བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སྐབས་ ༡༥༤ སྟེང་སྤྱི་མོས་ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་གཞག་གནང་འདུག
དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༥༤ ཐོག་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བསྐོ་གཞག་བྱུང་བའི་གསལ་བསྒྲགས་གནང་འདུག
དེ་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་ཚུལ་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་ (༡༠༡) ནང་གསེས་ (༡) པོའི་ནང་། “ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” དང་། དོན་ཚན་ (༡༠༡) ནང་གསེས་ (༢) པའི་དགོངས་དོན། “གལ་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་སུ་རུང་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།” ཞེས་པའི་ཆ་རྐྱེན་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༥༤ པའི་ཐོག་སྤྱི་འཐུས་རྒྱུན་ལས་ ༡༡ ནས་སྤྱི་མོས་ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་གཞག་གནང་བ་གསལ་འདུག
ཐེངས་འདིའི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་བཀའ་ཟུར་འཕགས་པ་ཚེ་རིང་མཆོག་དང་། ཚོགས་མི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་ཟུར་པ་བཀྲ་ཤིས་ཕུན་ཚོགས་མཆོག ཚོགས་མི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་ཟུར་པ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་བཅས་
པ་སངས་ཚེ་རིང་ལགས་ལོ་བཅུར་ཕེབས་སྐབས་ཕྱི་ལོ་ ༡༩༨༢ ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཞུགས། ཕྱི་ལོ་ ༡༩༩༤ ལོར་གཞི་རིམ་སློབ་གྲྭ་མཐར་ཕྱིན་ཏེ། པོ་ནེར་ (Pune) རྟེན་གཞི་བྱས་པའི་ (Spicer Memorial College) ཞེས་པའི་མཐོ་སློབ་ཏུ་འཛུལ་ཞུགས་ཀྱིས་ས་ཁམས་རིག་པ་ (Geography) དང་། གློག་ཀླད་ཚན་རིག་ (Computer Science) ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ས་གནས་དེ་གར་བོད་ཀྱི་སློབ་ཕྲུག་ཚོགས་པ་གསར་འཛུགས་གནང་མཁན་གྱི་གྲས་དང་ཚོགས་པ་དེའི་འབྲེལ་མཐུད་པ་དང་། དྲུང་ཆེ། ཚོགས་གཙོ་བཅས་ཀྱི་འགན་ཁུར་བླངས། དྷ་སར་ཆགས་པའི་གློག་ཀླད་བསྟི་གནས་ (Skyline Computer Centre) ཞེས་པ་ནས་བརྡ་འཕྲིན་ཐོག་ཆེད་སྦྱོང་གི་ལག་ཁྱེར་ཐོབ།
ཕྱི་ལོ་ ༡༩༩༨ ནས་སཱ་ར་བོད་ཀྱི་མཐོ་སློབ་ཏུ་དྲུང་ཡིག་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ བར་ཨ་རིའི་འོ་མིང་གཙུག་ལག་སློབ་ཆེན་ (Wyoming University) ནང་བོད་མིའི་སློབ་ཡོན་ལས་གཞི་ (Tibetan Scholarship Program) བརྒྱུད་ཤེས་ཡོན་འཛིན་སྐྱོང་དང་མི་རབས་རྒན་པའི་སློབ་གསོ་རིག་པའི་སྐོར་སློབ་གཉེར་གནང་། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༥ བར་ས་རཱ་མཐོ་སློབ་ཀྱི་དྲུང་ཆེའི་ལས་ཁུར་ཞུས། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་ལྷན་ཚོགས་ནས་མིང་འདོན་བྱུང་བ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་བཟུང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིར་བསྐོ་གཞག་བྱུང་སྟེ་ད་ལྟའང་མུ་མཐུད་སློབ་སྤྱིའི་ལས་ཁུར་ཞུ་མུས་ཡིན། ཕྱི་ལོ་ ༢༠༢༣ ནས་ཧི་མ་ཅཱལ་སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། ཕྱི་ལོ་ ༢༠༢༣ ནས་བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གནང་མུས་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།