རྒྱ་གར་ནང་འགྲིམ་འགྲུལ་དོན་རྐྱེན་གྱི་སྒྲིག་ཁྲིམས་གསར་པ་ཞིག་བཟོས་པ་དང་སྦྲགས། ད་ལྟའང་རྒྱ་གར་ནང་སྣུམ་འདང་ངེས་བཙོང་རྒྱུ་མེད་ཅིང་རླངས་འཁོར་མང་པོ་ལམ་བར་དུ་ལུས་ཡོད་པ་སོགས་ཀྱི་དཀའ་ངལ་ཕྲད་ཀྱིན་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་རྒྱ་གར་དབུས་གཞུང་གིས་རྒྱ་གར་རྒྱལ་ཡོངས་སུ་འགྲིམ་འགྲུལ་གྱི་དོན་རྐྱེན་དང་འབྲེལ་བའི་སྒྲིག་ཁྲིམས་གསར་པ་ཞིག་དང་ངོ་སྤྲོད་གནང་བ་དང་བསྟུན། རྒྱ་གར་གྱི་ཧི་མ་ཅལ་དང་ར་ཇེ་སི་ཐན། མ་ཧ་ར་ཤི་ཊི་ར། མ་དྷེ་ཡ། ཆར་ཊི་སི་གྷར། ཇ་མུ་ཀ་ཤི་མུར་སོགས་མངའ་སྡེ་མང་པོའི་ནང་། སྤྱི་སྤྱོད་དང་དོ་སྐྱེལ་རླངས་འཁོར་མཐུན་ཚོགས་སོགས་ཀྱིས། སྒྲིག་ཁྲིམས་གསར་པ་དེར་ངོས་ལེན་མེད་པའི་ངོ་རྒོལ་ལས་འགུལ་སྤེལ་སྟབས། ད་ལྟ་དབུས་གཞུང་གིས་རྒྱ་གར་རྒྱལ་ཡོངས་འགྲིམ་འགྲུལ་དོ་སྐྱེལ་རླངས་འཁོར་མཐུན་ཚོགས་དང་ལྷན་དུ་གྲོས་བསྡུར་བྱས་རྗེས་མ་གཏོགས། སྒྲིག་ཁྲིམས་གསར་པ་དེ་ལག་བསྟར་བྱ་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡ ནས་ ༣ བར་རྒྱ་གར་རྒྱལ་ཡོངས་འགྲིམ་འགྲུལ་དོ་སྐྱེལ་རླངས་འཁོར་མཐུན་ཚོགས་ (AIMTC) ཀྱིས། དབུས་གཞུང་གི་འགྲིམ་འགྲུལ་དོན་རྐྱེན་གྱི་སྒྲིག་གསར་ལ་ངོས་ལེན་མེད་པའི་འབོད་ཚིག་འོག རྒྱ་གར་གྱི་མངའ་སྡེའི་མང་པོའི་ནང་སྤྱི་སྤྱོད་རླངས་འཁོར་དང་དོ་སྐྱེལ་སོགས་འགྲིམ་འགྲུལ་གྱི་ཞབས་ཞུའི་རིགས་ཡོངས་སུ་མཚམས་འཇོག་བྱས་ཏེ་ངོ་རྒོལ་ལས་འགུལ་སྤེལ་བ་མ་ཟད། དབུས་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་དང་འབྲེལ་བའི་ཚོགས་སྡེ་ཁག་ལ་སྐད་ཆ་ཙམ་ཡང་མ་དྲིས་པར་ཐག་གཅོད་བླངས་པར་ངོས་ལེན་རྩ་བ་ནས་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད། འོན་ཀྱང་། ཕྱི་ཚེས་ ༣ ཉིན་དབུས་གཞུང་གིས་འགྲིམ་འགྲུལ་གྱི་སྒྲིག་ལམ་གསར་པ་དེ་གནས་སྐབས་ལག་བསྟར་བྱ་རྒྱུ་མིན་པ་དང་། འབྲེལ་ཡོད་རླངས་འཁོར་གྱི་ཞབས་ཞུའི་ཚོགས་སྡེ་ཁག་དང་ལྷན་གྲོས་མོལ་བྱས་རྗེས་ལག་བསྟར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
དབུས་གཞུང་གི་འགྲིམ་འགྲུལ་དོན་རྐྱེན་གྱི་སྒྲིག་ཁྲིམས་གསར་བ་དེའི་ནང་། སྤྱི་སྤྱོད་དང་དོ་སྐྱེལ་རླངས་འཁོར་སོགས་ཀྱིས་ལམ་བར་ནས་གདོང་ཐུག་གི་དོན་རྐྱེན་བཟོས་རྗེས་ཉེན་རྟོག་པར་སྙན་གསེང་མ་ཞུས་པར་བྲོས་ཕྱིན་པ་ཡིན་ན། རླངས་འཁོར་གཏོང་མཁན་ལ་ཧིན་སྒོར་འབུམ་ ༧ དང་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཆད་གཅོད་ཀྱི་ཡོད་འདུག དེ་སྔའི་ཁྲིམས་ནང་། ལམ་བར་ནས་དོན་རྐྱེན་བཟོས་ཏེ་བྲོས་པ་དང་། ཕྱིས་སུ་ནག་ཉེས་ར་འཕྲོད་བྱུང་ཚེ། ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་འཁུར་དགོས་ཀྱི་ཡོད་པ་རེད།
ཉིན་གསུམ་རིང་གི་ངོ་རྒོལ་ལས་འགུལ་དེ་དང་འབྲེལ་ནས། རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་། སྤྱི་སྤྱོད་དང་དོ་སྐྱེལ་འཁོར་གྱི་ཞབས་ཞུ་མཚམས་འཇོག་བྱས་པ་ལ་བརྟེན་ནས། མི་སྒེར་གྱི་གླ་གཏོང་རླངས་འཁོར་དང་འཕྲུལ་རྟ་སོགས་ལ་སྣུམ་འདང་ངེས་མེད་པའི་དཀའ་ངལ་འཕྲད་ཡོད་ཅིང་། དམིགས་བསལ་རི་ལུང་མང་བའི་ཧི་མ་ཅལ་མངའ་སྡེ་ལྟ་བུར་མཚོན་ན་སྤི་ཏི་དང་སིམ་ལ་སོགས་ཀྱི་ལམ་ཁ་འགག་ཏེ་ད་དུང་དཀའ་ངའ་འཕྲད་མུས་ཡིན་པ་དང་། ད་ལྟ་ད་དུང་ཡང་མི་ཞིག་ལ་ཧིན་སྒོར་ ༢༠༠ ཡི་སྣུམ་མ་གཏོགས་རག་གི་མེད་པ་རེད།
སྤྱིར་འདས་ལོར་རྒྱ་གར་ནང་འགྲིམ་འགྲུལ་དོན་རྐྱེན་གྱི་ཁྲོད། མི་གྲངས་འབུམ་ ༡།༦༨ རླངས་འཁོར་རྒྱུག་ཚད་མགྱོགས་དྲགས་པ་དང་ར་བཟི་དྲགས་པ། འགྲིམ་འགྲུལ་གྱི་སྒྲིག་ལམ་སོགས་ལ་སྣང་མེད་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཆུ་ཚོད་གཅིག་གི་ནང་མི་ ༡༩ རྐྱེན་འདས་སུ་འགྲོ་ཡི་ཡོད་པ་རྒྱ་གར་དབུས་འགྲིམ་འགྲུལ་དོ་སྐྱེལ་དང་གཞུང་ལམ་བློན་ཆེན་ལས་ཁུངས་ཀྱིས་བསྒྲགས་འདུག