོན་ཡོད། སྙན་ཐོ་དེའི་ནང་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་བསམ་བློ་བ། སྒྱུ་རྩལ་བ་སོགས་ལ་དམིགས་བསལ་གྱིས་དྲག་གནོན་དང་འབུར་འཇོམས་གཏོང་བཞིན་ཡོད་སྐོར་དང་། ལྷག་པར་དུ་འདས་ལོར་རྒྱ་ནག་གཞུང་གིས་དྲ་ལམ་ཁག་ཏུ་བོད་ཀྱི་རྒྱལ་དར་བསྐུར་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་སོགས་ལ་ནག་ཉེས་བཙུགས་ཏེ་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པ། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་ཚུད་པའི་བོད་ནང་གི་ས་གནས་མང་པོ་ཞིག་ཏུ། རྒྱལ་སྤྱིའི་གནད་ཡོད་མི་སྣ་དང་། གསར་འགོད་པ་སོགས་འགྲོ་སྐྱོད་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། བོད་ནང་གི་བོད་མི་ཚོའི་སྤྱི་ཚོགས་དྲ་གནས་ཁག་ལ་ལྟ་ཞིབ་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་སོགས་བཀོད་ཡོད་པ་རེད།
རྒྱ་སྒྱུར་སློབ་གསོའི་ཚ་རླབས་དང་བོད་ཀྱི་སྐད་ཡིག་གི་ཆག་འཇིག
རྒྱ་ནག་གཞུང་གིས་བོད་སོགས་བཙན་བཟུང་བྱས་པ་རྣམས་ཀྱང་ཚུད་པའི་ཐོག་ནས་རྒྱལ་ཡོངས་ཀྱི་སྤྱི་སྐད་ཅེས་རྒྱའི་སྐད་ཡིག་ཅན་དུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་ནང་གི་སྒེར་བཙུགས་སློབ་གྲྭ་ཁག་བཙན་གྱིས་སྒོ་བརྒྱབ་སྟེ་གཞུང་གཉེར་སློབ་གྲྭ་ཇེ་མང་དུ་གཏོང་བཞིན་ཡོད་པ་མ་ཟད། འཛིན་རིམ་དང་པོ་ནས་བཟུང་གཏན་སྡོད་སློབ་གྲྭ་བཟོས་ཏེ་རྒྱ་ཡིག་རྒྱ་སྐད་དང་། རྒྱའི་རིག་གཞུང་ཁོ་ན་ཅན་དུ་བསྒྱུར་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ལོའི་དཔྱིད་ལོའི་སློབ་མགོ་བཙུགས་པ་ནས་བཟུང་རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་བོད་སྐད་ཡིག་སློབ་འཁྲིད་རིམ་བཞིན་མཚམས་འཇོག་བྱས་པའི་མགོ་བརྩམས་ཟིན་ལ། དེ་བཞིན་དཀར་མཛེས་ཁུལ་ཁོངས་ཀྱི་སློབ་གྲྭ་སོ་སོར་བརྡ་སྦྱོར་བཏང་ནས། ཕྱི་ལོ་ ༢༠༢༤ ལོ་ནས་བཟུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཚང་མར་བོད་ཡིག་གི་སློབ་ཁྲིད་དང་བསླབ་གཞི་ཚང་མ་མཚམས་བཞག་ནས་རྒྱ་ཡིག་རྐྱང་བ་སློབ་ཁྲིད་བྱ་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་བོད་ནང་གི་པར་བསྐྲུན་ཁང་དག་ལ་སྔར་ལྷག་སྟངས་འཛིན་དང་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། མི་སྒེར་གྱི་དཔེ་དེབ་དང་། ལྷག་པར་དུ་སྐད་གྲགས་ཅན་དང་དེ་སྔོན་ཆབ་སྲིད་ཀྱི་ཉེས་མིང་གཡོགས་པའི་བོད་རིགས་རྩོམ་པ་པོ་རྣམས་ཀྱི་དེབ་ཀྱི་ནང་དོན་ཐད་ཧ་ཅང་དམ་དྲག་དང་དོགས་ཟོན་ཆེན་པོ་བྱེད་བཞིན་འདུག
གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས།
ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༧ གྱི་དགོང་མོར་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དང་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་དགུང་ལོ་ ༥༤ ཐོག་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གྲོངས་ཡོད་པར་བརྟེན། བོད་ཕྱི་ནང་གཉིས་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཐོག་ནས་གློག་བརྙན་ལས་རིགས་ལ་དོ་དབྱིངས་ཡོད་མཁན་མང་པོས་གདུང་སེམས་མཉམ་སྐྱེད་ཞུས་པ་དང་སྦྲགས། བོད་ཀྱི་གློག་བརྙན་སྒྱུ་རྩལ་རྒྱལ་སྤྱིའི་ཁྲོམ་རའི་ནང་སྐྱེལ་མཁན་དམ་པ་ཁོང་གློ་བུར་དུ་སྐུ་གྲོངས་བ་ནི་སྤྱིར་གློག་བརྙན་ལས་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་ལ། དམ་པ་ཁོང་ལ་ད་ལྟ་བར་དུ་གློག་བརྙན་ཆེ་ཆུང་མི་འདྲ་བ་གྲངས་ ༡༤ ལྷག་ཡོད་པ་མ་ཟད། ཁོང་གི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར། དབུགས་ལྒང་བཅས་ལ་རྒྱལ་སྤྱིའི་ཝཱ་ནེ་སི་(ςενιχε) དང་། ཨ་རིའི་བྷིར་ཀི་ལིན་(Βροοκλψν) ། ཐའེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པའི་ཚབ་མཚོན་མི་སྣ་ལྟ་བུར་གྱུར་ཡོད་ལ། ཁོང་གི་གློག་བརྙན་གྲགས་ཅན་ཐར་ལོ་ལ་རྒྱལ་ཕྱི་ནང་གི་གཟེངས་རྟགས་མི་འདྲ་བ་ ༡༢ ཐོབ་ཡོད་འདུག་ལ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡ ཉིན་ཕྱི་ལོ་ ༢༠༢༣ ལོའི་ཊོག་ཡོའི་གློག་བརྙན་དུས་སྟོན་ཐེངས་༣༦ པའི་(Τηε 36τη Τοκψο Ιντερνατιοναλ Φιλμ Φεστιϖαλ) སྟེང་དམ་པ་ཁོང་གི་གློག་བརྙན་གསའ་ལ་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་ཅིང་། དེ་ནི་ཁོང་གིས་འཁྲབ་ཁྲིད་གནང་བའི་གློག་བརྙན་མཐའ་མ་དེ་ཡིན་འདུག
དཀྱིལ་འཁོར་གཏོར་ཏེ་དུས་འཁོར་དབང་ཆེན་གློ་བུར་དུ་བཀག
ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༠ ནས་ ༢༣ བར་དུ་བོད་མཚོ་སྔོན་ཞིང་ཆེན་མང་རྫོང་མགོ་མང་གྲོང་ཚོ་ས་རྨད་བཞི་སྡེ་བ་རུ། ༧སྐྱབས་རྗེ་ཨ་ཐིས་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་གིས་དཔལ་དུས་འཁོར་ལོའི་དབང་ཆེན་གནང་གཏན་འཁེལ་ཏེ། བླ་མ་གདན་འདྲེན་ཞུས་ཏེ་ཆོས་ཞུ་བ་ཁྲི་ཕྲག་འགའ་འཛོམས་ཀྱི་ཡོད་ཀྱང་། ཟླ་དེའི་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་སྔ་ནམ་ལངས་མ་ལངས་ཙམ་ལ་ས་གནས་མགོ་འཁྲིད་དང་ཉེན་རྟོག་པ་སོགས་ཡོང་སྟེ། བླ་མ་བཙན་གྱིས་ཕྱིར་ཕེབས་བཅུག་ཡོད་པ་མ་ཟད། དུས་དབང་གོ་སྒྲིག་པ་རྣམས་འདྲི་རྩད་བཀག་ཉར་འོག་བཅུག་སྟེ། དུས་དབང་གི་དཀྱིལ་འཁོར་ཐོག་ཆུ་བླུགས་ཏེ་གཏོར་བཤིག་གཏོང་སྐབས། ཆོས་ཞུ་བ་མང་པོས་བཀག་འགོག་དང་། མུ་མཐུད་དུ་དུས་དབང་འཚོགས་བཅུག་པའི་རེ་སྐུལ་ཞུ་སྐབས་མི་མང་ལ་གཅར་རྡུང་བཏང་བ་དང་། དེ་ནས་མི་མང་གི་སྡོད་གུར་ཁུལ་དུ་ཕྱིན་ཏེ་དུས་དབང་འཚོགས་རྒྱུ་མིན་པས། མི་མང་ཚང་མར་རང་ཡུལ་དུ་ལོག་དགོས་པའི་བཙན་བཀའ་བཏང་ནས་དུས་དབང་གློ་བུར་དུ་འཚོགས་བཅུག་མེད་པ་མ་ཟད། དུས་དབང་གོ་སྒྲིག་པ་ཁག་ཅིག་ཀྱང་བཙན་འཁྲིད་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཕྱིའི་སྐྱོན་བརྗོད་ལ་གཡོལ་ཐབས་ཀྱི་རྒྱབ་ཤ་དཀར་པོའི་དེབ་བཏོན།
ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས ༡༠ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་སྒྲུབ་ཁང་ཟེར་བ་དེས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ལག་བསྟར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཞེས་པའི་དོན་ཚན་ཆེན་པོ་དྲུག་ཡོད་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་ཅིང་། དེའི་ནང་དུ་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཟེར་བ་གཏན་འབེབ་བྱས་ཡོད་པ་མ་ཟད། ངེས་པར་དུ་དགོས་པ་བཅུ་ཞེས་པ་ཞིག་གཏན་འབེབ་བྱས་པའི་ནང་། ངེས་པར་དུ་བོད་ཀྱི་ལས་དོན་ཐོག་རྒྱ་ནག་དམག་ཤོག་ཚོགས་པས་མགོ་འཁྲིད་རྒྱུན་འཁྱོངས་དགོས་པ་དང་། རྒྱ་ནག་གི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་རང་སྐྱོང་ས་ཁུལ་གྱི་ལམ་ལུགས་རྒྱུན་འཁྱོངས། ངེས་པར་དུ་རྒྱལ་ཁབ་སྐྱོང་བར་ཐོག་མར་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་ཐོག་མར་བོད་བརྟན་བརླིང་གི་འཐབ་ཇུས་ཀྱི་བསམ་བློ་རྒྱུན་འཁྱོངས་དགོས་པ། དེ་བཞིན་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་རྒྱུན་འཁྱོངས། མི་རིགས་མཐུན་སྒྲིལ་ཡར་སྐུལ་ནི་བོད་ཀྱི་ལས་དོན་གྱི་ཤུགས་གནོན་རྒྱག་ས་ལྟེ་བ་དང་། ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་བྱ་བ་གཉེར་ཏེ་དམངས་སེམས་འགུག་པ་དང་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཐབས་རྒྱུན་འཁྱོངས། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་ཁ་ཕྱོགས་པ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་ཆོས་ལུགས་བྱ་བར་དོ་དམ་ནན་པོ་བྱེད་དགོས་པ་སོགས་བཀོད་ཡོད།
བོད་རིག་པའི་མཁས་དབང་ཆེན་མོ་སངས་རྒྱས་ལགས་སྐུ་གྲོངས།
ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༦ ཉིན་གྱི་དགོང་མོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་གཙོ་ཟུར་པ་བོད་རིག་པའི་མཁས་དབང་དང་ལོ་ཙཱ་བ་སངས་རྒྱས་ལགས་ནད་གཞི་ཡི་རྐྱེན་གྱིས་དགུང་གྲངས་ ༧༡ ཐོག་རེབ་གོང་དུ་སྐུ་གྲོངས་ཡོད་པ་རེད། སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ནི་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་ཁོངས་སུ་སྐྱེས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གནང་བའི་ཞོར་དུ།
ཕྱི་ལོ ༢༠༠༡ ལོར་ཞིང་ཆེན་རིམ་པའི་གནད་ཆེའི་ལས་གཞི་སྟེ∩དེང་རབས་རྒྱ་ཡིག་ཚིག་མཛོད∪(པར་ཐེངས་དྲུག་པ)ཀྱི་རྒྱ་བོད་ལོ་ཙཱའི་དབུ་བཞུགས་ཆེད་མཁས་པའི་འགན་བཞེས་ཡོད་པ་དང་། ཕྱི་ལོ ༢༠༢༢ ལོར་རྒྱལ་ཁབ་ལོ་ཙཱ་པའི་མཐུན་ཚོགས་ཀྱིས“བསླབ་པ་ཟབ་པའི་ལོ་ཙཱ་པ”ཞེས་པའི་མཚན་སྙན་ཐོབ། ༡༩༩༡ ལོ་ནས ༢༠༠༡ བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའི་འགན་བཞེས་ཤིང་། བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཛིན་གནང་སྟེ་བོད་ཡིག་དཔེ་དེབ་དང་དུས་དེབ་སྟོག་ཕྲག་ལྷག་ཅིག་པར་སྐྲུན་གནང་ཡོད་འདུག་ལ། “རྒྱལ་ཡོངས་དཔེ་སྐྲུན་ལས་མཛད་ཕུལ་བྱུང་པ་བརྒྱ”ཞེས་པའི་མཚན་སྙན་ཡང་ཕུལ་ཡོད་འདུག
༧གུང་ཐང་མཁན་ཆེན་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་དང་པོ་བསྩལ།
ཕྱི་ལོ་ ༢༠༢༣ ཟླ ༩ ཚེས་ ༡༤ ནས་ ༡༧ བར་ཉིན་གྲངས་བཞིའི་རིང་། བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བྱང་རྒྱུད་དུ་ཆགས་པའི་མཛོད་དགེ་སྨད་མ་སྒར་རྙིང་གི་གདུང་གྱའི་ཐང་ཆེན་དུ། གསེར་ཁྲི་རྣམ་པ་བཞིའི་ཡ་གྱལ་གུང་ཐང་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆོས་ཚོགས་ཀྱི་བྱེད་སྒོ་འཆམ་མཐུན་དང་བརྟན་བརླིང་། བདེ་བླག་བཅས་ཡོང་བ་དང་། ཡུལ་དངོས་ཀྱི་འགྲིམ་འགྲུལ་འགག་པ་དང་འཚང་ག་རྒྱག་པ། དོ་དམ་རྙོག་དྲ་མི་ཡོང་བ་སོགས་ལ་ཁ་གཡར་ཏེ། ས་གནས་གཞན་ནས་ཡོང་བའི་ཆོས་ཞུ་བར་བཞུགས་ཡུལ་བཀོད་སྒྲིག་མེད་པས་ཕྱིར་ལོག་ན་ཡག་པོ་དགོས་པའི་བཀོད་ཁྱབ་བཏང་མིན་ལ་མ་ལྟོས་པར། དུས་དབང་ཞུ་བར་བོད་ཆོལ་ཁ་གསུམ་གྱི་དད་ལྡན་སེར་སྐྱ་མི་མང་གཙོ་བོར་གྱུར་བའི་དད་ལྡན་དོན་གཉེར་བ་མི་གྲངས་ཁྲི་ཚོ་མང་པོ་འཛོམས་ཡོད་པ་རེད།
བོད་རིགས་ལུས་རྩལ་བས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས།
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༤ ཉིན་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ་ ༣༥ ཡི་འདུར་རྒྱུག་འགྲན་སྡུར་ཁྲོད་བསྐྱར་དུ་ཨང་དང་པོ་བླངས་ཡོད་པ་མ་ཟད། གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེའི་ཐོག་ཕྱི་ལོ་ ༢༠༡༢ ལོའི་ལིན་ཏོན་ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ཐོབ་པ་གསབ་སྤྲོད་ཀྱི་མཛད་སྒོའང་མཉམ་དུ་གཉེར་ཡོད་པ་རེད།
ཕྱི་ལོ་ ༢༠༢༣ ཟླ ༢ པའི་ནང་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིའི་མེ་ལཱ་རྫོང་གྲོང་ཁྱེར་དུ་འཚོགས་པའི་སི་པན་དང་རྒྱ་ནག ཨི་ཊ་ལི་བཅས་ཀྱི་འདུར་རྒྱུག་འགྲན་བསྡུར་ཁྲོད། བོད་ཀྱི་བུ་མོ་ཀླུ་མོ་མཚོས་ཆུ་ཚོད་གཉིས་དང་སྐར་མ་ ༤༦་དང་སྐར་ཆ་ ༠༨ ཀྱི་ཐོག་ནས་སྐྱེས་མའི་སྤྱི་ལེ་ ༣༥ ཡི་འགྲན་བསྡུར་ལས་ཨང་དང་པོ་དང་། ཕྱི་ཟླ་ ༢ ཚེས་ ༡༡ ཉིན་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རི་འཛེགས་ཀྱི་རྩེད་འགྲན་ཁྲོད། བོད་རིགས་རྩེད་འགྲན་པ་ཚེ་བརྟན་གཡུ་སྒྲོན་ལགས་ལ་ལོ་ ༡༨ མན་གྱི་བུ་མོའི་རྩེད་འགྲན་ནང་ཨང་དང་པོ་ཐོབ། ལོ་ ༡༦ མན་གྱི་སྐྱེས་པའི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་ཀུན་བཟང་རྣམ་རྒྱལ་ལགས་ཀྱིས་ཨང་དང་པོ་བླངས་ནས་གསེར་གྱི་རྟགས་མ་ཐོབ་པ་དང་། དངོས་གྲུབ་ཚེ་རིང་ལགས་ལ་དངུལ་གྱི་རྟགས་མ་ཐོབ། ལོ་ ༡༦ མན་གྱི་བུ་མོའི་འགྲན་སྡུར་ཁྲོད་ནམ་མཁའ་བུ་ཁྲིད་ལགས་ལ་ཨང་གཉིས་པ་བཅས་ཐོབ། ཕྱི་ཟླ ༡༡ ཚེས་ ༡༡ ཉིན་རྒྱ་ནག་ཡུན་ནན་ཞི་ཁྲོའུ་རུ་འཚོགས་པའི་ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་རི་ལུང་ཐང་གསུམ་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་གྱི་རྟིང་རྩོད་ཁྲོད་བོད་མཚོ་སྔོན་མདོ་ལ་རྫོང་ནས་ཡིན་པའི་བུ་མོ་གཡང་མོ་འཚོ་ལགས་ལ་ཨང་རིམ་དང་པོ་ཐོབ། ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་བོད་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཟེར་བའི་བཙན་ལྷ་རྫོང་ནས་ཡིན་པའི་བུ་མོ་སྒྲོལ་མ་སྐྱིད་ལགས་རྒྱ་ནག་རྒྱལ་ཡོངས་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཏུ་འདེམས་ཐོན་བྱུང་ཡོད་ཅིང་། ཁོང་མོ་ནི་རྒྱ་ནག་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ཏུ་འདེམས་ཐོན་བྱུང་བའི་བོད་ཀྱི་བུད་མེད་ཐོག་མ་དེ་ཡིན་འདུག
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དགུའི་གནད་དོན་ལ་གསལ་བཤད་དགོས།
ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་དམིགས་བསལ་རྟོག་ཞིབ་སྡེ་ཚན་དང་། ཆོས་དད་རང་དབང་གི་རྟོག་ཞིབ་སྡེ་ཚན། ཁོར་ཡུག་སྲུང་སྐྱོབ་ཀྱི་རྟོག་ཞིབ་སྡེ་ཚན་བཅས་རྒྱལ་ཚོགས་ཀྱི་དམིགས་བསལ་སྡེ་ཚན་གསུམ་གྱིས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ། རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དགུ་སྟེ། ཨ་ཉ་སེང་སྒྲ་ལགས་དང་སྐལ་བཟང་མཆོག་གླིང་། རྡོ་རྗེ་འབྲུག་གྲགས། དོན་རྒྱས། རིན་ཆེན་རྣམ་གྲོལ། ཚུལ་ཁྲིམས་མགོན་པོ། བྱང་ཆུབ་དངོས་གྲུབ། སོག་རུ་ཨ་བྷོ། རྣམ་སྲས་བཅས་བཙོན་འཇུག་ཁྲིམས་ཐག་གཅོད་དགོས་དོན་གང་ཡིན་གསལ་བཤད་དགོས་པའི་སྐུལ་འདེད་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཡ་ལན་གང་ཡང་སྤྲད་མེད་པ་རེད།
ས་ཡོམ་གོད་ཆག་བྱུང་སྟེ་མི་གྲངས་ ༡༥༠ ཡས་མས་ལ་འཆི་སྐྱོན་བྱུང་།
ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༨ ཉིན་ཀན་སུའུ་ཀ་ཆུའི་སྟག་ལུང་རྫོང་དུ་ཚད་རིམ་ ༦།༢ ཅན་གྱི་ས་ཡོམ་བརྒྱབ་སྟེ། འདབས་འབྲེལ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་བཀའ་མ་ལོག་དང་། བ་ཡན། ཡ་རྫི་སོགས་ཀྱི་གྲོང་སྡེ་ ༤༦ གི་སྡེ་བ་ ༤༡༩ ལྷག་གི་ཁང་ཁྱིམ་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་མ་ཟད། མཚོ་ཤར་ནས་མི་གྲངས་ ༣༢ རྐྱེན་འདས་དང་། མི་གྲངས་ ༡༩༨ ལྷག་ལ་རྨས་སྐྱོན་བྱུང་། ཀན་སུའུ་ཀ་ཆུ་ཁུལ་ནས་མི་གྲངས་ ༡༡༧ རྐྱེན་འདས་དང་། མི་གྲངས་ ༧༨༡ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། ཐེངས་འདིའི་ས་ཡོམ་ཁྲོད་འཛམ་གླིང་ནང་སྙན་གྲགས་ཆེ་བའི་རིག་དངོས་བང་མཛོད་ཏུན་ཧོང་བྲག་ཕུག་སོགས་ཡོད་སའི་ཀན་སུའུ་ཞིང་ཆེན་ཁོངས་ཀྱི་གནའ་ཤུལ་རིག་དངོས་མང་པོ་ཞིག་ལའང་གནོད་སྐྱོན་ཐེབས་ཡོད་འདུག་ལ། བོད་ཁུལ་གྱི་ཕྱུག་བདག་དང་དྲ་བདག་མང་པོས་གནོད་ཐེབས་ས་ཁུལ་དུ་ཟས་གོས་གནས་མལ་སོགས་ཀྱི་ཐོག་རོགས་རམ་རྒྱ་ཆེན་གནང་བཞིན་ཡོད་འདུག་ལ། ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་སྒེར་གྱི་སྤྱི་ཚོགས་དྲ་གནས་སུ། ས་ཡོམ་ཁྲོད་དུ་་རྐྱེན་འདས་སུ་ཕྱིན་པ་ལ་བསྔོ་སྨོན་དང་། ཤུལ་ལྷག་རྣམས་འབྱུང་བའི་གོད་ཆག་དང་། དགུན་ཁའི་གྲང་ངར་གྱི་གནོད་སྐྱོན་ལས་མྱུར་དུ་ཐར་བའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་གནོད་ཐེབས་ས་ཁུལ་གྱི་ཡུལ་མི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་རེད།
གསར་འགོད་པ་དཔལ་ལྡན་གྱིས་བསྡུ་སྒྲིག་བྱས།
རྩོམ་སྒྲིག་པ་པདྨ་མཚོས་ཞུ་དག་བྱས།