སེ་ར་དགོན་པའི་དགེ་འདུན་པ་བློ་གསལ་ལགས་སུ་རྒྱ་གཞུང་གིས་ཉེས་རྡུང་བཏང་སྟེ་མཐར་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་འདུག
ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་ས་གནས་ཀྱི་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདིའི་ལོའི་ཕྱི་ཟླ་ ༥ ནང་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པ་བློ་གསལ་ལགས་ཀྱིས། བོད་ཀྱི་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ནས། བོད་ནང་གི་གནས་ཚུལ་བསྡུ་རུབ་བྱས་ཏེ་མཁོ་སྤྲོད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་རྒྱ་གཞུང་གིས་དགེ་འདུན་པ་བློ་གསལ་ལགས་སུ་བཙོན་འཇུག་གི་སྐབས་ཉེས་རྡུང་བཏང་སྟེ་ནད་གཅོང་དུ་གྱུར་ཡོད་ནའང་། སྨན་བཅོས་སོགས་ཀྱི་མཐུན་རྐྱེན་གང་ཡང་མ་སྤྲད་པར་མྱངས་བཅུག་ཡོད་སྟབས། བཙོན་འཇུག་བྱེད་སའི་དོ་དམ་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བ་ལྟར་ན། དགེ་འདུན་པ་བློ་གསལ་ལགས་འཛིན་བཟུང་བྱས་རྗེས། ཁོང་གི་ནང་མིས་ཁོང་བཙོན་ཁང་གང་དུ་བཅུག་ཡོད་པ་དང་ཤི་གསོན་གྱི་གནས་སྟངས་སོགས་རྩ་བ་ནས་ཤེས་རྟོགས་བྱུང་མེད་ནའང་། ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་གློ་བུར་དུ་རྒྱ་གཞུང་ཉེན་རྟོག་པས་ལྷ་སར་ཡོད་པའི་ཁོང་གི་ནང་མིར་སྐུ་ཕུང་རྩིས་སྤྲོད་བྱས་ཡོད་འདུག
དགེ་འདུན་པ་བློ་གསལ་ལགས་ནི་ད་ལྟ་རང་ལོ་ ༣༨ ཡིན་ཞིང་། ལྷ་ས་འཕན་པོའི་མཚོ་སྟོད་གྲོང་ཚོ་ནས་ཡིན། ཁོང་གི་ཆུང་དུས་ཀྱི་སྐྱ་མིང་ལ་སྐལ་ལྡན་ཟེར་ལ། ཆུང་དུས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་གདན་ས་ཆེན་མོ་སེ་ར་དགོན་པའི་ཆོས་སྒོར་ཞུགས་ཏེ་གྲྭ་བ་བྱས་ཡོད་འདུག