བོད་མགོ་ལོག་ཁུལ་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་རྨ་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་བྱས་ཏེ་ཁུལ་དེའི་བོད་པའི་ཁྱིམ་ཚང་ ༡༠༠ ལྷག་འབའ་རྫོང་དང་རྭ་རྒྱ་གྲོང་རྡལ་སོགས་སུ་གནས་སྤོ་རུ་བཅུག་འདུག
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་ཉེ་འགྲམ་གྱི་རྨ་ཆུའི་བཞུར་རྒྱུན་མཐོ་ཤོས་ཁུལ་དུ། མར་སྟེང་ཆུ་མཛོད་ཟེར་བ་གསར་རྒྱག་བྱེད་སྐབས། ཁུལ་དེའི་ཁྱིམ་ཚང་བརྒྱ་ལྷག་ལ་དངུལ་འབོར་ཆེན་སྤྲད་ནས་གནས་སྤོར་བྱེད་བཅུག་ཡོད་པ་མ་ཟད། ཆུ་མཛོད་གསར་རྒྱག་བྱས་པ་ལ་བརྟེན་ནས་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཞི་པའི་སྐབས་ཀྱི་བཀའ་བརྒྱུད་པའི་དགོན་ཤུལ་ཞིག་དང་། ཨ་མ་མ་ལྕམ་ལྷ་མོ་ཞེས་པའི་གཞི་བདག་ཅིག རྭ་རྒྱའི་གདོད་མའི་ནགས་ཚལ་དག་ཆུའི་འོག་ཏུ་ནུབ་དང་ནུབ་འགྲོ་མུས་ཡིན་འདུག
འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གིས་མར་སྟེང་གློག་འདོན་ཆུ་མཛོད་གསར་རྒྱག་སྐབས། ཉུང་མཐར་ཁུལ་དེའི་བོད་པའི་ཁྱིམ་ཚང་བརྒྱ་ལྷག་ལ་དངུལ་འབོར་ཆེན་སྤྲད་ནས་འབའ་རྫོང་དང་། རྭ་རྒྱ་གྲོང་རྡལ་སོགས་སུ་གནས་སྤོར་བྱེད་དུ་བཅུག་ཡོད་སྐོར་དང་། ཉེ་ལམ་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཡོངས་སུ་གྲུབ་ནས་རྨ་ཆུ་གསོག་འཇོག་བྱེད་ཀྱིན་ཡོད་པ་ལས་དངོས་སུ་ཤར་གཏོང་བྱེད་མགོ་བཙུགས་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། ཆུ་མཛོད་དེའི་དབང་གིས་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཞི་པའི་སྐབས་ཀྱི་བཀའ་བརྒྱུད་པའི་དགོན་ཤུལ་ཞིག་དང་། ཨ་མ་མ་ལྕམ་ལྷ་མོ་ཞེས་པའི་གཞི་བདག་ཆུའི་འོག་ཏུ་ནུབ་ཚར་ཡོད་པ་དང་། བོད་མགོ་ལོག་ཁུལ་གྱི་གདོད་མའི་ནགས་ཚལ་ཆེ་ཤོས་གཉིས་པ་སྟེ་རྭ་རྒྱའི་གདོད་མའི་ནགས་ཚལ་ཆུའི་འོག་ཏུ་ནུབ་འགྲོ་མུས་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས། སྤྱིར་ཁུལ་དེའི་རྨ་ཆུ་བརྒལ་བར་ཟམ་པ་ནས་འགྲོ་དགོས་ནའང་། ཉེ་ལམ་ཆུ་མཛོད་དེ་བརྒྱབ་པའི་དབང་གིས་མར་སྟེང་ཁུལ་དུ་བཞུར་མུས་ཡིན་པའི་རྨ་ཆུ་ཆུང་ཆུང་ཆགས་ཏེ། མི་རྣམས་རྐང་ཐང་ལ་བརྒལ་ཐུབ་པའི་ཚོད་ལ་བསླེབས་ཡོད་སྐོར་དང་། རྗེས་སུ་ཆུ་མཛོད་དེ་ལ་གནོད་སྐྱོན་རིགས་བྱུང་ཚེ། རྨ་ཆུའི་ཆུ་རྒྱུད་དུ་ཆགས་པའི་རྒྱུས་མགོ་ཤང་དང་རྭ་རྒྱ་དགོན་པ་སོགས་ཆུས་ཁུར་ཉེན་ཧ་ཅང་ཆེན་པོ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་གོང་ནས་མར་སྟེང་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྤེལ་ཡོད་ཀྱང་། ལས་མི་རྣམས་ལ་གླ་ཆ་ཏག་ཏག་སྤྲད་མེད་སྟབས་ལས་གཞི་མཚམས་འཇོག་བྱས་ཏེ། ཕྱི་ལོ ༢༠༢༡ ཟླ་ ༦ ཚེས ༢༡ ཉིན་ལས་མགོ་བསྐྱར་འཛུགས་བྱས་ཡོད་ཅིང་། མར་སྟེང་གློག་འདོན་ཆུ་མཛོད་དེ་ནི་རྨ་ཆུའི་བཞུར་རྒྱུན་མཐོ་ཤོས་ཁུལ་གྱི་ཆུ་མཛོད་དེ་ཡིན་ཞིང་གློག་འདོན་ཚད་(Watt)ཁྲི་ ༥༥ ཟིན་ཡོད་འདུག
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།