རྒྱ་ནག་གཞུང་གིས་གཞིས་ཀ་རྩེ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་པོ་སྤེན་པ་བཀྲ་ཤིས་ཞེས་པའི་བོད་མི་ཞིག་ལ་ཁྲིམས་འགལ་གྱི་ཉེས་མིང་འོག་ཞིབ་བཤེར་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལྟ་ཞིབ་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་སྤེན་པ་བཀྲ་ཤིས་ཀྱིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག འདས་པའི་ཟླ་ཤས་ནང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་མགོ་འཁྲིད་ ༥ ལས་བརྒལ་བར་ཞིབ་བཤེར་བྱས་པའི་གནས་ཚུལ་ཐོན།
སྤེན་པ་བཀྲ་ཤིས་ནི་ཕྱི་ལོ་ ༡༩༧༤ ལོར་གཞིས་ཀ་རྩེ་ས་སྐྱ་རྫོང་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༩༣ ལོར་བོད་ལྗོངས་ཞིང་ཕྱུགས་སློབ་གླིང་གི་ཞིང་ལས་ཚན་པ་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༩༤ ནས་ ༡༩༩༧ བར་གཞིས་ཀ་རྩེ་ས་སྐྱ་རྫོང་ཞིང་འབྲོག་ལས་ཁུངས་དང་འཆར་ལྡན་དཔལ་འབྱོར་ལྷན་ཁང་གི་མགོ་ཁྲིད་གཞོན་པའི་ལས་ཀ་བྱས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༥ ལོའི་བར་ས་སྐྱ་རྫོང་གོང་འཕེལ་བསྒྱུར་བཅོས་ཁང་གི་འགན་འཛིན་བྱས། ཕྱི་ལོ་ ༢༠༠༥ ནས་ ༢༠༡༥ ལོའི་བར་གཞིས་ཀ་རྩེ་ས་ཁུལ་རིན་སྤུངས་རྫོང་གི་རྫོང་དཔོན་གཞོན་པ་དང་། ངམ་རིང་རྫོང་གི་རྫོང་དཔོན། དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ། དེ་བཞིན་ཕྱི་ལོ་ ༢༠༢༡ ལོ་ནས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱུན་ལས་དང་། འཐབ་ཕྱོགས་གཅིག་གྱུར་ཁང་། གྲོང་ཁྱེར་སྲིད་གྲོས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ་སོགས་བྱས་ཡོད་འདུག
ཉེ་ཆར་རྒྱ་ནག་སྒྲིག་ཁྲིམས་ལྟ་ཞིབ་ལྷན་ཁང་གིས། གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་སྐོར་གྱི་ཟླ་རེའི་གྲངས་ཐོ་ཞིག་ཁྱབ་བསྒྲགས་བྱས་ཡོད་པའི་ནང་། འདི་ལོའི་ཕྱི་ཟླ་བཞི་བ་བར་དུ་རྒྱ་ནག་རྒྱལ་ཡོངས་ཀྱི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གནད་དོན་ཁྱོན་གྲངས ༩༧༥༥ ཞིབ་བཤེར་དང་ཐག་གཅོད་བྱས་ཡོད་པ་དང་། ཞིང་ཆེན་དང་ས་ཁུལ་ ༧༣ གྱི་ལས་བྱེད་གྲངས་ ༡༣༦༥༦ ཉེས་ཆད་བཅད་ཡོད་སྐོར་དང་། དེའི་ཁྲོད་དུ་དཔོན་རིགས་ཀྱི་གནད་དོན་གྲངས་ ༤༣༦༣ དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གྲངས་ ༣༨༢༧ ། བག་མེད་ལོངས་སྤྱོད་ཀྱི་གནད་དོན་ ༥༣༩༢ ། ཐོན་རྫས་སྒྲིག་འགལ་བྱས་པའི་གནད་དོན་ ༧༣༢ ལ་ཞིབ་བཤེར་དང་ཐག་གཅོད་བྱས་ལུགས་འཁོད་འདུག
དེ་བཞིན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཁྱོན་བསྡོམས་མགོ་ཁྲིད་གཙོ་བོ་གྲངས་ ༨༨༠ ལྷག་ཙམ་ལ་ཞིབ་བཤེར་བྱས་ཏེ་འབྲས་བུ་ཐོན་སྐོར་དང་། དེའི་ནང་དུ་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པའི་དྲུང་ཡིག་ཟུར་བ་སྒོར་སྒོར་དང་། བོད་རང་སྐྱོང་ལྗོངས་ཆུ་དོ་དམ་ཚན་པའི་དམར་ཤོག་དྲུང་ཡིག་ཟུར་བ་ཟླ་བ་བཀྲ་ཤིས། བོད་རང་སྐྱོང་ལྗོངས་དམངས་སྲིད་ཁང་གི་དམར་ཤོག་དྲུང་ཡིག་ཅི་ལི་ཀྲེན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཁང་གི་དམར་ཤོག་དྲུང་ཡིག་ལིའུ་པོ་ཆིང་། འདམ་གཞུང་རྫོང་གི་དམར་ཤོག་དྲུང་ཡིག་ཡའོ་ཅུན་ལེའང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་དམར་ཤོག་དྲུང་ཡིག་ཟུར་བ་རེན་ཧུའུ་མིང་སོགས་མགོ་ཁྲིད་གཙོ་བོ་ཁག་ཅིག་ལ་ཞིབ་བཤེར་ཚ་ནན་བྱས་ཡོད་སྐོར་བཀོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་པ། པདྨ་མཚོ།