མགོ་ལོག་ལྕགས་མོས་རྒྱ་ཡིག་ནས་བསྒྱུར།
ཐའེ་ཝན་གྱི་སྲིད་འཛིན་གསར་པ་སྐུ་ཞབས་ལེ་ཆིན་ཏི་(賴清德) ལགས་ནི་ཕྱི་ལོ ༡༩༥༩ ལོར་ཐའེ་ཝན་གྱི་བྱང་ཕྱོགས་སུ་ཡོད་པའི་ཝན་ལི་རྫོང་གི་རྡོ་སོལ་ལས་བཟོ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། སྔོན་ཆད་སྨན་ཁང་དུ་འཕྲོད་བསྟེན་གྱི་ཕྱག་ལས་གནང་མྱོང་བ་དང་ཕྱི་ལོ་ ༡༩༩༩ ཙམ་ནས་བཟུང་སྲིད་དོན་གྱི་ཕྱག་ལས་གནང་སྟེ་ཕྱི་ལོ་ ༢༠༡༠ ལོ་ནས་ཐེ་ནན་གྲོང་ཁྱེར་གྱི་སྲིད་སྐྱོང་བྱས། ༢༠༢༠ ཟླ་ ༥ ཚེས་ ༢༠ ནས་ ༢༠༢༤ ཟླ་ ༥ ཚེས་ ༢༠ བར་དུ་སྲིད་འཛིན་གཞོོན་པའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༣ ལོར་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་ཏེ་འོས་ཤོག་གི་བརྒྱ་ཆ་ ༤༠ ལྷག་ཐོབ་སྟེ། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༠ ཉིན་སྲིད་འཛིན་གྱི་ལས་ཁུར་དམ་བཅའ་ཕུལ་ཡོད་པ་རེད།
ལེ་ཆིན་ཏི་ལགས་རང་ལོ་གཉིས་མ་ལོན་གོང་དུ་ཕ་དམ་པ་ལས་གནས་ནས་རྐྱེན་འདས་སུ་ཕྱིན། ཁོང་ལ་མིང་སྲིང་དྲུག་ཡོད་པ་ཚང་མ་ཨ་མའི་དཀའ་སྤྱད་འབད་རྩོལ་ལ་བརྟེན་ནས་ནར་སོན། ལེ་ཆིན་ཏི་མཐོ་འབྲིང་གསུམ་པ་ཡིན་སྐབས་གློ་བུར་དུ་རྒྱུ་ལྷག་ན་བར་བརྟེན། ཁོང་གི་དགེ་རྒན་གྱི་ཐུགས་འཁུར་འོག་སློབ་གྲོགས་ཚོས་དངུལ་བསྡུ་རུབ་བྱས་ཡོད་པ་དང་། ལེ་ཡིས་ཨམ་ཕྲག་ནང་དུ་དངུལ་གང་བླུགས་ནས་མགྱོགས་པོར་ནང་དུ་སོང་ནས་ཨ་མ་ལགས་ལ་སྤྲོད་སྐབས། ཨ་མས་ཁོང་ལ་དངུལ་དེ་ངེས་པར་དུ་ཕྱིར་སྤྲད་དགོས། རྗེས་ཕྱོགས་སློབ་གྲོགས་ཚོ་སོ་སོའི་གནས་སུ་ལོག་འགྲོ་སྲིད་པས་ཁྱེད་ཀྱིས་ཁོ་ཚོ་ལ་སྐྱིན་ཚབ་སྤྲོད་མི་ཐུབ་ཅེས་བཤད་ནས་དངུལ་རྣམས་ཕྱིར་སྤྲོད་དུ་བཅུག
སྐབས་དེར་ཨ་མས་ཁྱིམ་ཚང་གི་འཚོ་རྟེན་ཆེད་དུ་མོ་རང་གཅིག་པུས་ལས་ཀ་ཁ་ཤས་བྱེད་བཞིན་ཡོད། ཁོ་ཚོ་གཉིད་སད་སྐབས་ཨ་མ་སྔ་མོ་ནས་ལས་ཀར་ཕྱིན་ཏེ་མཐོང་རྒྱུ་མེད། ཁོ་ཚོ་སློབ་གྲྭ་གྲོལ་རྗེས་ནང་དུ་འབྱོར་སྐབས་ཨ་མ་ད་དུང་ལས་ཀ་ན་ཡོད། ཁོ་ཚོའི་དཔལ་འབྱོར་གྱི་མཐུན་རྐྱེན་ཧ་ཅང་སྐྱོ་བོ་ཡིན་ནའང་ཨ་མས་གཞན་གྱི་རོགས་རམ་ལས་སླ་པོ་དང་ལེན་མི་བྱེད། དེ་ནི་ཨ་མ་ཁོང་གིས་དཀའ་སྡུག་ལ་བཟོད་ཐུབ་པའི་རང་གཤིས་ཀྱི་ཁྱད་ཆོས་ཡིན། ཨ་མ་ལགས་ཀྱི་བརྟན་གཤིས་ནི་འཚོ་བའི་བརྒྱུད་རིམ་གཅིག་པུ་ནས་བྱུང་བ་ཞིག་མིན་པར་ཁོ་མོའི་ཁྲག་རྒྱུན་དུ་ཡོད་པ་ཞིག་ཡིན། ལེ་ཡི་རྨོ་མོ་ལགས་ཀྱིས་གསུངས་བ་ལྟར་ན། ཨ་མ་ལོ་ན་ཕྲ་བའི་དུས་ནས་ཐའེ་ཝན་གྱི་གྲོང་གསེབ་ཏུ་མིང་གྲགས་ཆེ། ཁོང་མོ་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་བུ་མོ་ཞིག་ཡིན་འདུག
རྗེས་སུ་ཁོ་མོ་ལེ་ཡི་ཨ་ཕ་ལ་མནའ་མར་ཡོང་བ་དང་ཁོང་གཉིས་ལ་གནའ་སྒྲུང་ལྟ་བུའི་བརྩེ་དུང་གི་གཏམ་བརྒྱུད་མེད་ནའང་བདེ་སྐྱིད་ལྡན་པའི་འཚོ་བ་ལ་དབུ་འཁྱུད་བྲིས། ལེ་ཡི་ཨ་ཕ་ནི་སྤྱིར་བཏང་གི་ལས་ཀ་བ་ཞིག་ཡིན། ཁོང་ཚེ་ལས་འདས་རྗེས་ཨ་མ་གཅིག་པུས་བུ་ཕྲུག་དྲུག་པོ་གསོ་སྐྱོང་བྱས་ནས་དཀའ་ངལ་ཆེ་བའི་ལོ་ཟླ་བསྐྱལ། ཨ་མ་ལགས་སྨྲ་བ་ཉུང་ཞིང་བྱིས་པ་ལ་རྒྱུན་དུ་སློབ་གསོ་གཏོང་མཁན་ཞིག་མིན། ཡིན་ནའང་མི་ཚེའི་རིན་ཐང་ལྟ་ཚུལ་དང་འཚོ་བའི་གནས་བབ་ལ་དཔྱད་སྟངས་སོགས་ཨ་མ་ལགས་ལས་སྦྱངས་པ་ཡིན་ལ། སྲིད་འཛིན་དམ་འབུལ་གྱི་ཉིན་མོར་སྲིད་འཛིན་གྱི་སྟེགས་བའི་ཐོག་བཞེངས་ནས་ཐའེ་ཝན་མི་དམངས་དང་འཛམ་གླིང་མི་དམངས་ལ་གསུང་བཤད་ཐོག་མ་སྤེལ།
སྐུ་ཞབས་ལེ་ཆིན་ཏི་(賴清德) ལགས་ཀྱི་སྲིད་འཛིན་གྱི་ཆེས་ཐོག་མའི་གསུང་བཤད།
སྲིད་འཛིན་གཞོན་པ་ཞོ་མེའུ་ཆིན蕭美琴། ཐའེ་ཝན་གྱི་མཛད་གཙོ་རྣམ་པ་དང་སྐུ་མགྲོན་གཙོ་བོ་རྣམ་པ། རྒྱལ་ཁབ་སོ་སོ་ནས་ཕེབས་པའི་སྐུ་ཚབ་རྣམ་པ། འདིར་ཕེབས་ཀྱི་མཉམ་ཞུགས་པ་རྣམ་པ། བརྙན་འཕྲིན་དང་ཐད་གཏོང་ལ་གཟིགས་མཁན་གྱི་གྲོགས་པོ་རྣམ་པ། རྒྱལ་ཁབ་གཅིག་གི་སྤུན་ཟླ་རྣམ་པ། ཁྱེད་རྣམ་པ་སྐུ་ཁམས་བཟང་།
ང་ལོ་ན་གཞོན་པའི་སྐབས་སུ་མི་སྲོག་བསྐྱབ་རྒྱུ་ནི་ངའི་ཕུགས་འདུན་ཡིན། ང་སྲིད་དོན་གྱི་ལམ་ལ་ཞུགས་སྐབས་ཐའེ་ཝན་ལ་འགྱུར་བ་གཏང་རྒྱུ་ངའི་ཕུགས་འདུན་ཡིན། དེ་རིིང་ང་འདིར་ལངས་སྐབས་རྒྱལ་ཁབ་ལ་སྟོབས་ཤུགས་བསྐྲུན་རྒྱུ་ངའི་ཕུགས་འདུན་ཡིན།
ངས་ཆོད་སེམས་བརྟན་པོའི་ཐོག་ནས་མི་དམངས་ཀྱི་ཡིད་ཆེས་ཕྲག་ཏུ་བླངས་ནས་ཀྲུང་ཧྭ་མེན་གོའི་སྲིད་འཛིན་ཐེངས་བཅུ་དྲུག་པའི་དམ་འབུལ་ཞུས་པ་ཡིན། ངས་ཀྲུང་ཧྭ་མེན་གོའི་ཁྲིམས་ལུགས་གཞིར་བཞག་ཐོག་རྒྱལ་ཁབ་མདུན་སྐྱོད་བྱེད་པའི་སྣེ་ཁྲིད་ཀྱི་ལས་འགན་ཆེན་པོ་དེ་ཕྲག་ཏུ་བླངས་པ་ཡིན།
ཕྱི་ལོ་ ༡༩༤༩ ལོའི་དེ་རིང་། ཐའེ་ཝན་གྱིས་ཁྲིམས་ལུགས་ལག་བསྟར་བྱས་ནས་མུན་ནག་གི་དུས་རབས་ནས་ཡོངས་སུ་བརྒལ། ཕྱི་ལོ་ ༡༩༩༦ ལོའི་དེ་རིང་ཐའེ་ཝན་གྱི་ཆེས་ཐོག་མའི་དམངས་འདེམས་སྲིད་འཛིན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་ཀྲུང་ཧྭ་མེན་གོ་ཐའེ་ཝན་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་དང་དམངས་ལ་བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་བརྒྱུད་བསྒྲགས་བྱས།
ཕྱི་ལོ ༢༠༢༤ ལོའི་དེ་རིང་ཐའེ་ཝན་གྱི་ཆབ་སྲིད་ཚོགས་པ་གསུམ་གྱིས་རང་གཞུང་རེས་མོས་ཐོག་འཛིན་སྐྱོང་བྱས་རྗེས། ཐེངས་དང་པོར་ཚོགས་པ་གཅིག་གིས་བསྟུད་མར་འཛིན་སྐྱོང་ཐེངས་གསུམ་པ་བྱེད་པའི་ཉི་མ་ཡིན། ཐའེ་ཝན་གྱིས་དཀའ་ངལ་མང་པོ་ཞིག་ལ་གདོང་གཏད་དགོས་པ་དང་རེ་བ་སྟོང་ཕྲག་ལྡན་པའི་དུས་རབས་གསར་པར་བསུ་མ་བྱེད་དགོས།
ལོ་རྒྱུས་ལྡན་པའི་ཉི་མ་འདི་ནི་ཐའེ་ཝན་གྱི་ས་སྒང་འདིར་འཚོ་བའི་རྒན་རབས་པ་རྣམས་དང་རྗེས་རབས་པ་རྣམ་པ་ཚོས་བློས་གཏོང་དང་བྱས་རྗེས་བཞག་པའི་འགྲུབ་འབྲས་ཡིན། དཀའ་ཁག་ཆེན་པོ་འཕྲད་ནའང་མཐར་ང་ཚོ་རྒྱལ་ཐུབ་པ་བྱུང་བ་རེད། སྐབས་འདིར་ང་ཚོས་སྲིད་གཞུང་གསར་བ་འགོ་འཛུགས་བྱེད་བཞིན་པ་མ་ཟད་རྒྱལ་ཁ་ཐོབ་པའི་མང་གཙོ་ལ་བསུ་མ་བྱེད་བཞིན་པ་རེད།
མི་མང་པོ་ཞིག་གིས་བཤད་རྒྱུར་ང་དང་སྲིད་འཛིན་གཞོན་པ་ཞོ་མས་ཆིན་གཉིས་ཀྱིས་ལོ་ངོ་བརྒྱད་ཀྱི་རིང་གི་འོས་འདེམས་སྐབས་ཕན་ཚུན་ལ་ཁྱད་གསོད་བྱས་པའི་འཁྲུག་ཟིང་མེད་པར་བཟོས་སོང་ཟེར། དོན་ངོ་མར་མང་གཙོ་ནི་མི་དམངས་ཀྱི་ལག་ཏུ་ཡོད། འོས་འདེམས་གང་ཡིནའང་སྡིག་དམོད་དང་ལེ་བདའ་ཡོད་མི་ཉན། མི་དམངས་ཀྱིས་བསམ་བློ་དང་ཞིབ་འཇུག་ཡང་དག་བྱས་རྗེས་རྒྱལ་ཁབ་ཀྱི་མ་འོངས་པའི་ཆེད་དུ་འོས་འདེམས་བྱེད་དགོས།
ངས་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ལ་འདས་པའི་ལོ་ངོ་བརྒྱད་ཀྱི་ནང་དུ་སྲིད་འཛིན་ཟུར་པ་ཚེ་ཡི་ཝུན་དང་། སྲིད་འཛིན་གཞོན་པ་ཟུར་པ་ཁྲིན་ཅན་རིན། འདས་པའི་སྲིད་གཞུང་གིས་ཐའེ་ཝན་ཡར་རྒྱས་དང་རྨང་གཞི་སྲ་བརྟན་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱས་པར་རྣམ་པ་ཚང་མའི་ངོས་ནས་དགའ་བསུ་བྱེད་རོགས།
ངས་བསྐྱར་དུ་རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ། ཕྱིའི་གནོན་ཤུགས་དང་ཤུགས་རྐྱེན་ལ་ཁ་གཏད་ནས་ཆོད་སེམས་ཆེན་པོའི་ཐོག་ནས་མདུད་དུ་སྐྱོད་པ་ནི་ཐའེ་ཝན་གྱི་ལོ་རྒྱུས་ཟིན་ཐོའི་ཤོག་ངོས་གསར་པ་ཞིག་གི་ཁ་ཕྱེས་པ་རེད།
རྗེས་སུ་ངས་སྲིད་འཛིན་གྱི་ལས་ཁུར་བྱེད་སྐབས་སྤྱི་སྙོམས་དང། བརྩེ་སེམས་ཆེན་པོ། དམར་ས་ནས་གུས་ཞབས་ལྡན་པ། མི་དམངས་ནང་མི་ལྟར་བརྩི་བའི་འདུ་ཤེས་བཟུང་སྟེ་ལས་ཀ་བསྒྲུབ་རྒྱུ་ཡིན། ང་ལ་བཟུང་བའི་ཡིད་ཆེས་དང་རེ་བ་སྟོང་ཟད་མི་གཏོང་བ་དང་། སྲིད་གཞུང་གསར་པས་དུས་དང་རྣམ་པ་ཀུན་དུ་མི་དམངས་ལ་སྲི་ཞུ་གང་ལེགས་བསྒྲུབ་རྒྱུ་དང་། མི་དམངས་ཀྱི་བསམ་ཚུལ་དང་ལེན་བྱ་རྒྱུ། ཐའེ་ཝན་སྲིད་དོན་གྱི་འགྱུར་ལྡོག་གསར་པའི་ཆེད་དུ་མུ་མཐུད་དུ་ནུས་ཤུགས་འབུལ་ངེས་ཡིན།
གཅིག སྲིད་གཞུང་ཁྲིམས་འཛུགས་དང་ནུས་པ་མཉམ་འདེགས།
ལོ་འདིའི་ཕྱི་ཟླ ༢ པའི་ནང་ལས་འགན་གསར་དུ་བཞེས་པའི་རྒྱལ་ཡོངས་ཚོགས་ཆེན་ནི་ལོ་ངོ་བཅུ་དྲུག་གི་ནང་ཐའེ་ཝན་གྱི་སྲིད་དོན་ཚོགས་པ་གསུམ་ལས་འཐུས་མིའི་གྲངས་འབོར་ཕྱེད་ཀ་ལས་མེད་ཀྱང་གྲོས་ཚོགས་འཐུས་མི་བསྡུ་སྐོང་བྱེད་ཆོག་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཐོག་མར་བྱུང་བ་དེ་རེད། སྲིད་དོན་གྱི་མཇུག་འབྲས་གསར་པ་དེ་ལ་མི་ཁ་ཤས་ཀྱིས་ཐའེ་ཝན་གྱི་འབྱུང་འགྱུར་བར་རེ་བ་བྱེད་བཞིན་ཡོད་ཀྱང་ཁ་ཤས་ལ་སེམས་ཁྲལ་ཆེན་པོ་འབྱུང་བཞིན་ཡོད།
ངས་རྣམ་པ་ཚོ་ལ་ཞུ་འདོད་པ་ནི་ལམ་ཁ་དེ་ནི་དམངས་ཡོངས་ཀྱིས་བདམས་པའི་རྣམ་པ་གསར་པའི་ལམ་ཁ་ཞིག་ཡིན། ང་ཚོས་བསམ་བློ་གསར་པའི་ཐོག་ནས་སྲིད་དོན་ཚོགས་པ་སུ་ཡིནའང་གྲོས་ཚོགས་ཀྱི་འཐུས་མིའི་གྲངས་འབོར་མང་ཤོས་མི་དབང་རྒྱུ། སྲིད་དོན་ཚོགས་པ་སོ་སོས་རང་གི་ལྟ་ཚུལ་འདོན་ཆོག་པ་དང་མ་འོངས་པར་རྒྱལ་ཁབ་ཀྱི་འདྲ་མིན་གནད་དོན་ལ་སྤྱི་མཐུན་ཐོག་འགན་ལེན་བྱེད་དགོས།
མི་དམངས་ཀྱིས་སྲིད་དོན་ཚོགས་པ་ཁག་ལ་རྒྱུ་མཚན་ལྡན་པའི་སྒོ་ནས་ཆབ་སྲིད་འཛིན་སྐྱོང་བྱེད་པའི་རེ་བ་ཤུགས་ཆེན་བྱེད་བཞིན་ཡོད། སྲིད་དོན་ཚོགས་པ་ཁག་གི་འགྲན་རྩོད་མཉམ་དུ་རྒྱལ་དོན་མཉམ་ལས་བྱེད་པའི་ཡིད་ཆེས་ཀྱང་ཡོད་དགོས། དེ་ལྟར་བྱས་ན་རྒྱལ་ཁབ་ཀྱིས་གོམ་པ་བརྟན་པོར་སྤོ་ཐུབ། ཁྲིམས་བཟོ་ལྷན་ཚོགས་ཀྱིས་ངེས་པར་དུ་ལས་དོན་རྣམས་སྤྱི་སྙོམས་འགྲོ་ལུགས་དང་དྲང་བདེན་གྱི་ཐོག་ནས་སྐྱོང་དགོས་པ་དང་། གྲངས་མང་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་བརྩི་བཀུར་བྱས་ན་ད་གཟོད་གྲངས་ཉུང་མི་རིགས་ཀྱིས་གྲངས་མང་མི་རིགས་ལ་བརྩི་འཇོག་བྱེད། དེ་ལྟ་བུའི་ལམ་ལ་ཞུགས་ན་ད་གཟོད་རྩོད་རྙོག་ལ་གཡོལ་ཐུབ་ཅིང་། སྤྱི་ཚོགས་ཀྱི་བརྟན་བརླིང་དང་འཆམ་མཐུན་རྒྱུན་སྲིང་བྱེད་ཐུབ་པ་ཡིན།
མང་གཙོའི་སྤྱི་ཚོགས་ནང་དུ་མི་དམངས་ཀྱི་ཁེ་ཕན་དང་པོར་གནས་དགོས་པ་ནི་མང་གཙོའི་རྨང་གཞི་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ནི་སྲིད་དོན་ཚོགས་པའི་ཁེ་ཕན་ལས་གལ་ཆེ་བ་ཡིན་པ་དེ་ནི་སྲིད་དོན་ཚོགས་པའི་ཐེགས་འོས་པའི་ལས་འགན་ཡིན། དབང་འཛིན་དང་ཕྱོགས་འགལ་ཚོགས་པ་ཚོས་རྩ་ཁྲིམས་དང་མཐུན་པའི་ཁྲིམས་འཆར་སྤེལ་བ་དང་མི་མང་དང་རྒྱལ་ཁབ་གཉིས་ཐོག་མར་འཛིན་པའི་ལྟ་བར་གནས་སྐབས། རྒྱལ་ཁབ་ཀྱི་ལས་དོན་རྣམས་རང་བཞིན་གྱིས་ལྷོད་འཇམ་ངང་མདུན་སྐྱོད་བྱེད་ཐུབ།
འཛིན་སྐྱོང་གཙོ་འཛིན་ཡོན་ཀྲོའུ་ཡུང་གཙོས་པའི་ལས་བྱེད་པ་རྣམ་པས་ཀྱང་སྲིད་གཞུང་དང་ཕྱོགས་ཁག་བར་བསམ་ཚུལ་མཐུན་པའི་སྤྱི་ཚོགས་ལ་ཕན་པའི་གནད་དོན་རྣམས་གལ་ཆེན་དུ་བཟུང་སྟེ། མང་ཚོགས་བསམ་ཚུལ་ལ་བསམ་ཤེས་དང་མི་མང་དཀའ་ངལ་སེལ་ཐབས་ཀྱི་གསར་གཏོད་བསམ་བློས་མི་མང་ལ་ཞབས་འདེགས་ཞུ་དགོས།
ད་ལྟའི་ཆར་ ༠༤༠༣ གོད་ཆག་རྗེས་ཀྱི་བསྐྱར་གསོའི་ལས་དོན་རྣམས་མདུན་སྐྱོད་བྱེད་ཀྱིན་འདུག ངོས་ནས་སླར་ཡང་གོད་ཆག་ཕོག་ཡུལ་གྱི་མི་རྣམས་ལ་སེམས་གསོ་དང་ཁོ་ཚོའི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། དེ་བཞིན་གོད་ཆག་སེལ་ཐབས་དང་བསྐྱར་གསོའི་ལས་དོན་ལ་རོགས་རམ་བྱེད་མཁན་གྱི་རང་རྒྱལ་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དབུས་སྲིད་གཞུང་གིས་མི་མང་རྣམས་གང་མགྱོགས་རྒྱུན་ལྡན་གྱི་འཚོ་བར་ཕྱིར་ལོག་བྱེད་པར་རོགས་རམ་་བྱེད་ཆེད་དུ་མ་དངུལ་གཏོང་འཆར་ཐེ་སྒོར་དུང་ཕྱུར་ ༢༨༥.༥གྲ་སྒྲིག་བྱས་ནས་བཟོ་ལས་བསྐྱར་གསོ་དང་བསྐྱར་སྐྲུན་ལ་རོགས་སྐྱོར་བྱེད་རྒྱུ་ཡིན། མ་འོངས་པར་དབུས་དང་ས་གནས་སྲིད་གཞུང་གཉིས་ཀྱི་མཉམ་ལས་དང་། འཛིན་སྐྱོང་དང་ཁྲིམས་བཟོའི་ལས་དོན་གཅིག་མཐུན་ཡོང་བར་ངོས་ལ་རེ་བ་ཆེན་པོ་ཡོད། དེ་བཞིན་ངས་ཐའེ་ཝན་མི་དམངས་དང་མཉམ་འབྲེལ་གྱིས་ཐའེ་ཝན་གྱི་མང་གཙོ་འཕེལ་རྒྱས་ཇེ་ཟབ་ཏུ་གཏོང་བ་དང་། ཞི་བདེ་རྒྱ་མཚོ་སྲུང་སྐྱོབ་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ཁྲོད་མཉམ་ཐོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
གཉིས། ཐའེ་ཝན་གྱི་མང་གཙོ་དང་འཛམ་གླིང་གི་འོད་སྟོང།
རྒྱལ་ཁབ་གཅིག་གི་སྤུན་ཟླ་རྣམ་པ། མང་གཙོ། ཞི་བདེ། འཕེལ་རྒྱས་སོགས་ནི་ཐའེ་ཝན་རྒྱལ་ཁབ་ཀྱི་མ་འོངས་ལམ་ཆེན་ཡིན་པ་མ་ཟད། ཐའེ་ཝན་དང་འཛམ་གླིང་སྤྱིའི་འབྲེལ་ལམ་ཡིན། ཐའེ་ཝན་ནི་འཛམ་གླིང་མང་གཙོའི་འབྲེལ་ཐག་གི་རྩེ་མོར་སོན་པ་དང་དཔལ་ཡོན་ལྡན་པའི་མང་གཙོའི་དུས་སྐབས་ལ་སླེབས་ཡོད།
ཐའེ་ཝན་སྲིད་འཛིན་འོས་བསྡུ་བྱུང་རིམ་ནས་བཟུང་། ཆེས་དར་རྒྱས་ཅན་གྱི་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ང་ཚོས་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་ཡར་རྒྱས་བཏང་ནས་འཛམ་གླིང་ལ་མང་གཙོ་དང་རང་དབང་གི་རིན་ཐང་སྟོན་བཞིན་ཡོད། ཐའེ་ཝན་ནི་ཨེ་ཤེ་ཡའི་ནང་དུ་ཁྲིམས་མཐུན་ཐོག་མཚན་མཐུན་གཉེན་སྒྲིག་བྱེད་ཆོག་པའི་རྒྱལ་ཁབ་ཐོག་མ་དེ་ཡིན། ཐའེ་ཝན་གྱི་མང་གཙོའི་འགོས་ནད་སྔོན་འགོག་ལམ་ལུགས་ནི་དབང་ཤེད་གཅིག་སྡུད་འགོས་ནད་སྔོན་འགོག་ལམ་ལུགས་ལས་ལེགས་ཐོན་བྱུང་ཡོད།
ཐའེ་ཝན་ནི་སྨྲ་བརྗོད་རང་དབང་ལྡན་པའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་ཨེ་ཤེ་ཡའི་ནང་གི་མང་གཙོའི་ལུང་པ་ཡག་ཤོས་ཀྱི་གྲས་སུ་ཚུད་ཡོད། ཐེེ་ཝན་མང་གཙོས་འཛམ་གླིང་ལ་འོད་སྣང་བསྐྲུན་ཡོད། གཟི་བརྗིད་དེ་ནི་ཐའེ་ཝན་མི་མང་ཡོངས་ལ་དབང་།
མ་འོངས་པར་སྲིད་གཞུང་གསར་པས་ཐའེ་ཝན་གྱི་མང་གཙོའི་གསོན་ཤུགས་ལེགས་པར་བཀོལ་ནས་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གཏོང་བ་དང་། རྒྱལ་སྤྱིའི་མཉམ་འབྲེལ་གྱི་ལས་དོན་ཇེ་ཟབ་ཏུ་གཏོང་བར་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན། རང་རྒྱལ་ནང་ཁུལ་དུ་ངས་འཇོན་ཐང་གཞིར་བཞག་ནས་ཤེས་འཇོན་ཅན་གྱི་མི་སྣ་རྣམས་གཞུང་འཛིན་མི་སྣར་བསྐོ་གཞག་བྱ་རྒྱུ་དང་། དྲང་བདེན་དང་བརྩོན་འགྲུས་བརྟན་པོས་མང་གཙོའི་འཛིན་སྐྱོང་ལག་བསྟར་བྱ་རྒྱུ་ཡིན།
གུ་ཡངས་ཀྱི་སྲིད་གཞུང་འཛུགས་རྒྱུ། གུ་ཡངས་བསམ་བློ་དང་མངོན་ལྐོག་མེད་པའི་སྲིད་ཇུས་འོག མི་མང་རྒྱལ་ཁབ་ཀྱི་བདག་པོར་འཛིན་པའི་བསམ་བློའི་ཐོག་ནས་མི་མང་ཚང་མ་སྲིད་ཇུས་ནང་མཉམ་ཞུགས་བྱེད་དགོས་པའི་སྐུལ་སློང་བྱ་རྒྱུ་ཡིན། དེ་བཞིན་ལོ་ན་བཅོ་བརྒྱད་ལ་སོན་པའི་མི་སེར་གྱི་ཐོབ་ཐང་གོང་སྤེལ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་ལས་དོན་ནང་མཉམ་རུབ་གྱི་ནུས་པ་སྤུངས་ཐབས་བྱེད་རྒྱུ་ཡིན།
ཕྱི་འབྲེལ་ཕྱོགས་ནས་ང་ཚོས་མུ་མཐུད་མང་གཙོའི་རྒྱལ་ཁབ་ཁག་དང་མཉམ་དུ་མང་གཙོའི་སྤྱི་ཚོགས་ཤིག་འཛུགས་རྒྱུ་དང་། ཕན་ཚུན་གྱི་ཁྱབ་ཁོངས་འདྲ་མིན་ཡར་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ། གནས་ཚུལ་རྫུན་མ་ཁྱབ་སྤེལ་ལ་ཁ་གཏད་གཅོག་པ། མང་གཙོའི་ནུས་ཤུགས་ཆེ་རུ་གཏོང་བ། དཀའ་ངལ་འདྲ་མིན་ལ་གདོང་ལེན་བྱེད་པ། དེ་བཞིན་ཐའེ་ཝན་གྱི་མང་གཙོ་ནི་འཛམ་གླིང་རྒྱལ་སྤྱིའི་ཐོག་གི་བརྩི་མཐོང་ཆེ་ཤོས་སུ་འགྱུར་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན།
གསུམ། ཐའེ་ཝན་མང་གཙོ་དང་འཛམ་གླིང་ཞི་བདེའི་མཚོན་དོན།
ཞི་བདེ་ནི་རིན་ཐང་བྲལ་བ་དང་། དམག་འཁྲུག་ནང་རྒྱལ་ཁ་ཐོབ་མཁན་མེད། ལོ་རྗེས་མར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་ངོ་བརྒྱད་ཅུ་འཁོར་གྱི་ཡོད། ཐའེ་ཝན་ཡང་རྒྱལ་ཁབ་གཞན་དང་འདྲ་བར་དམག་འཁྲུག་རྗེས་ཀྱི་རྒྱལ་ཁབ་སླར་གསོའི་ལམ་བུར་ཞུགས་རྗེས་དཀའ་ཁག་མི་ཉུང་བ་བརྒྱུད་ནས་ད་ལྟའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འདི་བྱུང་བ་རེད། མཚམས་ཆད་མེད་པའི་དམག་འཁྲུག་གིས་རྒྱལ་ཁབ་ཀྱི་ཡོད་ཚད་གཏོར་བརླག་གཏོང་དུ་འཇུག་འདོད་མཁན་སུ་ཡང་མེད།
དེང་སྐབས་ཨུ་རུ་སུ་དང་ཡུག་ཁི་རན། ཨི་ཟི་རེལ་དང་ཁ་ཟག་སི་ཐན་གྱི་དམག་འཁྲུག་གིས་མུ་མཐུད་དུ་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་བཞིན་རྒྱ་ནག་གི་དམག་དོན་གྱི་བྱ་སྤྱོད་དང་མངོན་གསལ་མིན་པའི་བཙན་ཤེད་ནི་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་ལ་ཁ་གཏད་གཅོག་པའི་ཐབས་ཇུས་ཡིན་པ་དང་དཀའ་ངལ་ཆེ་ཤོས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཐའེ་ཝན་ནི་མཚོ་འགག་ས་ཁུལ་དུ་ཆགས་ཡོད་པ་དང་འཛམ་གླིང་གི་ས་ཁམས་སྲིད་དོན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ༡༩༢༡ ལོར་སྐུ་ཞབས་ཅང་ཝེ་ཧྲེས་ཐའེ་ཝན་ནི་འཛམ་གླིང་ཞི་བདེའི་འགག་སྲུང་དང་པོ་དེའི་སྲུང་སྐྱོབ་བྱེད་མཁན་དེ་ཡིན་པར་བསྟན་ཡོད། ༢༠༢༤ ལོའི་ད་ལྟའི་གནས་སྟངས་ནང་ཐའེ་ཝན་གྱི་ལས་དོན་འཛམ་གླིང་སྤྱི་ལ་གལ་གནད་ཆེ་པོ་ཆགས་ཡོད།
ཐའེ་ཝན་གྱི་མཚོ་འགག་བརྒྱུད་ནས་འཛམ་གླིང་འདིར་ཞི་བདེ་དང་བརྟན་བརླིང་བསྐྲུན་པ་ནི། འཛམ་གླིང་གི་བདེ་འཇགས་དང་དར་རྒྱས་ལ་མེད་ཐབས་མེད་པའི་ཆ་རྐྱེན་ཞིག་ཡིན་པ་རྒྱལ་སྤྱིའི་ཐོག་མོས་མཐུན་ཚད་མཐོན་པོ་བྱེད་བཞིན་ཡོད། ད་ལྟའི་ཆར་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་སྟངས་ཁྲོད་རྒྱལ་ཁབ་རྣམས་ཀྱིས་མངའ་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་རྒྱུན་སྲིང་ཆེད་ཕན་ཚུན་ལ་མཉམ་འབྲེལ་ཤུགས་ཆེན་བྱེད་འགོ་བཙུགས་ཡོད།
ཟླ་སྔོན་མའི་ནང་ཨ་རིས་ཀྱང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ལ་རོགས་སྐྱོར་འཚོ་སྣོན་གྱི་ཁྲིམས་འཆར་གཏན་འབེབས་ཀྱི་ལས་དོན་ཡོངས་སུ་གྲུབ། ཁྲིམས་འཆར་དེས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ལ་རོགས་སྐྱོར་དང་། ཐའེ་ཝན་མཚོ་འགག་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།
ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐའེ་ཝན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡོད། ང་ཚོས་འཛམ་གླིང་ལ་སྐད་གསེང་མཐོན་པོས་ཞུ་འདོད་ཅིག་ལ་མང་གཙོ་དང་རང་དབང་ནི་ཐའེ་ཝན་གྱི་གཡོ་བ་མེད་པའི་རྒྱུན་འཁྱོངས་དང་། ཞི་བདེ་ནི་སྒེར་གཞུང་གི་གདམ་ཀ་ཉག་ཅིག་ཡིན། ཡར་རྒྱས་ནི་ཕུགས་འདུན་གྱི་བསམ་བློ་དང་་བརྟན་བརླིང་གི་དམིགས་ཡུལ་བཅས་ཡིན།
མ་འོངས་པར་ཐའེ་ཝན་མཚོ་འགག་གི་ཕྱོགས་གཉིས་ཀས་འཛམ་གླིང་གི་གནས་སྟངས་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཞིག་སྤྲོད་རྒྱུ་ཡིན་པས། ཐའེ་ཝན་མང་གཙོ་ཅན་དུ་སྒྱུར་བའི་ལས་དོན་ལ་ཞུགས་མཁན་ཚོས་ཞི་བདེའི་ཁ་ལོ་བསྒྱུར་རྒྱུ་ཡིན། སྲིད་གཞུང་གསར་པས་དམན་ས་འཛིན་རྒྱུ་དང་ཁེངས་དྲེགས་བྱེད་རྒྱུ་མིན་པར་(རྩ་འཛིན་བཞིའི) ལས་དོན་ལ་འབད་རྒྱུ་མ་ཟད་སྔར་ཡོད་གནས་སྟངས་རྒྱུན་འཛིན་བྱ་རྒྱུ་ཡིན།
ད་དུང་ངས་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་ཞི་རྒོལ་དྲག་སྲུང་གི་བྱེད་ཐབས་མཚམས་འཇོག་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། དེ་བཞིན་ཐའེ་ཝན་དང་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགན་འཁྲི་འཁུར་དགོས་པ་དང་། ཐའེ་ཝན་མཚོ་འགག་དང་མངའ་ཁུལ་ཡོངས་ཀྱི་ཞི་བདེ་དང་བརྟན་ལྷིང་རྒྱུན་འཛིན་བྱ་རྒྱུའི་དམ་བཅའ་འཇོག་དགོས། འཛམ་གླིང་ལ་དམག་འཁྲུག་གི་འཇིགས་སྣང་མེད་པ་བཟོ་རྒྱུ་བཅས་ཡིན།
ཐའེ་ཝན་མི་མང་ཞི་བདེར་དགའ་ཞིང་སེམས་རྒྱུད་བཟང་། རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་མི་མང་གི་བདེ་སྡུག་བསམ་གཞིག་བྱ་ཡུལ་གཙོ་བོར་བཟུང་ན་ཐའེ་ཝན་མཚོ་འགག་ཕ་རོལ་གྱི་ཞི་བདེ་དང་། མི་རིགས་ཕན་ཚུན་མཉམ་གནས། ཐུན་མོང་གི་ཡར་རྒྱས་སོགས་ང་ཚོའི་དམིགས་ཡུལ་དུ་འཛིན་ཡོད་པར་དུས་རྟག་ཏུ་ཡིད་ཆེས་ཡོད།
དེར་བརྟེན། ང་རང་གི་རེ་བ་ནི་རྒྱ་ནག་གིས་ཐའེ་ཝན་སྤྱི་མཐུན་རྒྱལ་ཁབ་ཀྱི་དངོས་ཡོད་གནས་བབ་ཁས་ལེན་བྱས་ཏེ། ཐའེ་ཝན་མི་མང་གི་གདམ་ཀར་བརྩི་འཇོག་དང་། ལྷག་བསམ་རྣམ་དག་གིས་ཐའེ་ཝན་མི་མང་གིས་བདམས་པའི་ཁྲིམས་མཐུན་སྲིད་གཞུང་ལ་ངོས་ལེན་བྱ་དགོས།
དེ་བཞིན་ཕྱོགས་གཉིས་ཀྱི་ཆེ་མཐོང་དང་རྩ་དོན་གཞིར་བཞག་སྟེ་གུས་བརྩི་ལྡན་པའི་ཐོག་ནས་ཐའེ་ཝན་དང་མཉམ་འབྲེལ་བྱ་རྒྱུ་བཅས་ཡིན། རྒྱལ་ཁབ་གཉིས་ཀྱི་གདོང་ཐུག་གི་ཚབ་ཏུ་ཞི་མཐུན་གྲོས་མོལ་དང་། བཀག་སྡོམ་གྱི་ཚབ་ཏུ་བསམ་ཚུལ་བརྗེ་རེས། ང་ཚོས་ཞི་བདེ་དང་ཐུན་མོང་གི་ཡར་རྒྱས་དོན་དུ་གཉེར་ཆེད་ཕྱོགས་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་བསྐྱར་གསོ་དང་། རྒྱ་ནག་གི་སློབ་མ་ཚོར་ཐའེ་ཝན་དུ་སློབ་སྦྱོང་བྱེད་དུ་འཇུག་པ་ནས་འགོ་བརྩམ་དགོས།
རྒྱལ་ཁབ་གཅིག་གི་སྤུན་ཟླ་རྣམ་པ། ང་ཚོ་ལ་ཞི་བདེ་དོན་གཉེར་བྱེད་པའི་ཕུགས་བསམ་ཡོད་ཀྱང་འཁྲུལ་སྣང་སྐྱེ་མི་ཉན། རྒྱ་ནག་གིས་ད་དུང་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུ་མཚམས་འཇོག་བྱས་མེད། མི་མང་གིས་ཤེས་དགོས་པ་ཞིག་ལ་ང་ཚོས་རྒྱ་གཞུང་གི་རེ་འདུན་དང་དབང་ཤུགས་ཡོད་ཚད་ཁས་ལེན་བྱས་ཀྱང་། རྒྱ་གཞུང་གིས་ཐའེ་ཝན་ཟླ་སྒྲིལ་གཏོང་ཐབས་ཀྱི་སྲིད་ཇུས་དེར་ནམ་ཡང་འགྱུར་བ་འགྲོ་མི་སྲིད།
རྒྱ་ནག་གི་ཕྱོགས་ནས་ཉེན་ཁ་སྣ་ཚོགས་ཤིག་སིམ་འཛུལ་བྱེད་བཞིན་པ་དེར་གདོང་ལེན་བྱེད་ཆེད། ང་ཚོ་ལ་ངེས་པར་དུ་རྒྱལ་ཁབ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཡོད་དགོས། རྒྱལ་ཁབ་སྲུང་སྐྱོབ་བྱེད་ཆེད་མི་མང་ཚང་མས་གོ་རྟོགས་མཐོར་འདེགས་དང་། རྒྱལ་ཁབ་ཀྱི་བདེ་སྲུང་ཁྲིམས་ལུགས་ཡར་རྒྱས་གཏོང་དགོས། རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་གྱི་བདེ་འཇགས་བསྐྲུན་ཆེད་ནུས་ཤུགས་ལྡན་པའི་སྒོ་ནས་ལས་འཆར་ལག་བསྟར་བྱེད་དགོས།
འབྲེལ་ལམ་བརྟན་བརླིང་དང་རྩ་འཛིན་ལྡན་པའི་མགོ་ཁྲིད་བྱེད་པར་ཕྱོགས་གཉིས་ནས་མངོན་གསལ་དོད་པོ་བཟོ་དགོས། ཕྱི་འབྲེལ་གྱི་ནུས་པ་གོང་མཐོར་གཏོང་དགོས། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཁག་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་ཞི་བདེའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་དགོས། མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་བཀག་འགོག་མེད་པར་བཟོ་བ་དང་། དམག་འཁྲུག་འགོག་ཐབས་བྱས་ནས་ཞི་བདེའི་དམིགས་ཡུལ་སྒྲུབ་ཐབས་བྱེད་དགོས་པ་བཅས་ཡིན།
བཞི། ཐའེ་ཝན་གྱི་མང་གཙོ། འཛམ་གླིང་ཡར་རྒྱས་ཀྱི་སྣེ་ཁྲིད།
ཐའེ་ཝན་རྒྱལ་ཁབ་ལ་འཛམ་གླིང་དགོས་པ་དང་། འཛམ་གླིང་ལ་ཡང་ཐའེ་ཝན་རྒྱལ་ཁབ་མཁོ། ཐའེ་ཝན་གྱིས་འཛམ་གླིང་གི་སྒོ་ཆེན་ཕྱེས་པ་ཙམ་མ་ཡིན་པར། ཐའེ་ཝན་འཛམ་གླིང་གི་གར་སྟེགས་ཀྱི་ལྟེ་བར་ཐོན་ཡོད།
མ་འོངས་པའི་འཛམ་གླིང་ལ་བལྟས་ན། གློག་རྡུལ་དང་མིས་བཟོས་རིག་ནུས་ཀྱི་རླབས་རྒྱུན་འཛམ་གླིང་ཡོངས་སུ་ཁྱབ་བཞིན་ཡོད། དེང་སྐབས་ཐའེ་ཝན་གྱི་སློབ་དཔོན་རྣམས་ཀྱིས་གློག་རྡུལ་བཟོ་བསྐྲུན་གྱི་ལག་རྩལ་ཡར་རྒྱས་སུ་བཏང་སྟེ། ཐའེ་ཝན་རྒྱལ་ཁབ་ནི་མིས་བཟོས་རིག་ནུས་ཀྱི་གསར་བརྗེའི་ལྟེ་བ་རུ་ལངས་ཡོད། དེ་ནི་འཛམ་གླིང་གི་མང་གཙོའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་། མིའི་རིགས་ཀྱི་བདེ་སྐྱིད། སྤྱི་ཚོགས་དར་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།
རྒྱལ་ཁབ་གཅིག་གི་སྤུན་ཟླ་རྣམ་པ། ང་ཚོས་ཀྲུང་ཧྭ་མེན་གོ་ཐའེ་ཝན་རྒྱལ་ཁབ་ཀྱི་མ་འོངས་པ་འཛིན་སྐྱོང་བྱེད་སྐབས་མི་འབོར་ས་ཡ་ ༢༣ ཀྱིས་ཐུན་མོང་དུ་ཐག་གཅོད་བྱེད་དགོས་པའི་རྩ་དོན་ཞིག་ཡིན། ང་ཚོས་ཐག་གཅོད་བྱེད་པའི་མ་འོངས་པ་ནི་ང་ཚོའི་རྒྱལ་ཁབ་ཀྱི་མ་འོངས་པ་ཙམ་མ་ཡིན་པར། འཛམ་གླིང་ཧྲིལ་པོའི་མ་འོངས་པ་ཡང་ཡིན།
ང་ཚོ་ངེས་པར་དུ་ལམ་བུ་ཡང་དག་པ་ཞིག་ལ་འགྲོ་དགོས་པ་དང་། ང་ཚོའི་བཟོ་ལས་ཀྱིས་ངེས་པར་དུ་འཇོན་ཐང་ངོམ་དགོས་ལ། ཐའེ་ཝན་ནི་འཛམ་གླིང་དར་རྒྱས་ལ་སྐུལ་འདེད་བྱེད་མཁན་དུ་འགྱུར་དགོས། ཐའེ་ཝན་རྒྱལ་ཁབ་གོམ་གང་མདུན་དུ་སྤོ་རུ་བཅུག་ཐུབ་ན་འཛམ་གླིང་ཡང་གོམ་པ་གང་མདུན་དུ་སྤོ་རྒྱུ་རེད།
སྔོན་ཆད་ངས་འཛིན་སྐྱོང་གི་འགན་འཛིན་དང་འགན་འཛིན་གཞོན་པའི་ལས་འགན་ཁུར་ཏེ་རྒྱལ་ཁབ་ཀྱི་ཕྱོགས་གང་སར་བཟོ་ལས་ལ་ལྟ་སྐོར་བྱས་པ་ཡིན། ངས་ཐའེ་ཝན་གྱི་བཟོ་ལས་ཀྱི་ནུས་པ་དང་དགོས་མཁོ་རྟོགས་བྱུང་། མ་འོངས་པར་སྲིད་གཞུང་གིས་བཟོ་ལས་དང་མཉམ་འབྲེལ་དམ་པོ་བྱས་ནས་ཁ་ཕྱོགས་ཆེན་པོ་གསུམ་བཟུང་སྟེ་ཐའེ་ཝན་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་ཡིན།
ཁ་ཕྱོགས་དང་པོ། མ་འོངས་པར་ལྟ་དུས། ཤེས་རབ་ནི་གལ་གནད་ཡིན།
གནམ་གཤིས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་སྐབས། ང་ཚོས་ངེས་པར་དུ ༢༠༥༠ ལོའི་དྲང་ཐིག་ཀླད་ཀོར་གྱི་འཕོ་འགྱུར་དེ་བློ་ཐག་ཆོད་པོས་ལག་བསྟར་བྱེད་དགོས། རྣམ་དཔྱོད་ལྡན་པའི་འཚོ་བ་གདོང་དུ་བླངས་ནས་གློག་རྡུལ་རྨང་གཞིར་བཟུང་ནས་ཐའེ་ཝན་རྒྱལ་ཁབ་མིས་བཟོས་རིག་ནུས་ཀྱི་གླིང་ཕྲན་ཞིག་ཏུ་འགྱུར་བར་སྐུལ་འདེད་དང་། གསར་གཏོད་རང་བཞིན་ལྡན་པའི་མིས་བཟོས་རིག་ནུས་ཀྱི་བཀོལ་སྤྱོད་མྱུར་དུ་གཏོང་བ། བཟོ་ལས་ཅན་དུ་སྒྱུར་བའི་མིས་བཟོས་རིག་ནུས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་། དམག་དཔུང་གི་སྟོབས་ཤུགས། མིའི་ནུས་ཤུགས། དཔལ་འབྱོར་གྱི་སྟོབས་ཤུགས་བཅས་གོང་འཕེལ་གཏོང་བར་འབད་བརྩོན་བྱེད་རྒྱུ་ཡིན།
ང་ཚོས་ངེས་པར་དུ་འཛམ་གླིང་ཧྲིལ་པོ་ལ་བཟོ་རྩལ་གསར་གཏོད་ཀྱིས་ཁ་ལོ་བསྒྱུར་བའི་དཔལ་འབྱོར་གྱི་དཔེ་མཚོན་བསྟན་དགོས། འཚོ་བ་ཀུན་འདུས་ཀྱི་འཕེལ་རྒྱས་དོན་དུ་གཉེར་བ་དང་། སྤྱང་གྲུང་ལྡན་ཞིང་ཕུགས་བརྟན་ཆེ་བའི་ཐའེ་ཝན་གསར་པ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དང་དེ་བཞིན་ཐའེ་ཝན་གྱི་དཔལ་འབྱོར་ལ་ངོ་མཚར་ལྡན་པའི་གྲུབ་འབྲས་བསྐྲུན་དགོས།
མ་དངུལ་གཏོང་བ་ཙམ་མིན་པར་ཐའེ་ཝན་གྱི་མི་རབས་གསར་པ་གསོ་སྐྱོང་བྱེད་དགོས་པར་མ་ཟད། ང་ཚོས་ད་དུང་ཚད་རྡུལ་གློག་ཀླད་དང་། འཕྲུལ་མི། གཟུགས་འགྱུར་སྨན་བཅོས། ཞིབ་ཚགས་གསོ་རིག་བཅས་ཀྱི་ཁྱབ་ཁོངས་འདྲ་མིན་གྱི་མདུན་སྐྱོད་འཕྲུལ་ལས་ཐོག་བློ་ཁོག་ཆེན་པོས་མ་རྩ་གཏོང་དགོས། དེ་ལྟར་བྱས་ན་གཞོན་སྐྱེས་ཚོས་སོ་སོའི་ཕུགས་བསམ་བསྒྲུབ་ཐུབ་པ་དང་། འབྱུང་འགྱུར་གྱི་འཛམ་གླིང་ནང་ཐའེ་ཝན་འཛམ་གླིང་གི་འགོ་ཁྲིད་སྡེ་ཁག་ཏུ་སླེབས་ཐུབ་པ་ཁག་ཐེག་བྱེད་ཐུབ།
ཁ་ཕྱོགས་གཉིས་པ། མཁའ་ལ་འཕུར་རྒྱུ་དང་རྒྱ་མཚོར་མྱུལ་རྒྱུ།
ང་ཚོས་ཐའེ་ཝན་ནི་ཨེ་ཤེ་ཡ་ནང་གི་མང་གཙོའི་འཕེལ་རིམ་ཟབ་པའི་ལོ་རྒྱུས་ཀྱི་ལྟེ་གནས་སུ་བསྒྱུར་རྒྱུ་དང་། རྒྱུ་སྐར་འཁོར་ལམ་འབྲིང་རིམ་དང་དམའ་རིམ་ནང་དུ་བརྡ་འཕྲིན་འཁོར་སྐར་གྱི་མི་རབས་རྗེས་མའི་ཚན་རྩལ་བཟོ་སྐྲུན་བྱ་རྒྱུ། གོ་ལའི་མཁའ་དབྱིངས་བཟོ་ལས་ནང་ཞུགས་རྒྱུ་བཅས་ཀྱི་དམིགས་ཡུལ་བཟུང་ཡོད།
ང་ཚོས་ངེས་པར་དུ་རྒྱ་མཚོའི་སྐོར་ལ་ཞིབ་འཇུག་བྱེད་པ་དང་། མཚོ་འགྲམ་གྱི་རྒྱལ་ཁབ་ཁག་གི་ཁེ་ཕན་ཆ་ཚང་བེད་སྤྱོད་གཏོང་བ། མི་མང་འབྱོར་ལྡན་ཅན་ལ་བསྒྱུར་བ། མཚོ་ཐོག་གི་ཚེ་སྲོག་སྲུང་སྐྱོབ་བྱེད་པ། མཚོ་ཐོག་གི་ཚན་རིག་དང་འཕྲུལ་རིག་ཞིབ་འཇུག་ལ་མ་དངུལ་གཏོང་བ་བཅས་ལ་བརྟེན་ནས་མཚོ་ཐོག་གི་བཟོ་ལས་ཡར་རྒྱས་གཏོང་བ་དང་། རྒྱལ་ཁབ་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ད་དུང་དཔལ་འབྱོར་དང་བཟོ་ལས་ཕྱོགས་མང་པོར་འཕེལ་རྒྱས་འགྲོ་རྒྱུ་དེ་ཡིན།
ཁ་ཕྱོགས་གསུམ་པ། ཚོང་དོན་ཡར་རྒྱས་དང་ཚོང་ལས་དར་ཁྱབ།
ཐའེ་ཝན་གྱིས་ཚོང་དོན་མཉམ་ལས་མཐུན་ཚོགས་སུ་ཞུགས་རྒྱུའི་CPTPP ལ་སྙན་ཞུ་ཕུལ་ཚར་ཡོད་པ་དང་། རང་ཁུངས་མངའ་ཁུལ་དཔལ་འབྱོར་གཅིག་སྒྲིལ་གཏོང་རྒྱུར་འབད་བརྩོན་ཤུགས་ཆེན་བྱ་རྒྱུ་དང་། ཚོང་འབྲེལ་གྱི་མཐུན་གྲོགས་ཇེ་ཟབ་ཏུ་གཏོང་བའི་ཆེད་དུ་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཁག་དང་མཉམ་དུ་ཕྱོགས་གཉིས་ཀྱི་མ་དངུལ་སྲུང་སྐྱོབ་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ། ད་དུང་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་རྒྱ་སྐྱེད་གཏོང་བའི་ཆེད་དུ་ནག་རྫས་ཀྱི་ཁྲལ་བསྡུའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན།
ང་ཚོས་ངེས་པར་དུ་འཛམ་གླིང་གི་ཚོང་དོན་གནས་བབ་གཙོ་བོ་དེ་རྒྱུན་འཛིན་བྱེད་དགོས་པ་དང་། ས་ཁམས་སྲིད་དོན་གྱི་འགྱུར་ལྡོག་གིས་བསྐྲུན་པའི་ཚོང་ལས་ཀྱི་གོ་སྐབས་རྣམས་དམ་འཛིན་བྱ་དགོས། འཕྲུལ་ལས་ཆ་འཕྲིན་དང་། མིས་བཟོས་རིག་ནུས། དམག་དོན་བཟོ་ལས། བདེ་འཇགས་སྟངས་འཛིན། དུས་རབས་རྗེས་མའི་བརྡ་འཕྲིན་ལ་ཡིད་རྟོན་རུང་བའི་བཟོ་ལས་ཡར་རྒྱས་གཏོང་དགོས་པ། ད་དུང་མ་རྩ་འཇོག་པའི་ཚོང་ལས་ཀྱི་ཁོར་ཡུག་དེ་མུ་མཐུད་ནས་ཡར་རྒྱས་གཏོང་དགོས་པ། ཕྱིའི་རྒྱལ་ཁབ་ཁག་གི་ཐའེ་ཝན་གྱི་ཚོང་པ་རྣམས་ཕྱིར་རང་ཡུལ་དུ་ལོག་ནས་མ་རྩ་འཇོག་པར་དགའ་བསུ་ཞུ་དགོས། ས་གནས་ཀྱི་ཁེ་ལས་བ་རྣམས་ལ་ཐའེ་ཝན་དུ་མ་དངུལ་རྒྱ་སྐྱེད་དང་གནས་སྡོད་བྱེད་པའི་སྐུལ་འདེད་གཏོང་དགོས།
སྤྱི་ཚོགས་ནང་ཚོང་ལས་འདྲ་མིན་གཉེར་མཁན་གྱི་གྲོགས་པོ་ཚོར་ངས་སེམས་ཐག་རྦད་ཆོད་ཐོག་བཤད་འདོད་པ་ཞིག་ལ། ཁྱེད་ཚོས་ཆོད་སེམས་བརྟན་པོས་ཚོང་དོན་རྩེ་གྲས་གཉེར་བ་ལ་སྲིད་གཞུང་གིས་རྒྱབ་སྐྱོར་ཆ་ཚང་བ་ཞིག་བྱེད་རྒྱུའི་སེམས་ཐག་བཅད་ཡོད། དེ་ལྟར་བྱས་ན་ཐའེ་ཝན་གྱི་བཟོ་ལས་སྣ་ཚོགས་ཐའེ་ཝན་རྒྱལ་ཁབ་ནང་གཞི་བཅོལ་ནས་འཛམ་གླིང་ཡོངས་ལ་རྒྱ་སྐྱེད་བྱ་ཐུབ་པ་དང་། འཛམ་གླིང་ཁྱོན་ཡོངས་ལ་ཁྲོམ་ར་གསར་པ་ཞིག་འཛུགས་ཐུབ་ཀྱི་རེད།
ཐའེ་ཝན་ལ་དཔལ་འབྱོར་གྱི་ཉི་མ་གཏན་ནས་ཡལ་རྒྱུ་མེད་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་པའི་ནུས་པ་ཡོངས་སུ་ཚང་ཡོད། ཉི་མ་གང་ནས་ཤར་ཡང་དེས་ཐའེ་ཝན་གྱི་ཁེ་ལས་ལ་འོད་སྣང་བསྐྲུན་ཏེ་ས་གནས་ཡར་རྒྱས་ལ་ཕན་ཐོགས་འབྱུང་བ་དང་། ཐའེ་ཝན་གྱི་མི་མང་ལ་སྔར་ལས་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་སྐྱེལ་དུ་འཇུག་ཐུབ།
ལྔ་བ། མི་མང་གིས་བདེ་སྐྱིད་ལོངས་སུ་སྤྱོད། མི་མང་གི་སེམས་ཁྲལ་ལ་དོ་ཁུར་བྱེད།
ངས་དཔལ་འབྱོར་ཡར་རྒྱས་ཀྱི་འབྲས་བུ་སྟེ་མི་མང་ཐམས་ཅད་ཀྱིས་མཉམ་སྤྱོད་བྱ་དགོས་པའི་ཡིད་ཆེས་བརྟན་པོ་ཡོད། མ་འོངས་པར་རྒྱལ་ཁབ་ཀྱི་ངོས་ནས་ལས་འཆར་འདྲ་མིན་སྤེལ་བ་དང་སྤྱི་ཚོགས་ཀྱི་མ་དངུལ་རྒྱ་སྐྱེད་བྱེད་པར་བརྟེན་བྱམས་བརྩེ་དང་། ཀུན་སྤྱོད། སྙིང་སྟོབས་ལྡན་པའི་ཐའེ་ཝན་གྱི་སྤྱི་ཚོགས་ཤིག་སྐྲུན་རྒྱུ་ཡིན། གཞོན་སྐྱེས་ཚོས་རེ་བ་མཐོང་ཐུབ་པ་དང་། དར་མ་ཚོས་རང་གི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ། རྒན་རབས་པ་ཚོས་འཚོ་བའི་བདེ་སྐྱིད་མྱོང་ཐུབ་པ། ཉམ་ཆུང་ཚོར་ལྟ་སྐྱོང་བྱེད་ཐུབ་པ། མི་མང་གི་མི་ཚེའི་གོ་རིམ་ལྟར་ཚང་མར་སྲིད་གཞུང་གིས་རོགས་སྐྱོར་ལམ་སྟོན་བྱ་རྒྱུ་ཡིན།
མ་འོངས་པར་བྱིས་པ་གཉོར་སྐྱོང་དང་། རྒྱུན་རིང་ནད་གཡོག། སྤྱི་ཚོགས་ཀྱི་སྡོད་ཁང་སོགས་ཀྱི་ཞབས་ཞུ་མུ་མཐུད་གོང་འཕེལ་གཏོང་དགོས། ཅ་དངོས་རིན་གོང་དང་། སྡོད་ཁང་གི་རིན། དབུལ་ཕྱུག་གི་ཧེ་བག་ལྟ་བུའི་གནད་དོན་རྣམས་ཐག་གཅོད་བྱས་ཏེ་མུ་མཐུད་གོང་འཕེལ་གཏོང་རྒྱུ། འཕྲོད་བསྟེན་ཟས་རིགས་དང་། ལམ་ཁའི་བདེ་འཇགས། སློབ་གྲྭའི་ཁོར་ཡུག་གི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས། དྲ་ཐོག་བདེ་འཇགས་སོགས་འགན་ལེན་རྣམས་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུ། ང་ཚོའི་སྟོབས་ཤུགས་མུ་མཐུད་ནས་ཆེ་རུ་གཏོང་དགོས་པར་མ་ཟད། ད་དུང་ཤེས་ཡོན་དང་། ཁྲིམས་ལུགས། དྲང་བདེན་སོགས་ཀྱིས་སྤྱི་ཚོགས་སྒྱུར་བཅོས་ཀྱི་ལས་དོན་ལ་ཡང་ངེས་པར་དུ་བརྩོན་དགོས།
ངས་ཐའེ་ཝན་མི་མང་གི་མི་ཚེའི་ནང་གི་སེམས་ཁྲལ་དང་རེ་ལྟོས་རྣམས་ཀྱང་གསལ་པོར་ཤེས་ཀྱི་ཡོད། སྲིད་གཞུང་གིས་ཁྱེད་ཚོས་སེམས་ཁུར་བྱེད་བཞིན་པའི་གནད་དོན་དང་སྤྱི་ཚོགས་ལ་དགོས་ངེས་ཀྱི་ལེགས་བཅོས་ཁག་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་མཐུན་རྐྱེན་སྤྲོད་རྒྱུ་དང་། ངས་ཐའེ་ཝན་གྱི་བཟོ་ལས་ཡར་རྒྱས་བཏང་ནས་གླ་ཕོགས་མཐོ་བའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན། མི་མང་གིས་སྤྱི་ཚོགས་ཀྱི་བདེ་འཇགས་ཇེ་ལེགས་སུ་གཏོང་བའི་སྐོར་ལ་རེ་བ་བྱེད་ཀྱིན་འདུག ངས་ལྐོག་དངུལ་ལེན་པ་དང། མེ་མདའ་ཉར་བ། ཉལ་ཐ་ཉོ་ཚོང། དྲ་ཐོག་གཡོ་ཁྲམ་སོགས་ཀྱི་བྱ་སྤྱོད་སྤེལ་མཁན་རྣམས་ལ་དམ་དྲག་ཤུགས་ཆེན་བྱེད་རྒྱུ་ཡིན།
མི་ཚང་མར་གློག་གི་མཐུན་རྐྱེན་བརྟན་པོ་ཞིག་དགོས་ཀྱི་འདུག ངས་ནུས་ཤུགས་ཡོད་རྒུ་བཏོན་ནས་འགྱུར་བ་ཐེངས་གཉིས་པ་དེ་གཏོང་རྒྱུ་ཡིན། ཐའེ་ཝན་གློག་ཤུགས་མ་ལག་ཀྱི་ནུས་པ་དེ་སྲ་བརྟན་དུ་གཏོང་རྒྱུ་ཡིན།
ངལ་རྩོལ་ཉེན་སྲུང་མ་དངུལ་གྱི་ཐད་ལ་མི་ཚང་མས་སེམས་ཁུར་བྱེད་ཀྱི་འདུག ངས་སླར་ཡང་ནན་བཤད་བྱེད་འདོད་པ་ཞིག་ལ། སྲིད་གཞུང་ཇི་སྲིད་གནས་པ་དེ་སྲིད་དུ་ངལ་རྩོལ་ཉེན་སྲུང་མ་དངུལ་ལ་ནམ་ཡང་ཉམས་རྒུད་འབྱུང་མི་སྲིད།
མི་ཡོངས་ཀྱིས་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ངས་བདེ་འཇགས་ཅན་གྱི་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་བསྐྲུན་ཏེ་རྐང་ཐང་དམྱལ་བ་ཞེས་པའི་མིང་ངན་དེ་མེད་པ་བཟོ་རྒྱུ་ཡིན།
མི་ཚང་མས་སྲིད་གཞུང་གིས་ཁྱིམ་ཚང་གི་རྡོག་ཁྲེས་ཇེ་ཡང་དུ་གཏོང་བ་དང་། བཟོ་ལས་ངལ་རྩོལ་མི་འདང་བའི་དཀའ་ངལ་སེལ་བར་རོགས་རམ་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། གནད་དོན་དེ་རིགས་ངས་ངེས་པར་དུ་ཐག་གཅོད་བྱ་དགོས།
ང་ཚོ་ཚང་མས་འབྱུང་འགྱུར་ལ་ལྟ་སྐབས། འགོས་ནད་དང་། རང་བྱུང་གི་ཆག་སྒོ། ས་ཡོམ་ལྟ་བུའི་གོད་ཆག་གི་རིགས་སྣ་ཚོགས་ལ་ལེགས་པར་གདོང་ལེན་བྱེད་ཐུབ་པའི་སོར་ཆུད་ཀྱི་ནུས་པ་ལྡན་པའི་ཐའེ་ཝན་ཞིག་དང་། གྲོང་ཁྱེར་བསྐྱར་གསོ་མགྱོགས་སུ་གཏང་ཐུབ་པ། ཉེན་ཁ་ཆེ་བའི་ཁང་རྙིང་གི་དཀའ་ངལ་སེལ་ཐུབ་པའི་ཐའེ་ཝན་ཞིག་བཅས་ལ་རེ་སྨོན་བྱེད་ཀྱི་ཡོད།
ང་ཚོས་ད་དུང་མ་འོངས་པའི་ཐའེ་ཝན་ལ་སྔར་ལས་ལྷག་པའི་བདེ་ཐང་ལྡན་པར་རེ་བ་རྒྱག་གི་ཡོད། ངས་རང་ཉིད་སྨན་པ་ཞིག་ཡིན་པའི་ཆེད་ལས་ནུས་པ་དེ་བེད་སྤྱད་དེ་སྤྱི་ཚོགས་ཀྱི་སྡེ་ཚན་ཚང་མའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་སྐྲན་ནད་བཅོས་ཐབས་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་ལུས་རྩལ་དར་སྤེལ་གཏོང་བ་དང་། འཕྲོད་བསྟེན་ཉེན་སྲུང་ཡུན་གནས་ཡོང་བའི་ཆེད་དུ་རྩེད་རིགས་དང་ལུས་རྩལ་ཡར་རྒྱས་སྡེ་ཚན་འཛུགས་རྒྱུའི་རེ་བ་བྱེད་ཀྱིན་ཡོད། དེ་ལྟར་བྱས་ན་རང་རྒྱལ་གྱི་མི་རྣམས་བདེ་ཐང་ངང་འཚོ་ཐུབ་པ་མ་ཟད་ཚེ་ཐག་རིང་དུ་གནས་ཐུབ།
མ་འོངས་པར་ཐའེ་ཝན་གྱིས་ངེས་པར་དུ་རང་བྱུང་ཁོར་ཡུག་སྣ་མང་དང་མི་རིགས་སྣ་མང་གི་རིག་གཞུང་ལ་སྲུང་སྐྱོབ་བྱས་ཏེ། ཁོར་ཡུག་རྒྱུན་གནས་དང་རིག་གཞུང་རྒྱུན་གནས་ཀྱི་ཕྱག་ལས་ལ་བརྟེན་ནས་རྒྱལ་ཁབ་འདི་སྔར་ལས་ཇེ་ལེགས་སུ་གཏང་དགོས།
མ་འོངས་པར་ཐའེ་ཝན་ལ་སྣེ་མང་གསར་གཏོད་ཀྱི་དཔལ་འབྱོར་དང་། ཚན་རིག་ལག་རྩལ་གྱི་བཀོལ་སྤྱོད་ཁྱབ་ཆེ་རུ་འགྲོ་བ། འགྲན་རྩོད་ནུས་ཤུགས་དང་སྐད་གཉིས་སློབ་གསོའི་ནུས་ཤུགས། སྤྱི་པའི་ཞབས་ཞུའི་ལས་དོན་ལམ་ལུགས་སྲ་བརྟན་དུ་འགྲོ་བ། ཕོ་མོ་འདྲ་མཉམ་གྱི་ཁོར་ཡུག་གིས་མི་སེར་ཚང་མའི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་བཅས་ཡོང་བ་བྱ་རྒྱུ་ཡིན།
མ་འོངས་པའི་ཐའེ་ཝན་ལ་མཚོན་ན། རྫོང་དང་གྲོང་ཁྱེར་རེ་རེ་བཞིན་སོ་སོའི་ཁྱད་ཆོས་དང་བསྟུན་ནས་ཡར་རྒྱས་སུ་གཏོང་དགོས་པ་དང་། ས་གནས་ཀྱི་ཁེ་ལས་བཟོ་ལས་གོང་འཕེལ་དུ་གཏོང་དགོས། དེ་བཞིན་ཐའེ་ཝན་སྤྱི་མཐུན་གྱི་དམིགས་ཡུལ་ལག་བསྟར་བྱེད་དགོས། དེ་ལྟར་བྱས་ན་ཡུལ་མི་ཐམས་ཅད་ཞི་བདེའི་ངང་གནས་ཐུབ་པ་དང་སྤྲོ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་ཆོག
དྲུག ཆིག་སྒྲིལ་ལ་སྟོབས་ཤུགས་ཆེན་པོ་ཡོད་པ་དང་། ང་ཚོས་རྒྱལ་ཁབ་ཀྱི་སྟོབས་ཤུགས་མུ་མཐུད་གོང་འཕེལ་གཏོང་རྒྱུ་ཡིན།
བརྩེ་བའི་རྒྱལ་ཁབ་གཅིག་གི་སྤུན་ཟླ་རྣམ་པ། མ་འོངས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དཔལ་འབྱོར་དང་ཕྱོགས་ཡོངས་ནས་འགྲན་རྩོད་བྱེད་པའི་དུས་རབས་འདིར་རྒྱལ་ཁབ་ཅིག་གིས་མཉམ་ལས་ཅི་ཡང་མེད་པར་འཐབ་རྩོད་བྱེད་མི་ཐུབ་ཅིང་། ཁ་འཐོར་དུ་སོང་བའི་སྤྱི་ཚོགས་ཤིག་གིས་དེ་བས་ཀྱང་རྒྱལ་སྤྱིའི་དཔལ་འབྱོར་དང་འགྲན་རྩོད་ཀྱི་དུས་རབས་འདིར་ལེགས་འགྲུབ་འབྱུང་བའི་བྱ་བ་ཅི་ཡང་སྒྲུབ་མི་ཐུབ།
ང་ཚོ་ཆིག་སྒྲིལ་བྱས་ན་རྒྱལ་ཁབ་ཀྱི་གོམ་པ་བརྟན་པོར་སྤོ་ཐུབ། ང་ཚོས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ན་རྒྱལ་ཁབ་ཀྱི་གོམ་པ་སྔར་ལས་ཐག་རིང་དུ་སྤོ་ཐུབ། རྒྱལ་ཁབ་ཀྱི་འཚོ་གནས་དང་ཡར་རྒྱས་ཀྱི་ཆེད་དུ། ངས་མང་གཙོའི་སྟོབས་ཤུགས་ལ་བརྟེན་ནས་མི་མང་ཐམས་ཅད་ཆིག་སྒྲིལ་བཟོས་ཏེ་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་གི་ཡིན།
ང་ཚོ་ཚང་མས་ཤེས་གསལ་ལྟར། རང་དབང་རང་བཙན་ཡོད་ན་རྒྱལ་ཁབ་ཅིག་ཡོད་པ་དང་། ཐའེ་ཝན་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ན། ཐའེ་ཝན་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་དབང་རང་བཙན་ནི་རྒྱལ་ཁབ་ཀྱི་ཡུལ་མི་ཚོར་དབང་བ་དང་། ཐའེ་ཝན་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ཡོད་པ་ཡིན་ན་རྒྱལ་ཁབ་ཀྱི་ཡུལ་མི་ཡིན་པ་ར་སྤྲོད་བྱེད་ཐུབ་པ་ལྟར། ཀྲུང་ཧྭ་མེན་གོ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཕན་ཚུན་འབྲེལ་བ་མེད་པ་མཐོང་ཐུབ། ཐའེ་ཝན་མི་དམངས་ཀྱིས་ཆིག་སྒྲིལ་བྱས་ཏེ་རྒྱལ་ཁབ་ལ་དགའ་ཞེན་བྱེད་དགོས། སྲིད་དོན་གྱི་ཚོགས་པ་ག་འདྲ་ཞིག་ཡིན་ཡང་ངེས་པར་དུ་རྒྱལ་ཁབ་ཀྱི་རང་དབང་གཙོ་བོར་འཛིན་དགོས། སྲིད་དོན་ཚོགས་པའི་བྱེད་སྒོ་གང་རུང་གི་རང་དབང་ཆེད་དུ་རྒྱལ་ཁབ་ཀྱི་རང་དབང་བློས་གཏོང་བྱེད་མི་རུང་།
འཛམ་གླིང་གི་རྒྱལ་ཁབ་མང་པོས་མངོན་གསལ་དོད་པོས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། རྒྱབ་སྐྱོར་དེས་ཐའེ་ཝན་ནི་འཛམ་གླིང་གི་ཐའེ་ཝན་ཡིན་པ་ར་སྤྲོད་བྱེན་ཀྱི་ཡོད། འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་ཐའེ་ཝན་གྱིས་སྟོབས་ཤུགས་འབུལ་བ་འཛམ་གླིང་མི་དམངས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད།
རྒྱལ་ཁབ་གཅིག་པའི་སྤུན་ཟླ་རྣམ་པ། མི་རིགས་ཀྱི་དབྱེ་བ་དང་། རིགས་རུས། སྔོན་གནས་དང་རྗེས་འབྱོར་ཁྱད་པར་ཅི་ཡང་མེད་པར་རང་ཉིད་ཐའེ་ཝན་མི་རིགས་ཡིན་པའི་འདུ་ཤེས་ཡོད་མཁན་ཚང་མ་ནི་རྒྱལ་ཁབ་འདིའི་བདག་པོ་ཡིན། རྒྱལ་སྤྱིའི་གྲོགས་པོ་ཚོས་ང་ཚོའི་རྒྱལ་ཁབ་ལ་འབོད་པའི་མིང་དེ་ང་ཚོ་ཚང་མས་ཡིན་པ་མ་གཏོགས་སྒེར་བ་རེ་ཟུང་ལ་དབང་བ་ཞིག་མིན། ང་ཚོའི་མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་འདོན་བྱས་ནས་འཛམ་གླིང་སྤྱི་མཐུན་གྱི་ཁ་ཕྱོགས་སུ་འགྲོ་ཐུབ་པར་བྱེད་དགོས།
བདུན། ཐའེ་ཝན་གྱི་འཛམ་གླིང་། འཛམ་གླིང་གསར་པ།
ཐའེ་ཝན་འཛམ་གླིང་གི་ཁ་ཕྱོགས་སུ་འགྲོ་སྐབས་ང་ཚོས་ཀྱང་འཛམ་གླིང་འདི་ཐའེ་ཝན་གྱི་ཕྱོགས་སུ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད། འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ཐའེ་ཝན་དུ་གནས་སྡོད་བྱེད་མཁན་གསར་པ་དང་། ཕྱི་རྒྱལ་གྱི་གྲོགས་པོ་མང་པོ་ཐའེ་ཝན་ལ་ཡོང་སྟེ་ཐའེ་ཝན་ནས་འཚོ་བར་དབུ་འཁྱུད་འབྲི་བཞིན་འདུག ངས་ཁྱེད་ཚོ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཁྱེད་ཚོ་ལ་གུས་བརྩི་ཞུ་འདོད།
དེ་རིང་ཚོགས་ཐོག་འདིར་ལེ་དབར་སྟོང་ཕྲག་མང་པོ་བརྒྱུད་ནས་ཕེབས་མཁན་རྒྱལ་སྤྱིའི་གྲོགས་པོ་ཡོད་པར་མ་ཟད། དེ་བཞིན་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བྱེད་མཁན་ཐའེ་ཝན་ཡུལ་མི་ཡང་ཕྱིར་ལོག་བྱས་ཏེ་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཁོ་ཚོར་དགའ་བསུ་དང་དགའ་བསུའི་ཐལ་མོ་ཤུགས་དྲག་རྡེབ་འོས།
དོ་དགོང་ང་ཚོས་ཐའེ་ནན་ནས་ཕྱོགས་ཕེབས་ཀྱི་མགྲོན་པོ་དང་ཕྱི་རྒྱལ་ཁག་གི་སྐུ་མགྲོན་རྣམས་སྣེ་ལེན་བྱེད་ཆེད་རྒྱལ་ཁབ་ཀྱི་གསོལ་སྟོན་བཤམ་རྒྱུ་གོ་སྒྲིག་བྱས་ཡོད། ཕྱི་ལོ ༡༦༢༤ ལོར་ཐའེ་ཝན་ནི་ཐེན་ནན་ཡར་ཐོན་རྒྱལ་ཁབ་ཀྱི་ཕྱོགས་སུ་གོམ་པ་སྤོས་པ་ཡིན།
ལོ་ངོ ༤༠༠ ལྡན་པའི་ལོ་རྒྱུས་ཀྱི་སྟེགས་བུར་ལངས་སྐབས་ཐེན་ཝན་གྱིས་ངེས་པར་དུ་སྤོབས་པ་སྟོན་དགོས་པ་དང་། བློ་སྟོབས་ཆེན་པོས་གྲུ་གཟིངས་བཏང་སྟེ་འཇིག་རྟེན་གསར་པའི་ནང་དུ་བསྐྱོད་དགོས། འཛམ་གླིང་མི་དམངས་ཀྱིས་ཐའེ་ཝན་གསར་པར་དགའ་བསུ་བྱེད་དུ་འཇུག་དགོས།
ཡང་བསྐྱར་ཞུ་འདོད་པ་ཞིག་ལ། རྒྱལ་ཁབ་གཅིག་པའི་སྤུན་ཟླ་རྣམ་པར་ང་ཚོ་སྐྱེས་སའི་མ་ཡུམ་ཐའེ་ཝན་རྒྱལ་ཁབ་ལ་དགའ་བསུའི་ཐལ་མོ་རྡེབས་རོགས། ང་ཚོས་མཉམ་རུབ་ཐོག་མ་ཡུམ་ཐའེ་ཝན་སྲུང་སྐྱོབ་བྱ་རྒྱུ་དང་། ང་ཚོའི་བྱ་སྤྱོད་ཀྱིས་མ་ཡུམ་ཐའེ་ཝན་ལ་ཆེ་མཐོང་སྤྲོད་རྒྱུ། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་མི་མང་གིས་མ་ཡུམ་ཐའེ་ཝན་ལ་དགའ་ཞེན་དང་བརྩི་བཀུར་ཐོབ་ཏུ་འཇུག་དགོས།
ཐུགས་རྗེ་ཆེ་ཞུ།