རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ཀྲན་ཤོང་རྫོང་དུ་ས་རུད་བྱུང་སྟེ་ཉུང་མཐར་མི་གྲངས་ ༤༧ བོར་བརླག་དང་ཁྱིམ་ཚང་ ༡༨ ལྷག་གི་ཁང་པ་གཏོར་སྐྱོན་བཏང་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གི་སྔ་དྲོའི་ཆུ་ཚོད་ ༥།༥༡ སྟེང་། རྒྱ་ནག་ཡུན་ནན་ཞིང་ཆེན་ཀྲན་ཤོང་ (Zhenxiong) རྫོང་ཁོངས་ཀྱི་ཀྲའོ་ཏོང་ (Zhaotong) གྲོང་ཁྱེར་དང་ཉེ་འཁྲིས་གྲོང་གསེབ་ལེང་ཧྲའུ་ (Liangshui) སོགས་སུ་ས་རུད་བྱུང་བའི་རྐྱེན་གྱིས་ཉུང་མཐར་མི་གྲངས་ ༤༧ ཙམ་གར་སོང་ཆ་མེད་དང་མི་གྲངས་ ༡༡ རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། ཁྱིམ་ཚང་ ༡༨ ལྷག་གི་ཁང་པ་གཏོར་སྐྱོན་བཏང་ཡོད་འདུག
གོད་ཆག་དེ་དང་འབྲེལ་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས། རྒྱ་ནག་ལྷོ་ནུབ་ཁུལ་གྱི་ཡུན་ནན་ཞིང་ཆེན་ནང་གི་ཀྲན་ཤོང་རྫོང་དུ་ས་རུད་བྱུང་བའི་རྐྱེན་གྱིས་གར་སོང་ཆ་མེད་དུ་གྱུར་བའི་མི་དེ་དག་གང་མགྱོགས་འཚོལ་ཞིབ་དང་མྱུར་སྐྱོབ་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག ད་དུང་རྒྱ་ནག་གི་སྲིད་བློན་ལི་ཆང་ (Li Qiang) གིས། མྱུར་སྐྱོབ་ཚན་པས་ཡུལ་མི་དེ་དག་འཚོལ་ཞིབ་ཀྱིས་སྲོག་བསྐྱབ་དགོས་སྐོར་ཡང་བསྒྲགས་འདུག
ད་ལྟའི་ཆར་ས་རུད་དོན་རྐྱེན་བྱུང་ཡུལ་དུ་རོགས་སྐྱོར་སླད་མི་གྲངས་ ༡༠༠༠ ཙམ་དང་ཉེན་སྐྱོབ་འགྲུལ་འཁོར་ ༢༠༠ ཙམ་མངག་གཏོང་གིས་ཡུལ་མི་འཚོལ་ཞིབ་དང་མྱུར་སྐྱོབ་བྱེད་མུས་ཡིན་པ་དང་། ས་གནས་དེར་གནམ་གཤིས་ཧ་ཅང་གྲང་བ་དང་ཁ་བ་བབས་པ་སོགས་ཀྱིས་མྱུར་སྐྱོབ་ཀྱི་ལས་དོན་བསྒྲུབ་པར་དཀའ་ངལ་འཕྲད་བཞིན་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཞི་ཧྥ་གསར་ཁང་གིས་བརྗོད་འདུག
རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིའི་རྒྱ་ནག་ལྷོ་ནུབ་ཁུལ་དུ་ས་རུད་བྱུང་རྗེས། ས་གནས་ཡུལ་མི་ ༥༠༠ ལྷག་བདེ་འཇགས་སླད་ས་གནས་གཞན་དུ་གནས་སྤོ་བྱས་ཡོད་སྐོར་དང་། རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་རི་བོ་གཟར་པོ་དང་ས་གཞི་བརྟན་ཚུགས་མེད་པའི་རྐྱེན་གྱིས་ས་རུད་འབྱུང་ཉེན་ཆེ་བ་ཡོད་སྐོར་སོགས་བཀོད་འདུག
སྤྱིར་རྒྱ་ནག་ལྷོ་ནུབ་ཁུལ་གྱི་ཡུན་ནན་ཞིང་ཆེན་ནི་ས་རུད་འབྱུང་སླ་བའི་ས་ཚིགས་ཤིག་རེད་འདུག་ལ། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡ པོའི་ནང་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ཀྲན་ཤོང་རྫོང་དུ་ས་རུད་བྱུང་སྟེ་མི་གྲངས་ ༡༨ རྐྱེན་འདས་སུ་ཕྱིན་ཡོད་འདུག ད་དུང་ ༢༠༡༢ ལོའི་ཟླ་ ༡༠ པའི་ནང་ཡུན་ནན་ཞིང་ཆེན་གྱི་ཐན་ཏའོ་གཞི་རིམ་སློབ་གྲྭ་ (Tiantou Primary School) ཟེར་བའི་ནང་ས་རུད་བྱུང་སྟེ་སློབ་ཕྲུག་ ༡༩ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།