བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང། ཕན་ཐོགས།
ཕྱི་ལོ་༡༩༨༩ཟླ་ ༡ ཚེས་ ༢༨ ཉིན་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གཞིས་ཀ་རྩེར་གློ་བུར་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་ཐོན་ཡོད། ཕྱི་ལོ་༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་ྉགོང་ས་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་གནང་ཡོད། ཉིན་གསུམ་རྗེས་ཀྱི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་སྤུན་མཆེད་ཚོ་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་ཀྱི་གནས་སུ་གྱར་ཡོད།
སྐབས་དེའི་རྒྱ་ནག་ཆོས་ལུགས་ལྷན་ཁང་གི་འགན་འཛིན་གཡས་ཞཱོ་ཝན་叶小文གྱིས་ཨ་ཀྱཱ་རིན་པོ་ཆེར་ཞུས་པར་ཏཱ་ལས་འོས་སྤྲུལ་ཁྱབ་བསྒྲགས་བྱས་རྗེས་གནས་བབ་མངོན་གསུམ་ཛ་དྲག་པོ་རེད། ང་ཚོས་ལམ་སེང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ནས་གནམ་གྲུ་གསུམ་གཡར་ཏེ་འོས་སྤྲུལ་གསུམ་ས་ཆ་གསུམ་ལ་སྦས་པ་སུས་ཀྱང་ཤེས་ཀྱི་མེད།
རྒྱ་ནག་གཞུང་གིས་དངོས་གནས་བཙན་པོ་སྦས་འདུག སུས་ཀྱང་མ་ཤེས་པ་བྱེད་ཐུབ་ཡོད། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་གཞུང་གིས་བཙན་འཁྲིད་བྱས་པ་ནས་ད་བར་མི་ལོ་ཧྲིལ་པོ་ ༢༩ འཁོར་ཡོད།
རྒྱལ་སྤྱིའི་ཐོག་ནས་༧པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་གཏོང་དགོས་པའི་གནོན་ཤུགས་འདྲ་མིན་སྤྲོད་བཞིན་ཡོད་པ་དང་། རྒྱ་གཞུང་ནས་མུ་མཐུད་བསྐྱར་བཤད་བྱེད་བཞིན་པ་ནི་༧པཎ་ཆེན་ཡང་སྤྲུལ་ནི་རྒྱ་ནག་གི་མི་སེར་དཀྱུས་མ་ཞིག་རེད། དེང་སྐབས་རྒྱུན་ལྡན་གྱི་འཚོ་བ་རོལ་བཞིན་ཡོད། ཁོང་དང་ཁོང་གི་ནང་མི་ཚོས་ད་ལྟའི་རྒྱུན་ལྡན་གྱི་འཚོ་བ་ལ་ཕྱི་ཕྱོགས་ནས་བར་ཆད་མི་ཡོང་བའི་རེ་བ་བྱེད་ཀྱི་འདུག་ཅེས་ཟེར་གྱི་ཡོད་པ་རེད།
མི་སེར་དཀྱུས་མ་གང་འདྲ་ཞིག་ལ་རྒྱལ་ཁབ་ཀྱི་ནུས་པ་མཉམ་དཔུང་གིས་ཕྱི་ཕྱོགས་ནས་བར་ཆད་མི་ཡོང་ཐབས་བྱེད་དགོས་སམ། ཁོང་རང་ཉིད་ཙམ་མིན་པར་ཡབ་ཡུམ་གཉིས་གཙོས་པའི་ནང་མི་ལྔ་པོའི་འཚོ་བའི་ཤུལ་རྗེས་ཙམ་ཡང་མཐོང་རྒྱུ་མེད་པ་བཟོས། དེ་འདྲའི་ཧང་སང་དགོས་པའི་དྲག་སྤྱོད་དེར་མི་ཚོས་ཞེད་སྣང་སྐྱེས་དགོས་པ་ཞིག་མ་རེད་དམ།
ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་གཉིས་ཀྱི་ཡང་སྲིད་ལམ་ལུགས་དབར་གྱི་འབྱུང་རྩ།
༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་བོད་ནས་ཞལ་གྱེས་ནས་ད་བར་ལོ་ངོ་དྲུག་བཅུ་རེ་ལྔ་འཁོར་ཟིན། འོ་ན་ཕྱི་ལོ་༡༩༩༥ལོར་༧གོང་ས་མཆོག་གི་ཐག་རིང་རྒྱ་གར་འཕགས་པའི་ཡུལ་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྤྲུལ་ངོས་འཛིན་གནང་ཡོད་དམ། དེའི་ཐོག་ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་གཉིས་ཀྱི་ཡང་སྲིད་ལམ་ལུགས་དབར་གྱི་འབྱུང་རྩར་གཟིགས་དགོས།
ཕྱི་ལོའི་དུས་རབས་བཅུ་བཞིའི་སྐབས་སུ་རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་མཆོག་གིས་གདན་ས་བཀྲ་ཤིས་ལྷུན་པོ་དགོན་ཕྱག་བཏབ། ཁོང་གིས་རྒྱ་གར་ནས་ཡོང་བའི་ཕྱི་པ་དང་རྩོད་གླེང་ཐོབ་རྗེས་མི་ཚོས་ཁོང་ལ་༧པཎྜི་ཏ་ཆེན་མོ་ཞེས་མཚན་གསོལ། པཎྜི་ཏ་ཆེན་མོ་ཞེས་པ་བསྡུས་ན་པཎ་ཆེན། དེ་ཡང་པཎ་ཆེན་ཞེས་པའི་མཚན་སྙན་གྱི་འབྱུང་ཁུངས་རེད། རྒྱལ་བ་དགེ་འདུན་གྲུབ་པས་བཀྲ་ཤིས་ལྷུན་པོའི་མཁན་ཐོག་དང་པོའི་པཎ་ཆེན་གནང་ཡོད། པཎ་ཆེན་ཞེས་པ་བཀྲ་ཤིས་ལྷུན་པོ་དགོན་གྱི་མཁན་པོའི་མཚན་སྙན་དུ་ཟུར་ཆགས་ཡོད། དེ་ནས་མཁན་པོ་ལས་ཐོག་བཅུ་གྲངས་རིམ་བྱོན་གནང་རྗེས། ཕྱི་ལོའི་དུས་རབས་བཅུ་བདུན་སྐབས་སུ་དབེན་ས་དགོན་པའི་བླ་ཆེན་བློ་བཟང་ཆོས་རྒྱན་གྱིས་བཀྲ་ཤིས་ལྷུན་པོ་དགོན་གྱི་པཎ་ཆེན་གནང་ཡོད།
ཕྱི་ལོ་༡༦༤༢ལོར་རྒྱལ་བ་ལྔ་པ་ཆེན་པོ་མཆོག་གིས་གཞུང་ས་དགའ་ལྡན་ཕོ་བྲང་ཕྱག་བཏབ། དགེ་ལུགས་པའི་གཞུང་གི་ཏཱ་ལའི་བླ་མས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་གནང་སྒོ་འཚུགས། བློ་བཟང་ཆོས་རྒྱན་ནི་༧གོང་ས་ལྔ་པ་ཆེན་པོའི་ཆེས་གུས་པར་འོས་པའི་སློབ་དཔོན་ཡིན། ཁོང་གི་ཡང་སྲིད་མ་ལག་དེ་ཡང་ཙོང་ཁ་པའི་སློབ་ཕྲུག་གཅིག་པ་མཁས་གྲུབ་རྗེ་ལ་ཁུངས་གཏུགས་ཡོད། དེ་རྗེས་པཎ་ཆེན་ཞེས་པའི་མཚན་གནས་དེ་ཡང་ཁོང་གི་ཆེད་གཏོགས་ཆགས་ཡོད། བཀྲ་ཤིས་ལྷུན་པོ་དགོན་ཡང་པཎ་ཆེན་བླ་མའི་གདན་ས་ཆགས་ཡོད།
དུས་དེ་ནས་བཟུང་ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་གཉིས་ལ་རྒྱལ་བ་ཡབ་སྲས་ཞེས་དང། བོད་པའི་ངག་རྒྱུན་དུ་གནམ་ལ་ཉི་མ་ཟླ་བ་ས་ལ་རྒྱལ་བ་པཎ་ཆེན། ཞེས་བཤད་སྲོལ་ཡོད་པ་རེད།
དགེ་ལུགས་ཀྱི་ཡང་སྲིད་ངོས་འཛིན་ཞུ་སྲོལ་མཐོ་ཤོས་ལས་ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་གཉིས་ནས་སུ་ཞིག་སྐུ་མྱ་ངན་ལས་འདས་ཚེ་སྐུ་འཚོ་བཞུགས་ཡིན་པ་དེས་སྐུ་གཤེགས་ཟིན་པ་དེའི་ཡང་སྤྲུལ་ངོས་འཛིན་གནང་སྲོལ་ཡོད་པ་རེད། སྐུ་འཚོ་བཞུགས་པ་དེ་ལོ་ན་ཕྲ་བས་ལས་སྒོ་མ་འཕེར་བའམ་ཡང་ན་གཉིས་ཀ་སྐུ་གྲོངས་བ་ཡིན་ན། སྐབས་དེའི་བླ་ཆེན་མཐོ་ཤོས་ཤིག་གིས་ཡང་སྤྲུལ་ངོས་འཛིན་གནང་སྲོལ་ཡོད་པ་རེད། དུས་ཡུན་རིང་པོའི་ལོ་རྒྱུས་ཁྲོད་དེ་འདྲ་གནང་བའི་གནས་ཚུལ་བྱུང་ཡོད་ཀྱང་སྒྲིག་སྲོལ་ཆགས་མེད། དཔེར་ན་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལྷ་མོ་དོན་གྲུབ་ཡིན་པའི་སྐབས་ཡང་སྲིད་འཚོལ་བར་ཕེབས་པའི་སེ་ར་བླ་མ་དང་སྐུ་གོང་མའི་སྐུ་ཆས་རྣམས་ངོ་མཁྱེན་པར་བརྟེན་༧སྐུའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས་ཁོང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཡིན་པ་འཁྲུལ་མེད་ཐུགས་གཏན་ཁེལ་གནང་བ་ལས་གཞན་གྱི་ཆོ་ག་གང་ཡང་གནང་དགོས་བྱུང་མེད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་སྐུ་མྱ་ངན་ལས་འདས་རྗེས། ཕྱི་ལོ་༡༩༤༦ལོར་བཀའ་ཤག་དང་སྟག་བྲག་རིན་པོ་ཆེས་བཀའ་ཕེབས་ཏེ་ཟན་རྟགས་བསྒྲིལ་ནས་ཡང་སྤྲུལ་ཐུགས་ཐག་གཅོད་དགོས་གསུངས།
ཆོས་ཕྱོགས་ཀྱི་དད་པ་ཕར་བཞག་ནས་འཇིག་རྟེན་པའི་ལུགས་ཀྱི་ཕྱོགས་ནས་བཤད་ན། པཎ་ཆེན་བླ་མའི་ཡང་སྤྲུལ་ལམ་ལུགས་ནི་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་ལས་ཕྱིར་མཆེད་པ་ཞིག་རེད། གལ་སྲིད་ཏཱ་ལའི་བླ་མས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་མཛད་མེད་ཚེ་པཎ་ཆེན་བླ་མའི་ཡང་སྲིད་ལམ་ལུགས་གང་ཡང་བྱུང་མེད།
དེང་སྐབས་རྒྱ་ནག་ནང་དུ་ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་གཉིས་ལས་སུ་ཡི་གོ་གནས་མཐོ་བ་ཡོད་དམ། དོན་དངོས་ཐོག་དབང་འཛིན་པ་སུ་རེད་དམ། “达赖” 和 “班禅” 到底哪个地位更高,谁才是真正的掌权者?ཟེར་བ་སོགས་ཀྱི་རྩོམ་ཡིག་མང་པོ་ཞིག་སྤེལ་ཏེ་ཁོང་རྣམ་གཉིས་ཀྱི་མཚན་གནས་ལ་འཁྱོག་བཤད་བྱེད་ཀྱི་འདུག ཁོ་རང་ཚོས་ས་ཁོངས་དང་དབང་ཆ་བཙན་འཕྲོག་བྱས་པའི་བོད་ཀྱི་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡང་ན་བདག་པོ་དེ་རྒྱལ་བ་རིམ་བྱོན་ཡིན་པའི་དངོས་ཡོད་ཀྱི་གནས་སྟངས་དང། ལོ་རྒྱུས་ཁྲོད་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་གཉིས་ཀྱི་མཛད་པ་དང་སྐུ་དབང་ཀྱི་གནས་བབ་དེ་ཚོ་འགེབ་ཐབས་བྱེད་བཞིན་ཡོད། ད་དུང་ཁོང་རྣམ་གཉིས་ཀྱི་མཚན་གནས་འདྲ་མཉམ་རེད་ཅེས་འཁྱོག་བརྗོད་བྱས་ནས་༧གོང་ས་མཆོག་སྐུ་མ་བཞུགས་པའི་དུས་ཚོད་ཅིག་ཤར་ན་རྒྱའི་པཎ་ཆེན་བེད་སྤྱོད་བྱས་ནས་རྒྱལ་བའི་ཡང་སྲིད་ལ་ཐེ་ཇུས་བྱེད་རྩིས་ཡོད་པ་རེད།
རྒྱ་གཞུང་ནས་སྐུ་མདུན་གྱིས་ངོས་འཛིན་གནང་བའི་ཡང་སྤྲུལ་རྩིས་མེད་བཏང་ནས་གསེར་བུམ་དཀྲུག་པ།
ྉགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་ངོས་འཛིན་གནང་བ་དེར་རྒྱ་གཞུང་གིས་རྣམ་འགྱུར་དྲག་པོ་བསྟན་ཡོད། སྐུ་མདུན་གྱིས་ངོས་འཛིན་གནང་བའི་ཡང་སྤྲུལ་རྩིས་མེད་བཏང་སྟེ་གསེར་བུམ་དཀྲུག་ནས་རྒྱ་གཞུང་རང་གི་དགོས་མཁོ་བཞིན་རྒྱལ་མཚན་ནོར་བུ་བདམས་ཡོད།
ཕྱི་ལོ་༡༩༩༥ཟླ་༡༡ཚེས་༢༩ཉིན་རྒྱ་གཞུང་གིས་ལྷ་སའི་གཙུག་ལག་ཁང་ནང་དུ་གསེར་བུམ་དཀྲུག་ནས་རྒྱལ་མཚན་ནོར་བུ་བདམས་ཡོད། རྒྱལ་མཚན་ནོར་བུའི་ཕ་མ་གཉིས་རྒྱ་ནག་དམར་གཤོག་ཚོགས་མིའམ་གུང་ཁྲན་ཏང་ཡོན་རེད། རྒྱ་གཞུང་གིས་དམར་གཤོག་ཚོགས་མི་ཚོར་ཆོས་དད་བྱེད་མི་ཆོག་པའི་བཀའ་བཙན་པོ་ཡོད། མ་ཟད་དམར་གཤོག་ཚོགས་མིའི་ནང་མི་ཚོས་ཀྱང་ཆོས་བྱེད་མི་ཆོག་པའི་བཀའ་བཏང་ཡོད། འོན་ཀྱང་རྒྱལ་མཚན་ནོར་བུ་ནི་ཆོས་ཁས་མི་ལེན་པའི་དམར་གཤོག་ཁྱིམ་ཚང་ཞིག་ནས་བདམས་པ་མ་ཟད་ཁོའི་ཁྱིམ་ཚང་ལ་དམིགས་གསལ་ཀྱི་ཐོབ་ཐང་ཡོད།
དོན་ངོ་མར་དང་ཐོག་རྒྱ་གཞུང་གིས་༧པཎ་ཆེན་རིན་པོའི་ཆེའི་ཡང་སྲིད་རྩད་གཅོད་ཐད་༧གོང་ས་མཆོག་བརྒྱུད་དགོས་ཀྱི་ཡོད་པ་གསལ་པོར་ཤེས་ཀྱི་ཡོད། པེ་ཅིན་གིས་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་འདུའི་སྐབས་སྐབས་དེའི་རྒྱ་ནག་ཐབས་ཕྱོགས་གཅིག་འགྱུར་ལྷན་ཁང་གི་འགན་འཛིན་ཡན་མིན་ཧྥུ(阎明复)དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་ལོ་ཀན་罗干གཉིས་ཀྱིས། ཏཱ་ལའི་བླ་མ་དང་བཀའ་མོལ་གནང་དགོས། ཏཱ་ལའི་བླ་མའི་དགོངས་ཚུལ་ལའང་ཉན་འཇོག་བྱེད་དགོས་ཞེས་བཤད་ཡོད།
༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་ཀ་ལོན་སྦུག་གི་ཐུག་པ་ལས་བཟོ་བ་《噶伦堡的制面师》ཞེས་པའི་དྲན་ཐོའི་ནང་དུ། ༧པཎ་ཆེན་བླ་མ་སྐུ་མྱ་ངན་ལས་འདས་རྗེས་ཏང་ཞའོ་ཕིང་邓小平གིས་༧གོང་ས་མཆོག་སྐུ་ངོ་མས་ཞལ་གྱེས་ཞུ་བའི་ཚོགས་འདུའི་གཙོ་སྐྱོང་བ་གནང་ཐུབ་པའི་རེ་བ་ཞུས་ཡོད་སྐོར་བཀོད་ཡོད། རྒྱ་ནག་གཞུང་གི་བྱེད་སྟངས་དེ་༧པཎ་ཆེན་ཡང་སྲིད་ཀྱི་ལུགས་མཐུན་གནས་བབ་སྐྲུན་ཆེད་རེད།
རྒྱལ་ལོ་དོན་གྲུབ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་ཕྱི་ལོ་༡༩༩༤ལོར་ཁོང་པེ་ཅིན་ན་བཞུགས་པའི་སྐབས་༧པཎ་ཆེན་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་སྐུ་ཚབ་ཀྱིས་ཁོང་ཐུག་པར་ཕེབས་ཡོད་པ་དང་། ཁོང་བརྒྱུད་སྐུ་མདུན་ལ་ཕྱགས་རྟགས་དང་། བྱ་བྲལ་རིན་པོ་ཆེའི་ཕྱག་བྲིས་གཅིག་ཀྱང་གནང་ཡོད་སྐོར་གསུངས་ཡོད།
འོ་ན་༧གོང་ས་མཆོག་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཁྱབ་བསྒྲགས་གནང་རྗེས་ག་རེ་བྱས་ནས་རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་དགོས་སམ། ཆོས་མེད་སྨྲ་བ་རྒྱ་གཞུང་གིས་བོད་ཀྱི་ཆོས་ལུགས་ལས་དོན་ལ་ཐེ་ཇུས་བྱས་ནས་ཡང་སྲིད་ངོས་འཛིན་བྱེད་པའི་བདག་དབང་བཙན་འཕྲོག་བྱས་པ་མ་ཟད་། ད་དུང་ཁོ་རང་ཚོས་བདམས་པའི་༧པཎ་ཆེན་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཞོན་བྱ་བྲལ་རིན་པོ་ཆེ་བཙོན་འཇུག་བྱས་ཡོད།
རྒྱ་གཞུང་གི་སྔ་ཕྱིའི་རྣམ་འགྱུར་མི་འདྲ་བར་ཧེ་བག་ཆེན་པོ་དེ་འདྲ་ག་རེ་བྱས་ནས་བྱུང་བ་རེད་དམ། དེའི་ནང་གི་རྒྱུ་རྐྱེན་རྒྱ་ནག་གི་དམར་གཤོག་དྲུང་ཆེའམ་སྲིད་འཛིན་ཅང་ཙི་མིང་江泽民གིས་གསལ་ཤོས་ཤེས་ཀྱི་རེད། ཅང་ཙི་མིང་གིས་དམར་རྟགས་ཅན་གྱི་བཀའ་ཡིག་བཏང་ནས་གསེར་བུམ་དཀྲུག་པའི་སྟོན་མོ་བཤམས་ཡོད།
གསེར་བུམ་ལ་འཕྲོས་པའི་བོད་ཀྱི་བླ་མ་ཨཱཀྱ་རིན་པོ་ཆེ།
ཕྱི་ལོ་༡༩༨ལོར་ཨཱཀྱ་རིན་པོ་ཆེ་ཨ་རིར་ཕེབ་། ཁོང་གི་རང་རྣམ་《逆风顺水》ནང་དུ། ༡༩༩༥ལོར་ལྷ་ས་གཙུག་ལག་ཁང་དུ་མཚན་གུང་གསེར་བུམ་དཀྲུག་པ་དེ་ང་རང་ཕྱིར་འགྲོ་དགོས་པའི་མཐའ་མའི་རྒྱུ་རྐྱེན་ཡིན་ཞེས་གསུངས་འདུག
ཨཱཀྱ་བློ་བཟང་ཐུབ་བསྟན་རིན་པོ་ཆེ་ཞུ་བ་ཁོང་སུ་རེད་དམ། ཁོང་དགུང་ལོ་གཉིས་ལ་ཕེབས་སྐབས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནས་སྐུ་འབུམ་དགོན་གྱི་མཁན་པོ་བྱེ་བྲག་གི་ཡ་གྱལ་ཨཱཀྱ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པར་ངོས་འཛིན་གནང་ཡོད། སྐུ་འབུམ་དགོན་ནི་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་རེད། ཨཱཀྱ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ནི་རྗེ་ཙོང་ཁ་པའི་ཡབ་ཀྱི་ཡང་སྲིད་མ་ལག་རེད།
ཕྱི་ལོ་༡༩༩༨ལོར་ཨཱཀྱ་རིན་པོ་ཆེ་ཨ་རིར་མ་ཕེབས་གོང་ལ་རྒྱ་ནག་གཞུང་ནས་ཁོང་ལ་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་གོ་གནས་འབུལ་རྩིས་བྱས་ཡོད། ད་དུང་རྒྱ་ནག་གིས་རིན་པོ་ཆེ་རྒྱལ་མཚན་ནོར་བུའི་ཡོངས་འཛིན་ལ་བསྐོ་རྩིས་ཀྱང་བྱས་ཡོད། ཨཱཀྱ་རིན་པོ་ཆེས་རྒྱ་གཞུང་གིས་༧པཎ་ཆེན་ཡང་སྲིད་ལ་ལག་རྩེད་བྱས་པའི་བརྒྱུད་རིམ་ཚང་མ་མིག་མཐོང་ལག་ཟིན་བྱུང་ཡོད།
ཨཱཀྱ་རིན་པོ་ཆེས་རང་རྣམ་《逆风顺水》ནང་ང་༧གོང་ས་མཆོག་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཁྱབ་བསྒྲགས་གནང་བར་ཧང་སང་མ་བྱུང། ང་ཧང་སང་དགོས་པ་ནི་མཐོ་རིམ་གྱི་རྣམ་འགྱུར་དེ་རེད་ཟེར།
ཕྱི་ལོ་༡༩༩༢ལོར་༧གོང་ས་མཆོག་དང་རྒྱ་ནག་གཞུང་བར་མཉམ་ལས་ཧ་ཅང་ཡག་པོ་བྱུང་ཡོད། ལོ་དེའི་ཕྱི་ཟླ་༩ཚེས་༢༧ཉིན་༧གོང་ས་མཆོག་གིས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཁྱབ་བསྒྲགས་གནང་ནས་ཟླ་བ་གཉིས་ཀྱི་རྗེས་ལ་རྒྱ་གཞུང་ནས་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ངོས་ལེན་བྱས་ཡོད། བྱས་ཙང་བོད་མི་ཚོའི་བསམ་བློར་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཐད་ཀརྨ་པ་ནང་བཞིན། རྒྱ་གཞུང་དང་༧གོང་ས་མཆོག་བར་མཉམ་ལས་ཡག་པོ་ཡོང་གི་རེད་བསམ་ཡོད།
ཕྱི་ལོ་༡༩༩༥ཟླ་༡༡ཚེས་༢༨ཉིན་རྒྱ་གཞུང་གིས་གནམ་གྲུ་ཆེད་གཏོང་གིས་ཨཱཀྱ་རིན་པོ་ཆེ་རྣམ་པ་ཚོ་ལྷ་སར་བསྐྱལ་ཡོད། ཚེས་༢༩ཉིན་ཀྱི་ནམ་ཕྱེད་ཆུ་ཚོད་གཉིས་པ་ཡས་མས་ལ་གསེར་བུམ་དཀྲུག། ལམ་ཟུར་དྲག་ཆས་དམག་དང་ཉེན་རྟོག་པས་མཐའ་བསྐོར་ནས་ལྷ་ས་གྲོང་ཁྱེར་ཧྲིལ་པོ་དམ་དྲག་ནང་ལྷུང་བར་གྱུར། ཨཱཀྱ་རིན་པོ་ཆེས་དབུགས་རིང་འབྱིན་གནང་བཞིན་གལ་སྲིད་གསེར་བུམ་དཀྲུག་པ་དེ་ཁྱད་འཕགས་ཀྱི་ཆོ་ག་ཞིག་ཡིན་ཚེ་དེ་འདྲའི་དམག་འཐབ་ཀྱི་ཆབ་སྲིད་རྣམ་པ་ག་རེ་བྱས་ནས་དགོས་བསམ།
ཨཱཀྱ་རིན་པོ་ཆེས་གཙུག་ལག་ཁང་ནང་དུ་གསེར་བུམ་དཀྲུག་པའི་བརྒྱུད་རིམ་ཆ་ཚང་གཟིགས་ཡོད། རིན་པོ་ཆེས་རང་རྣམ་ནང་དུ་ངས་བསམ་པར་ཁོ་རང་གིས་གསེར་བུམ་དཀྲུག་དཀྲུག་བཏང་ནས་མཐར་དེའི་ནང་གི་བྱང་བུ་ཞིག་མར་རང་འགུལ་གྱིས་ཐོན་ཡོང་གི་རེད་བསམ་བྱུང། བསམ་ཡུལ་ལས་འདས་པར་ཁོ་རང་གིས་བྱང་བུ་གསུམ་ལ་རེག་ཙམ་བྱས་ནས་དེའི་ནང་གི་བྱང་བུ་གཅིག་ལེན་རྗེས་དབུས་ཀྱི་དམིགས་གསལ་སྐུ་ཚབ་པ་ལོ་ཀན་罗干ལ་སྤྲད་སོང། ལོ་ཀན་གྱིས་དབུ་ལྕོག་ལྕོག་གནང་ནས་ར་སྤྲོད་བྱས་པའི་རྣམ་འགྱུར་བསྟན་སོང། སྤོ་མེས་རིན་པོ་ཆེས་བྱང་བུ་དེ་རྒྱལ་མཚན་ནོར་བུར་སྤྲད། དེ་ནས་རྒྱལ་མཚན་ནོར་བུས་སྐད་ཤུགས་ཆེན་པོས་ལྷ་རི་རྒྱལ་མཚན་ནོར་བུ་ལ་རྒྱན་ཐོབ་སོང་ཞེས་ཁྱབ་བསྒྲགས་བྱས།
རྒྱལ་མཚན་ནོར་བུ་ཞེས་པའི་མིང་གི་དག་ཆ་རྒྱ་ཡིག་ནང་ཐ་དད་ཡིན་ཡང་བོད་ཡིག་ནང་གཅིག་པ་རེད། དེ་རྗེས་བོད་མི་ཚོས་ལས་ཞོར་ཁ་རྒྱུན་དུ་འཇགས་པའི་གཏམ་དཔེར་ཆགས་ཡོད། རྒྱལ་མཚན་ནོར་བུས་སོ་སོར་རྒྱན་ཐོབ་སོང་ཞེས་བསྒྲགས་པ་དེས་ཀྱང་རྒྱ་ནག་པཎ་ཆེན་རྫུན་མ་ཡིན་པར་ཟུར་ཟ་བྱེད་ཀྱི་ཡོད།
པེ་ཅིན་དུ་ཕྱིར་ལོག་ཕེབས་པའི་གནམ་གྲུའི་ནང་སྐབས་དེ་དུས་ཀྱི་རྒྱ་ནག་ཆོས་ལུགས་ལྷན་ཁང་གི་འགན་འཛིན་གཡས་ཞཱོ་ཝན་叶小文གྱིས་ཨཱཀྱ་རིན་པོ་ཆེ་དང་འཇམ་དབྱངས་བཞད་པ་རིན་པོ་ཆེ་རྣམ་པ་གཉིས་ལ་བྱང་བུ་གཅིག་གི་ནང་དུ་ང་ཚོས་སྲིང་བལ་ཏོག་ཙམ་བཅུག་པ་ཡིན། བརྟན་པོ་ཡོང་ཆེད་ཡིན། ཁྱེད་ཚོས་དོ་སྣང་བྱུང་སོང་ངམ། ངའི་བྱང་བུ་དེ་ཏོག་ཙམ་མཐོ་བ་ཡོད། ང་ཚོས་བྱང་བུའི་ནང་དུ་སྲིང་བལ་ཏོག་ཙམ་བཅུག་ཡོད། བྱང་བུ་དེ་བུམ་པའི་ནང་ནས་ཏོག་ཙམ་མཐོ་བ་ཡོང་ཆེད་དང་ཡང་སྤྲུལ་དངོས་དེར་རྒྱན་ཁེལ་ཆེད་ཡིན།
གསེར་བུམ་དཀྲུག་པ་ནི་རྒྱ་ནག་གིས་བོད་ཀྱི་བླ་ཆེན་ཡང་སྲིད་ཐོག་ཐེ་ཇུས་བྱེད་པའི་ལག་ཆ་ཙམ་རེད།
ཕྱི་ལོ་༡༦༤༢ལོར་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་གཉིས་རྗེས་སུ་མན་ཆིང་རྒྱལ་རབས་གསར་དུ་བཙུགས། དེ་རྗེས་ཕན་ཚུན་དབར་མཆོད་ཡོན་གྱི་འབྲེལ་བ་ཚུགས། མན་ཆིང་རྒྱལ་པོ་ནི་དགེ་ལུགས་པའི་གཞུང་གི་བྱིན་བདག་རེད། ཕྱི་ལོ་༡༧༩༢ ལོར་རྒྱལ་པོ་ཆན་ལུང་གིས་བོད་བརྒྱུད་ནང་བསྟན་ཀྱི་ཡང་སྲིད་ལམ་ལུགས་ནང་ཕན་ཚུན་ལྐོག་ཏུ་སྤྲོད་ལེན་བྱེད་པའི་གནས་ཚུལ་ཡོད་པའི་ངོས་འཛིན་བྱས་ཏེ་གསེར་བུམ་ཞིག་བསྐྱལ་ཏེ། བླ་ཆེན་ཡང་སྲིད་ངོས་འཛིན་གནང་སྐབས་བེད་སྤྱོད་གནང་རོགས་ཞེས་བཤད།
གསེར་བུམ་དཀྲུག་པ་ནི་རྒྱ་ནག་གིས་དགོན་སྡེ་དང་ཏཱོ་ཆོས་ལུགས་ཀྱི་ལྷ་ཁང་ནང་道观མོ་བརྒྱབ་པ་དང་གཅིག་མཚུངས་རེད། བོད་ཀྱི་གནའ་བོའི་རིག་གཞུང་ཁྲོད་དེ་འདྲ་བའི་བྱ་ཐབས་ཀྱང་ཡོད་པ་ནི་ཟན་རིལ་སྒྲིལ་ཞེས་པ་དེ་རེད། ཟན་རིལ་སྒྲིལ་བ་ནི་འོས་སྤྲུལ་ཀྱི་མཚན་གཞུང་རེ་རེ་བཞིན་ཤོག་བུའི་སྟེང་བྲིས་རྗེས་པག་རིལ་ནང་སྒྲིལ་ནས་སྣོད་གཞོང་ནང་བླུགས། དེ་ནས་པག་རིལ་ཡོད་པའི་གཞོང་པ་དཀྲུག་ནས་དེའི་ནང་གི་པག་རིལ་གཅིག་མར་ཐོན་ཡོང་རྗེས་ཡང་སྤྲུལ་གཏན་འཁེལ་བྱེད། བོད་མིའི་ངོས་ནས་བརྗོད་ན་གསེར་བུམ་དཀྲུག་པ་ནི་ཕྱི་ཕྱོགས་ནས་འཁྱེར་ཡོང་བའི་ལམ་ལུགས་ཤིག་མ་རེད་། དེ་ནི་ཟན་རིལ་སྒྲིལ་བའི་ཚབ་གྱི་ལག་ཆ་ཙམ་རེད། དེ་མ་ཟད་གསེར་བུམ་དེའི་ཕྱིའི་བཀོད་པ་ཡང་བོད་མིའི་རིག་གཞུང་དང་མཛེས་དཔྱོད་ལ་མཐུན་པ་བཟོས་ཡོད།
བོད་ཀྱི་ནང་བསྟན་གྱི་བླ་ཆེན་ཡང་སྤྲུལ་ངོས་འཛིན་དང་འཚོལ་ཞིབ་བྱེད་ཐབས་མང་པོ་ཞིག་ཡོད་པའི་ནང་དང་པོ་མ་འདས་སྤྲུལ་སྐུ་ཡིན། མ་འདས་སྤྲུལ་སྐུ་ནི་བླ་མ་སྐུ་འཚོ་བཞུགས་སྐབས་སྐུ་ཉིད་ཀྱི་ཡང་སྲིད་ངོས་འཛིན་བྱེད་པ། སྐུ་ཕྲེང་གཉིས་པར་ཡང་སྤྲུལ་ལ་སྐུ་གོང་མའི་དྲན་ཤེས་ཡོད་པ། དཔེར་ན་རྒྱལ་བ་སྐུ་ཕྲེང་གཉིས་པ་དང་བཅུ་བཞི་བ་ཆེན་པོ་གཉིས། ༧གོང་ས་བཅུ་བཞི་པ་མཆོག་ལྷ་མོ་དོན་གྲུབ་ཡིན་དུས་རྒྱལ་བའི་ཡང་སྲིད་འཚོལ་ཞིབ་ཆེད་ཕེབས་པའི་སེ་ར་དགོན་པའི་བླ་མ་དང་སྐུ་གོང་མའི་ན་བཟའ་ཉེར་ཆས་ངོས་འཛིན་ཐུབ་ནས་འཚོལ་ཞིབ་ཚོགས་ཆུང་ནས་རང་སར་ངོས་འཛིན་གནང་བ་ལས་གཞན་གྱི་ཆོ་ག་གང་ཡང་གནང་དགོས་བྱུང་མེད། གསུམ་པར་སྐུ་གོང་མས་ལུང་བསྟན་དང་ཞལ་ཆེམས་བཞག་གནང་ཡོད། དཔེ་མཚོན་རན་ཤོས་གཅིག་ནི་ཀརྨ་པ་རིན་པོ་ཆེའི་ཡང་སྲིད་ལམ་ལུགས་རེད། བཞི་པའི་འོས་སྤྲུལ་ལ་སྐུ་གོང་མའི་དྲན་ཤེས་མེད་པ་དང་ལུང་བསྟན། ཞལ་ཆེམས་གང་ཡང་བཞག་མེད་པས་བོད་ཀྱི་བླ་ཆེན་དང་ལྷ་སྲུང་མའི་བཀའ་ལུང་གཅིག་མཚུངས་བྱུང་ནས་ཡང་སྲིད་གཏན་འཁེལ་ཡོད། ལྔ་པར་དེ་སྔོན་གྱི་ཆ་རྐྱེན་ཆ་ཚང་ཚང་མེད་ལ། བླ་ཆེན་དང་ལྷ་སྲུང་མའི་བཀའ་ལུང་གཅིག་མཐུན་མེད་པས་ཟན་རིལ་སྒྲིལ་ནས་གཏན་འཁེལ་གནང་ཚུལ་ཡོད། ཟན་རིལ་ཙམ་མིན་པར་ཟས་རིགས་གཞན་གྱིས་ཀྱང་རྟགས་སྐོར་བའི་གནས་ཚུལ་བྱུང་ཡོད་པ་༧གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཚ་ལུ་མ་གསུམ་ལ་རྟགས་སྐོར་ནས་༧པཎ་ཆེན་སྐུ་ཕྲེང་དགུ་པ་ཐུགས་ཐག་གཅད་ཡོད། བྱས་ཙང་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཟན་རིལ་སྒྲིལ་བའི་ཚབ་ཀྱི་ལག་ཆ་གསེར་བུམ་དཀྲུག་པ་ནི་མཐའ་མའི་གདན་ག་ཙམ་དང་ད་དུང་ངེས་པར་བྱེད་དགོས་པ་ཞིག་རྩ་བ་ཉིད་ནས་མ་རེད།
ལྷག་པར་རྒྱ་ནག་དམར་པོའི་སྲིད་གཞུང་གི་གསེར་བུམ་དཀྲུག་པ་ནི་ཐད་ཀར་བྱང་བུའི་སྣོད་ནང་སྲིང་བལ་བླུགས་ནས་ཁོ་ཚོར་དགོས་པའི་བྱང་བུ་དེ་བུམ་པའི་ནང་ནས་མཐོ་ཙམ་བཟོས། བརྒྱུད་རིམ་ནང་གསེར་བུམ་དཀྲུག་དཀྲུག་བཏང་མེད་པ་མ་ཟད་ཐད་ཀར་ཁོ་ཚོར་དགོས་པའི་བྱང་བུ་ཞིག་མར་བླངས། རྒྱ་ནག་གི་དཔོན་རིགས་ཚོས་ཁོ་རང་ཚོས་མཐོང་ཆུང་བྱེད་པའི་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ཟེར་བའི་གསེར་བུམ་དཀྲུག་པའི་སྟོན་མོ་བཤམས། དེ་ཁོ་རང་ཚོས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ཐོག་ཐེ་ཇུས་བྱེད་པའི་ཆབ་སྲིད་ལག་ཆར་བེད་སྤྱོད་བྱས་པ་མ་ཟད་ཁོ་ཚོས་དབང་ཆར་བཅངས་པའི་འདོད་རྔམ་དང་རྒྱལ་པོ་བྱེད་པའི་མྱོང་བ་ཐེངས་གཅིག་རོལ་མྱོང་བྱས་ཡོད།
ཕྱི་ལོ་༢༠༠༧ལོར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་དོ་དམ་བྱ་ཐབས་ཟེར་བའི་ཁྲིམས་ཡིག་ཅིག་གཏན་འབེབབ་བྱས་ཏེ་ཡང་སྲིད་ཀྱི་བདག་དབང་ཆ་ཚང་ཁོ་ཚོར་ཡོད་པ་ཁྱབ་བསྒྲགས་བྱས་ཡོད། སྟབས་བདེ་པོ་བཤད་ན། གུང་ཁྲན་ཏང་མེད་ན་སངས་རྒྱས་བསྟན་པ་མེད། བོད་ཀྱི་བླ་སྤྲུལ་ཡང་སྲིད་ཕེབས་དགོས་ན་རྒྱ་གཞུང་གི་ཁ་ལ་ཉན་དགོས་པ་དང་གལ་སྲིད་རྒྱ་གཞུང་གིས་འདོད་པ་ནང་བཞིན་མི་ཉན་ན་ཡང་སྲིད་ཕེབས་བཅུག་གི་མེད། དེ་ནི་གུང་ཁྲན་ཏང་ངམ་དམར་ཤོག་གི་དབང་ཚད་ཆོས་ལུགས་ཀྱི་དབུ་རུ་བཞག་ནས་ཆོས་དད་ལ་ཕྱོགས་ཡོངས་ནས་དམ་དྲགས་བྱེད་པའི་དུས་ཤིག་རེད།
བླ་སྤྲུལ་ཡང་སྲིད་འཚོལ་ཞིབ་ཀྱི་གནད་དོན་ཐོག་བོད་པའི་ངོས་ནས་ཞུས་ན། གནད་དོན་དེ་ནི་འགན་འཁྲི་ཆེན་པོ་ཞིག་རེད། ངེས་པར་དུ་ཡང་སྤྲུལ་དངོས་འཚོལ་ཞིབ་བྱས་ནས་སྐུ་གོང་མའི་མཛད་པ་བསྐྱངས་ཐུབ་ཆེད་ཡིན། འོན་ཀྱང་རྒྱ་གཞུང་ལ་ཆ་བཞག་ན། ཡང་སྲིད་ཟེར་བ་དེ་བྱིས་པ་ཙམ་རེད། བྱས་ཙང་བྱིས་པ་སུ་འདྲ་ཞིག་ངོས་འཛིན་བྱས་ཀྱང་ཁྱད་པར་མེད། གལ་ཆེ་ཤོས་ལ་ཁོ་ཚོར་དགོས་པ་ནི་ཁ་ལ་ཉན་མཁན་འདྲ་གཟུགས་ཅན་གྱི་པཎ་ཆེན་ཞིག་དགོས། བྱས་ཙང་ཁོ་ཚོས་ཕ་མ་གཉིས་ཀྱང་དམར་ཤོག་ཚོགས་མི་ཡིན་པའི་རྒྱལ་མཚན་ནོར་བུ་བདམས་ཡོད། དེ་ནི་ཚོད་འཛིན་བྱེད་བདེ་པོ་ཡོང་ཆེད་ཡིན།
འདས་པའི་ལོ་ཁ་ཤས་ནང་རྒྱ་གཞུང་གིས་བོད་ཀྱི་ས་ཆ་གང་སར་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ཆེད་དོན་འགྲེམ་སྟོན། མང་ཚོགས་དང་སློབ་གྲྭ། དགོན་སྡེ་གང་སར་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཚོགས་འདུ་ཁྲི་ལས་བརྒལ་བ་སྐོང་ཚོགས་བྱས་ནས་བོད་ཀྱི་ནང་བསྟན་ཀྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་བདག་དབང་རྒྱ་གཞུང་ལ་ཡོད་པ་ཁྱབ་བསྒྲགས་བྱེད་པ། ད་དུང་གསེར་བུམ་དཀྲུག་པ་ནི་དབང་གྲགས་ཆེ་ཤོས་ཡིན་པའི་སྐོར་རྫུན་བཤད་བྱེད་བཞིན་ཡོད།
ད་ལོའི་ལོ་མགོ་ཙམ་ནས་བཟུང་རྒྱ་གཞུང་གིས་བོད་ནང་བྱེད་མ་ཆོག་པ་བཅུ་ཟེར་བ་ཞིག་བཏོན་ཡོད། དེའི་ནང་གསལ་པོ་བྲིས་ཡོད་པ་ནི་ཏཱ་ལ་འདས་རྗེས་ཁྲིམས་འགལ་གྱི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག་ཟེར། རྒྱ་གཞུང་ནས་གྲ་སྒྲིག་ཆ་ཚང་ཡོད་པ་མངོན་གསལ་རེད།
རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་ཆོས་ལུགས་སྲོལ་རྒྱུན་ལ་རྡོག་རོལ་བཏང། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྣང་ཆུང་གིས་པཎ་ཆེན་རྫུན་བཟོས་རྒྱལ་མཚན་ནོར་བུ་ཁྲིར་བཞག དེ་རྗེས་རིམ་པས་རྒྱལ་མཚན་ནོར་བུ་དེ་བོད་མིའི་ཁྲོད་ཀླད་པ་བཀྲུ་བའི་ཆབ་སྲིད་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད། འོ་ན་རྒྱ་གཞུང་གིས་བྱ་ངན་དེ་འདྲ་མུ་མཐུད་སྤེལ་སྲིད་དམ། ཁོ་ཚོས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ལ་ཡང་ལག་རྩེད་རྩེས་ནས་བོད་ས་ཁྱུར་མིད་བཏང་ཡང་འཇུ་མི་ཐུབ་པ། འཇུ་ཐབས་བྱེད་པའི་མཐའ་མའི་དམིགས་ཡུལ་སྒྲུབ་ཆེད་ཡིན། གང་འདྲ་བྱས་ནས་ལྐོག་གཡོ་དེར་གདོང་ལེན་བྱེད་དགོས་སམ། དེ་ནི་ང་ཚོའི་མདུན་དུ་ཡོད་པའི་དཀའ་ངལ་ཆེ་ཤོས་དེ་ཡིན།
མ་ཡིག་འབྲེལ་ཐག http://beijingspring.com/bj2/2010/320/425202450929.htm