བེ་རི་རིག་པའི་རྡོ་རྗེ།
ནང་དོན་གནད་བསྡུས། རྩོམ་ཐུང་འདིའི་ནང་དུ་དུས་འཁོར་ཇོ་ནང་འགྱུར་དུས་ནམ་ཞིག་ལ་ལོ་ཙཱ་བ་སུ་ཞིག་གིས་ཚུལ་ཇི་ལྟར་བསྒྱུར་ཚུལ་དང་། དེའི་ཐུན་མིན་ཁྱད་ཆོས། ད་ལྟ་དེ་དག་བཀའ་བསྟན་གང་དུ་བཞུགས་ཚུལ་སོགས་གསལ་བཤད་བྱས་ཡོད།
བརྡ་ཆད་གཙོ་བོ། དུས་འཁོར་ཇོ་ནང་འགྱུར། དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ། ཀུན་མཁྱེན་དོལ་པོ་སངས་རྒྱས། ལོ་ཙཱ་བ་བློ་གྲོས་རྣམ་གཉིས། ལོ་ཙཱ་བ་བློ་གྲོས་རྒྱལ་མཚན། ལོ་ཙཱ་བ་བློ་གྲོས་དཔལ་བཟང་། དཔང་བོ། ཞུས་ཆེན། འགྱུར་བཅོས། འགྱུར་བྱང་། བཀའ་འགྱུར། བསྟན་འགྱུར། ཤམ་བྷ་ལ། དུས་འཁོར་བཀའ་བབ།
ཉེ་ཆར་ཆོས་གྲོགས་འགའ་དང་ལྷན་དུ་ཤམ་བྷ་ལའི་སྐོར་ནས་ཁ་བརྡ་གློད་སྐབས། ཞོར་དུ་དུས་འཁོར་བཀའ་བབ་ཇོ་ནང་ཡིན་ཚུལ་ལས་འཕྲོས་དེ། དུས་འཁོར་ཇོ་ནང་འགྱུར་གྱི་སྐོར་ནས་ཀྱང་སྐད་ཆ་འགའ་བཤད། འོན་ཀྱང་ཁོང་ཚོས་དུས་འཁོར་ཇོ་ནང་འགྱུར་གྱི་བྱུང་ཚུལ་དང་། ཁྱད་ཆོས་སོགས་གང་ཡང་མཁྱེན་གྱིན་མེད་པ་མ་ཟད། ཐ་ན་དུས་འཁོར་ཇོ་ནང་འགྱུར་ཟེར་བ་དེ་དེང་སང་དཔེ་རྒྱུན་སྟོང་ནས་འཇིག་རྟེན་འདིར་མེད་པར་ངོས་འཛིན་བྱེད་བཞིན་འདུག དེ་བས་ཀྱང་ཇོ་ནང་བ་ཡིན་པར་ཁས་འཆེ་ཞིང་། དུས་འཁོར་ཤེས་རློམ་གྱིས་མཁས་པའི་གྲལ་དུ་འཚང་ཁ་རྒྱག་མཁན་ཚོས་ཀྱང་དེའི་སྐོར་གསལ་བོར་ཤེས་ཀྱིན་མེད་ལ། དེ་དེ་འདྲ་རེད་ཅེས་ངོ་སྤྲོད་ཅི་ཙམ་བྱས་ཀྱང་། ཁ་ཅིག་གིས། དེ་དུས་འཁོར་ཕྱོགས་མཆན་རེད། དེ་ལས་གཞན་པའི་དུས་འཁོར་ཇོ་ནང་འགྱུར་ཟེར་བ་ཞིག་མེད་ཟེར། ཡང་ཁ་ཅིག་གིས། དེ་འདྲ་ཞིག་ཡོད་ན་བཟང་གི ཡིན་ན་ཡང་ཕལ་ཆེར་མེད་པ་ཞེས་ཡིད་ཆེས་ལ་མ་ཆེས་པ་བྱེད་བཞིན་འདུག་པས། དེ་རིང་དུས་ཚོད་ཅིག་བཀོད་བསྒྲིགས་བྱས་ནས། དུས་འཁོར་ཇོ་ནང་འགྱུར་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་བསྒྱུར་བ་དང་། དེའི་ཐུན་མིན་ཁྱད་ཆོས། ད་ལྟའི་གནས་བབ། བཤད་བྱ་མཇུག་བསྡུ་བ་བཅས་ཏེ་དོན་ཚན་བཞིའི་སྒོ་ནས་ཅུང་ཟད་བཤད་འདོད་བྱུང་།
དང་པོ། དུས་ནམ་ཞིག་ལ་ཚུལ་ཇི་ལྟར་བསྒྱུར་བ།
དུས་འཁོར་ཇོ་ནང་འགྱུར་དུ་གྲགས་པ་ནི། ཇོ་ནང་ལོ་ཙཱ་བ་བློ་གྲོས་རྣམ་གཉིས་ཀྱིས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་བཀས་བསྐུལ་སྤྱི་བོའི་རྒྱན་དུ་བླངས་ཏེ། ཁོང་གི་གསུང་དང་བསྟུན་ནས་འགྱུར་བཅོས་མཛད་པའི་དུས་འཁོར་བསྡུས་རྒྱུད་དང་། དེའི་འགྲེལ་ཆེན་དྲི་མེད་འོད་གཉིས་ཡིན། དུས་འཁོར་བསྡུས་རྒྱུད་ནི་རིགས་ལྡན་འཇམ་དཔལ་གྲགས་པས་དུས་འཁོར་རྩ་རྒྱུད་ཉུང་ངུར་བསྡུས་པ་དེ་ཡིན་ལ། དེའི་འགྲེལ་བ་རིགས་ལྡན་པདྨ་དཀར་པོས་མཛད་པའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཅེས་གྲགས་པ་དེ་ཡིན། ཡོངས་གྲགས་སུ་འདི་གཉིས་ལ་དུས་འཁོར་རྒྱུད་འགྲེལ་ཏེ། རྒྱུད་དང་འགྲེལ་བ་གཉིས་ཟེར། འདི་གཉིས་ཀར་འགྱུར་མི་འདྲ་བ་འགའ་རེ་ཡོད་ཅིང་། ཁྱད་པར་དུ་འགྲེལ་ཆེན་དྲི་མེད་འོད་ལ་འགྱུར་མགོ་མི་འདྲ་བ་ཉེར་གཅིག་ཙམ་བྱུང་བར་གྲགས་མོད། འདིར་ཇོ་ནང་ལོ་ཙཱ་རྣམ་གཉིས་ཀྱིས་འགྱུར་བཅོས་མཛད་ས་དེ་དུས་འཁོར་བསྡུས་རྒྱུད་འབྲོ་འགྱུར་ལ་ཕྱིས་སུ་ཤོང་ལོས་འགྱུར་བཅོས་མཛད་པ་དེ་དང་། འགྲེལ་བ་ཡང་ཁ་ཆེའི་པཎྚི་ཏ་སོ་མ་ནཱ་ཐ་སྟེ་པཎ་ཆེན་ཟླ་བ་མགོན་པོ་དང་། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་བསྒྱུར་བར་ཕྱིས་སུ་ཤོང་ལོས་འགྱུར་བཅོས་བྱས་པ་དེ་ཡིན།
ཇོ་ནང་ལོ་ཙཱ་རྣམ་གཉིས་ཀྱིས་འགྱུར་བཅོས་མཛད་པ་ནས་དུས་འཁོར་ཇོ་ནང་འགྱུར་ཞེས་གྲགས་པ་རེད། དུས་འཁོར་ཇོ་ནང་འགྱུར་གྱི་འགྱུར་བྱང་དུ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་བཀས་བསྐུལ་བཞིན། ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་དཔང་པོར་བཞུགས་ནས་ཇོ་ནང་ལོ་ཙཱ་རྣམ་གཉིས་ཀྱིས་འགྱུར་བཅོས་མཛད་ཚུལ་གསལ་བོར་འཁོད་ཡོད། དེའི་སྐོར་གཤམ་ཏུ་གསལ།
མཚམས་འདིར་གསལ་བོར་ཤེས་དགོས་པ་ཞིག་ཡོད་པ་ནི། ཇོ་ནང་ལོ་ཙཱ་རྣམ་གཉིས་ཀྱིས་དུས་འཁོར་གྱི་རྒྱུད་དང་འགྲེལ་བ་གཉིས་ལ་འགྱུར་བཅོས་མཛད་སྐབས། དཔང་པོར་བཞུགས་མཁན་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོའི་མཚན་ལ་སཾསྐྲྀ་ཏའི་སྐད་དུ་དྷརྨ་ཀཱིརྟི་ཤྲཱི་བྷ་དྲ་དང་། ཇོ་ནང་ལོ་ཙཱ་རྣམ་གཉིས་ཀྱི་མཚན་ལ་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དང་། ལོ་ཙཱ་བ་བློ་གྲོས་དཔལ་བཟང་པོ་ཞུ་བ་ཡིན་པས། མ་བརྗེད་པ་གནང་རོགས་ཞེས་སྔོན་དུ་བྱ་བཏང་བའི་ཚུལ་དུ་ཞུ་འདོད་བྱུང་།
ཀུན་མཁྱེན་དོལ་པོ་སངས་(༡༢༩༢-༡༣༦༡)དགུང་གྲངས་སོ་ལྔའི་ཐོག་(༡༣༢༦)ཇོ་ནང་གི་གདན་རབས་བཞི་བའི་ཁྲིར་འཁོད་ཅིང་དུས་འཁོར་རྒྱུད་འགྲེལ་སོགས་ངེས་དོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་པོ་གསར་བཞེངས་མཛད་ཅིང་། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་དང་། རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་དུ་བཀྲལ་ཏེ། མདོ་སྔགས་ཟུང་གི་ལྟ་གྲུབ་གཞན་སྟོང་དབུ་མ་ཆེན་པོའི་ཆོས་སྐད་ཀྱིས་ས་གསུམ་ཁྱབ་པར་མཛད་པས། རི་བོ་བརྩེགས་པས་རྒྱ་མཚོ་བརྡོལ་ཞེས་གྲགས།
ཀུན་མཁྱེན་དོལ་པོ་སངས་རྒྱས་དགུང་གྲངས་ཞེ་གསུམ་ཐོག་(༡༣༣༤)གངས་ལྗོངས་ཀྱི་ཤམ་བྷ་ལ་ཇོ་ནང་རྒྱལ་བའི་རི་ཁྲོད་ཀྱི་གཟིམ་ཁང་བདེ་བ་ཅན་དུ་བཞུགས་ནས། ཐུགས་སྲས་ལོ་ཙཱ་བ་ས་བཟང་བློ་གྲོས་རྒྱལ་མཚན་(༡༢༩༤-༡༣༧༦)དང་། ལོ་ཙཱ་བ་ཆེན་པོ་བློ་གྲོས་དཔལ་བཟང་པོ་(༡༢༨༣-༡༣༦༣)རྣམ་གཉིས་ལ་དུས་འཁོར་རྒྱུད་དང་འགྲེལ་བ་གཉིས་ལ་འགྱུར་བཅོས་དགོས་པའི་བཀས་བསྐུལ་དང་། ཞུས་ཆེན་གྱི་ཐུགས་འགན་བཞེས་པ་བཞིན། ཇོ་ནང་ལོ་ཙཱ་རྣམ་གཉིས་ཀྱིས་ཁོང་གི་བླ་ན་མེད་པའི་དགོངས་བཞེད་གཞིར་བཟུང་། ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་(༡༢༨༣-༡༣༦༣)དཔང་བོར་བཞག་སྟེ། དུས་འཁོར་རྒྱུད་དང་། འགྲེལ་བ་གཉིས་ཀར་འགྱུར་བཅོས་ཡང་དག་པ་མཛད་པ་མ་ཟད། ཀུན་སྤངས་ཆོས་གྲགས་དཔལ་བཟང་པོས་ཞུས་ངོར། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ཇོ་ནང་ལོ་ཙཱ་བ་རྣམ་གཉིས་ཀྱི་འགྱུར་གསར་ལ་གསལ་བྱེད་ས་བཅད་དེ་《དཔལ་ལྡན་དུས་འཁོར་རྒྱུད་རྒྱལ་གྱི་བསྡུས་དོན་ཡོངས་འདུ་ལྟ་བུ་》དང་། དུས་འཁོར་མཆན་འགྲེལ་ཆེན་མོ་སོགས་མཛད་ཅིང་། བཤད་སྒྲུབ་གཉིས་ཀྱིས་གཏན་ལ་ཕབ་པས། དུས་འཁོར་ཇོ་ནང་འགྱུར་ཞེས་ས་གྲགས་གནམ་གྲགས་སུ་གྱུར།
དེ་ཡང་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོས་མཛད་པའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐྱེས་རབས་ཁྱད་པར་དུ་འཕགས་པ་1ལས། “དེ་ནས་ཁྱི་ལོར་བདེ་བ་ཅན་དུ་བཞུགས་ནས། ལོ་ཙཱ་བ་བློ་གྲོས་རྣམ་གཉིས་ལ་དུས་ཀྱི་འཁོར་ལོའི་འགྱུར་གྱི་དག་པའི་གཞི་གྱིས་གསུངས་ནས། ཆོས་རྗེ་དང་ཁོ་བོ་གཉིས་དཔང་པོར་བཞག་ནས། སླར་ལེགས་པའི་ནང་ནས་ལེགས་པ་ཡང་དག་པར་མཛད་དོ།། དེ་ནས་བདག་གིས་བསྐུལ་ནས་ས་བཅད་དང་མཆན་བུ་མཛད་དོ།།” ཅེས་གསུངས་པ་ལྟར། དུས་འཁོར་ཇོ་ནང་འགྱུར་འཇིག་རྟེན་དུ་ཕེབས་ནས་ད་ལྟ་ཕྱི་ལོ་ ༢༠༢༤ ནས་ཡར་དེད་ན་མི་ལོ་ ༦༩༠ འདས་ཤིང་། བོད་ཀྱི་བཀའ་བསྟན་ཕལ་མོ་ཆེའི་ནང་དུ་བཞུགས་ཚུལ་གཤམ་གསལ་ད་ལྟའི་གནས་བབ་ཅེས་པར་གསལ།
ད་དུང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་འགྲན་ཟླ་བྲལ་བའི་སློབ་མ་ཉ་ཕྱོགས་གཉིས་ཞེས་སྲིད་ཞིའི་ཁམས་ན་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་པའི་ཡ་གྱལ་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་(༡༣༠༦-༡༣༨༦)གྱིས། ཁོང་གི་དངོས་སློབ་རྒྱལ་བའི་སྲས་པོ་དངུལ་ཆུ་ཐོགས་མེད་བཟང་པོ་(༡༢༩༥-༡༣༦༩)མཆོག་གིས་ཞུས་ངོར། དུས་འཁོར་ཇོ་ནང་འགྱུར་ལ་མཆན་འགྲེལ་མཛད་པར་པོད་ཆེན་གསུམ་བཞུགས་ཤིང་། ཡོངས་གྲགས་སུ་དུས་འཁོར་ཕྱོགས་མཆན་ཞེས་ཟེར། ད་ལྟའི་ཆར་ཇོ་ནང་པ་རྣམས་ཀྱི་དུས་འཁོར་གྱི་སློབ་གཞི་གཙོ་བོའི་གྲས་ཡིན། དེའི་མཇུག་མཆན་2དུ།
“ཕྱི་ནང་གཞན་གསུམ་གཞི་ལམ་འབྲས་གསུམ་དང་།། དྲང་དོན་ངེས་དོན་རྣམ་ཤེས་ཡེ་ཤེས་ཀྱི།། རྣམ་པར་དབྱེ་བས་དུས་ཀྱི་འཁོར་ལོའི་དོན།། རྣམ་པར་གསལ་བྱེད་མཆན་བུའི་ཕྲེང་བ་འདི།། བློ་གྲོས་རབ་ཡངས་ནམ་མཁའི་རྗེ་འགྲོ་ཞིང་།། རྨད་བྱུང་ཡོན་ཏན་བསྟན་པའི་རྒྱལ་མཚན་ཅན།། འགྲོ་མང་དཔལ་གྱུར་རྒྱལ་སྲས་བཟང་པོ་དང་།། ཤེས་ལྡན་མཁས་མང་དག་གིས་བསྐུལ་བའི་ངོར།། སྡེ་སྣོད་གཞུང་ལུགས་རྡོ་རྗེ་ཐེག་པའི་ཚུལ།། མང་ཐོས་དྲི་མེད་འོད་ཀྱི་སྣང་བ་ཅན།། དགེ་སློང་དུས་ཀྱི་འཁོར་ལོའི་རྣལ་འབྱོར་བ།། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་གྱིས་སྦྱར་རོ།།” ཞེས་རྒྱུད་མཆན་ཞུ་བ་པོ་རྒྱལ་སྲས་ཐོགས་མེད་བཟང་པོ་ཡིན་པ་གསལ་བོར་གསུངས་ཡོད།
ཕྱི་ལོ་ ༡༣༥༥ ལོར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་བྲག་ལྷ་ཀླུ་སྒུག་ཏུ་རྒྱལ་བ་སྲས་བཅས་ཀྱི་གསུང་འབའ་ཞིག་ལས་བརྩམས་ཏེ་གཞུང་ལུགས་ཆེན་པོ་ལྔ་བརྒྱ་དང་། དགེ་བའི་བཤེས་གཉེན་སུམ་བརྒྱ་ལྷག་དཔང་བོར་བཞག་ནས་བོད་བརྒྱུད་ནང་བསྟན་ལ་དག་ཐེར་དང་། ཐེག་པ་ཆེན་པོའི་བཀའ་བསྡུ་བཞི་བ་མཛད་པས། མདོ་ཕྱོགས་ནས་འཁོར་ལོ་ཐ་མའི་དགོངས་དོན་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་དང་། སྔགས་ཕྱོགས་ནས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བསྟན་པའི་བཀའ་བབ་ཅེས་ཡོངས་སུ་གྲགས།
གཉིས་པ། དུས་འཁོར་ཇོ་ནང་འགྱུར་གྱི་ཐུན་མིན་ཁྱད་ཆོས།
དུས་འཁོར་ཇོ་ནང་འགྱུར་ནི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་ཀྱིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་དུས་འཁོར་བསྟན་པར་བཞག་གནང་མཛད་པའི་ཕྱག་རྗེས་འགྲན་ཟླ་བྲལ་བ་ཞིག་ཡིན། དེར་བརྟེན། ས་སྐྱའི་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་(༡༥༩༧-༡༦༥༩)ཀྱིས་མཛད་པའི་《དུས་འཁོར་ཆོས་འབྱུང་》3དུ། རིགས་ལྡན་ཆོས་ཀྱི་རྒྱལ་པོ་རྣམ་རྒྱལ་གྲགས་པ་བཟང་པོའི་རྣམ་ཐར་གྱི་སྐབས་སུ། “དཔལ་དུས་ཀྱི་འཁོར་ལོ་འདི་ཉིད་རྒྱུད་སྡེ་མ་ལུས་པའི་བླ་ན་བཞུགས་ཤིང་། རྡོ་རྗེའི་ཚིག་གི་མདུད་དུ་བསྡམས་པའི་རྒྱུད་མ་ལུས་པའི་གནད་དོན་འགྲོལ་ཞིང་། ཕྱི་ནང་གིས་བསྡུས་པའི་མཐའ་ཅི་དང་ཅི་མཆིས་པའི་ངེས་གནས་འདིར་མ་ཚང་བ་མེད་པས་གཅིག་ཤེས་ཀུན་གྲོལ་ཉིད་ཡིན་ཀྱང་། ཕྱོགས་རེའི་མིག་ཅན་མཐའ་དག་གིས་ཇི་ལྟར་ཡང་གཏིང་དཔོགས་པར་མི་སྤྱོད་པས་མཁས་རློམས་དག་ཀྱང་མགོ་འཐོམས་ནས། ཆོས་མ་ཡིན་པར་འཛིན་པའི་ལོག་བརྒྱ་འཇོམས་ཀྱི་སྐལ་བ་དམན་པའི་ཁུང་བུར་ངང་གིས་འཇུག་ལ། ལོ་ཙཱ་བ་ཆོས་ཀྱི་མིག་ཅན་དག་ཀྱང་དོན་ཅི་ཙམ་ལས། གནས་དོན་ལ་འབྲུ་རྗེན་པར་ངེས་པའི་སྤོབས་པ་མ་རྙེད་པས། གྱི་ཇོའི་འགྱུར་མང་ནས། གཤོང་འགྱུར་བར་ལ་ཡང་རྣམ་གཞག་ཐད་ཐད་པའི་དབང་ལྡན་ཁོ་ནར་ཡོད་ལ། གཤོང་ལ་འགྲོ་མགོན་འཕགས་པས་ཀྱང་ལེགས་སོ་སྩལ།
སྔོན་ཆད་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་མུན་པས་བསྒྲིབས་པ་ཀུན་སེལ་བའི་དབུགས་དབྱུང་གནང་བའི་སྙན་པས་ས་སྟེང་པ་ཀུན་གྱིས་ཡིད་ཆེས་སུ་འཛིན་པར་གྱུར་ཅིང་། ཐམས་ཅད་མཁྱེན་པ་བུ་སྟོན་པས་ཀྱང་གཤོང་འགྱུར་ཉིད་འཆད་དཔེའི་མཐིལ་དུ་མཛད་ནས། འདིར་མི་བཅོས་སུ་མི་རུང་པ་སུམ་ཅུ་ཙམ་ཡོད་ཅེས་བཀའ་སྩལ་པ་ལྟར། ཀུན་མཁྱེན་ཆེན་པོ་དོལ་བུ་སངས་རྒྱས་ཀྱིས། ལོ་ཙཱ་བ་རྣམ་གཉིས་ལ་བཀའ་བསྒོས་ནས་འགྱུར་གསར་མཛད་སྐབས་སྔར་གྱི་བུ་སྟོན་གྱིས་མཆན་བུར་བཏབ་པའི་འགྱུར་བཅོས་ཀུན་ཐད་སོར་བཞག དེ་ལས་དོན་ལ་བརྟེན་པའི་དབང་གི་ངེས་པའི་མཐར་ཐུག་རྣམས་རང་སྐད་ཟུར་ཕྱིན་པར་མཛད་དེ། དོལ་མཆན་ཉིད་ཀྱིས་གཟེར་བུར་བསྡམས་ནས་གནས་དོན་རྒྱས་འགྲེལ་དེས། ངེས་དོན་རྒྱ་མཚོ་བསྟན་པ་སྤྱི་འགྲེལ་བཀའ་བསྡུ་བཞི་པ་སོགས་ཀྱིས་གསལ་ཞིང་གསལ་བའི་ཤིང་རྟའི་སྲོལ་ཕྱེ་བ་འདི་ལས་གུད་པའི་བྱང་ཤམྦྷ་ལ་ན་ཡང་དཔལ་ལྡན་རྒྱུད་ལ་འགྲེལ་མཛད་མེད་ངེས་སྙམ་པའི་ཡིད་ཆེས་ཡོད་ཅིང་། བསྟན་པ་སྤྱིའི་སྒོ་མཐའ་དག་ལ་འཆད་རྩོམ་གྱི་ཁུར་བུ་སྟོན་ཆེ་བ་ཙམ་འདུག་ཀྱང་། དུས་འཁོར་ཉག་གཅིག་གི་ངེས་གསང་འདོམ་པའི་སྐབས། དོལ་བུའི་ཆར་མི་སྐྲུན།” ཞེས་ཇོ་ནང་ལོ་ཙཱ་རྣམ་གཉིས་ཀྱི་དུས་འཁོར་རྒྱུད་ལ་འགྱུར་བཅོས་ཇི་ལྟར་མཛད་ཚུལ་དང་། དེའི་དགོས་ཆེད། དེ་བས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་ངེས་གསང་འབྱེད་སྐབས། བུ་སྟོན་གྱིས་ཀྱང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཆ་ཙམ་ཡང་འགྲན་པར་མི་ནུས་པ་མ་ཟད། ཤམ་བྷ་ལར་དངོས་སུ་ཕྱིན་ཀྱང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་དུས་འཁོར་འགྲེལ་བཤད་ལས་ལྷག་པ་མེད་ཚུལ་ཞིབ་རྒྱས་སུ་གསུངས་ཡོད།
ཡང་4།“ཡང་སྐབས་ཤིག་ཤམྦྷ་ལའི་ཚད་ཀྱི་འབེལ་གཏམ་སྐབས། འདི་ལ་གཤོང་འགྱུར་དཔང་པོར་མཛད་པ་ཆོས་རྗེ་ཕྱོགས་ལས་གསུང་བགྲོས་ཡིན་ནའང་། དུས་ཀྱི་འཁོར་ལོའི་སྐབས་འདིར་ཚད་མའི་སྐྱེས་བུ་ནི་ཤེས་རབ་རྒྱལ་མཚན་རང་ལགས་” ཞེས་ཤམ་བྷ་ལའི་ཚད་བཤད་སྐབས། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་གྱིས་ཤོང་འགྱུར་དཔང་བོར་མཛད་པར་མི་འཐད་པའི་རྣམ་འགྱུར་ཡང་བསྟན་ཡོད། ད་དུང་དུས་འཁོར་ཆོས་འབྱུང་5དུ་ས་ལོ་འཇམ་དབྱངས་ཆེན་པོའི་རྣམ་ཐར་འཆད་སྐབས། “དེ་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ཉམས་ཁྲིད། མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ་ཤོང་འགྱུར་ལ། ལོ་ཙཱ་བ་བློ་གྲོས་རྣམ་པ་གཉིས་ཀྱིས་བཅོས་པའི་སྟེང་ནས་བཤད་བཀའ་སོགས་ལུགས་འདིའི་ཆོས་སྐོར་རྣམས་རྫོགས་པར་གསན་པར་མཛད་ནས།”ཞེས་དུས་འཁོར་ཇོ་ནང་འགྱུར་གྱི་ཁྲིད་ལུང་གསན་ཚུལ་སོགས་ཀྱང་གསུངས་འདུག
དེ་བས་ཀྱང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་དུས་འཁོར་ཇོ་ནང་འགྱུར་ལ་གདེང་འཇོག་འདི་ལྟར་གནང་ཡོད། དེ་ཡང་ཁོང་གིས་མཛད་པའི་《དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ་》6ལས། “ཇོ་ནང་འགྱུར་དུ་གྲགས་པ་ལོ་ཙཱ་བ་རྣམ་གཉིས་ཀྱིས་བསྒྱུར་བ་ནི། ཤོང་འགྱུར་སྒྲ་དོན་འགྲིག་ཅིང་ཚིག་སྦྱོར་ལེགས་པར་ཡོད་པ་ལ། ད་དུང་དོན་གྱི་ཆ་གནད་དུ་མ་ཕྱིན་པ་ཡོད་པ་རྣམས་ལ་འགྱུར་རྙིང་རྣམས་དང་དཔང་འགྱུར་སོགས་ལའང་གཏུགས། སྒྲ་དོན་ལ་མཁས་པས་ལེགས་པར་དཔྱད་ཅིང་འགྱུར་བཅོས་ཀྱང་མཛད་ལ། གནད་ཆེ་ས་མང་པོར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་འགྱུར་བཅོས་མཛད་པ་ཡིན་པས་འགྱུར་གསར་གཞན་རྣམས་ལས་ཆེས་བྱིན་རླབས་ཆེའོ།། དེ་ཕྱིན་ཆད་ནས་ཀྱང་འགྱུར་བཅོས་ཐན་ཐུན་བྱེད་མཁན་བྱུང་ཟེར་ཏེ། བྱུང་བ་ཙམ་དུ་ཟད་ཀྱི་བཤད་སྒྲུབ་ཀྱིས་གཏན་ལ་ཕབ་པ་མེད་དོ།།”ཞེས་དང་། ཡང་7།“གྱི་ཇོ་རྨ་ལོ་འབྲོག་གཉན་མང་འོར་དང༌།། འ་ཞ་རྭ་ལོ་ག་རོང་ཙ་མི་དང༌།། སྤོང་ཞོ་ཁར་རྒང་ལྡིང་རི་གྲགས་མིང་བཞི།། རོང་གླིང་སེ་ལོ་ལོ་ཆུང་བསོད་ཡེ་དང༌།། བློ་གྲོས་སྙིང་པོ་ཆག་ལོ་ཡར་ལུང་པ།། དེ་རྣམས་ལོ་པཎ་སྡེབས་པའི་འགྱུར་ཡིན་ཏེ།། ཁ་ཅིག་གཞི་འགྱུར་ཁ་ཅིག་འགྱུར་བཅོས་ཡིན།། འགོས་ལོ་ཁུག་པས་བསྒྱུར་ཞེས་འགའ་ཞིག་ཟེར།། ཤོངས་སྟོན་ཐང་སྟོན་དཔང་ལོའི་འགྱུར་རྣམས་ནི།། པན་ཊི་ཏ་ལ་མ་ཉན་རྩལ་འགྱུར་ཡིན།། ལོ་ཙྭ་བློ་གྲོས་གཉིས་ཀྱིས་བསྒྱུར་བ་ནི།། དུས་གསུམ་སངས་རྒྱས་ཀུན་མཁྱེན་ཆེན་པོ་ཡི།། བཀའ་ཡིས་བསྐུལ་ཞིང་གསུང་དང་བསྟུན་པའི་ཕྱིར།། རྩལ་འགྱུར་ཡིན་ཡང་བྱིན་རླབས་གཟི་བྱིན་ལྡན།། འགྱུར་གསར་རྣམས་ཀྱི་ནང་ནས་འདི་ཉིད་མཆོག། གོ་བདེ་ཚིག་ལམ་ལེགས་ཤིང་གསལ་བ་ཡིན།།”ཞེས་དུས་འཁོར་ཇོ་ནང་འགྱུར་གྱི་ཁྱད་ཆོས་གསལ་བོར་བརྗོད་ཅིང་། འགྱུར་གསར་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་བ་ཡིན་ཚུལ་རྒྱས་པར་གསུངས་ཡོད། ད་དུང་མཇུག་སྡོམ་གྱི་ཚུལ་དུ8།“དེ་དག་ཀྱང་བར་སྐབས་ཀྱི་མཁས་པ་ཆོས་ཀྱི་སྤྱན་ཡངས་འགའ་རེས་གཟིགས་པའི་དབང་དུ་བྱས་ལ། བདག་གིས་མཐོང་བ་ནི་རྭ་འབྲོ་གྱི་རྨ་འ་ཞ་ལོ་ཆུང་མར་འོ་ར་ཙ་མི་ཆག་ལོ་ཤུད་ཀེ་ཤོང་དཔངས་ཇོ་འགྱུར་རྣམས་སོ།།”ཞེས་གསུངས་སོ།།
གསུམ་པ། དུས་འཁོར་ཇོ་ནང་འགྱུར་གྱི་ད་ལྟའི་གནས་བབ།
དེ་ལྟ་བུའི་ཁྱད་ཡོན་དང་བྱིན་རླབས་འགྲན་ཟླ་བྲལ་བའི་དུས་འཁོར་ཇོ་ནང་འགྱུར་ཞེས་གྲགས་པ་དེ་ད་ལྟའི་ཆར་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་བཞུགས་ཡོད་དམ་མེད། ཡོད་ན་གང་དུ་བཞུགས་ཞེས་དྲི་བ་ལ་ལན་འདི་ལྟར་གདབ་པར་བྱའོ།།
དང་པོ་དུས་འཁོར་བསྡུས་རྒྱུད། མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་9བཀའ་འགྱུར་པེ་ཅིང་པར་མར་བཞུགས་ཤིང་། ཤོག་གྲངས་བརྒྱ་དང་བཅོ་བརྒྱད། གོང་འོག་གཉིས་བསྡོམས་ཤོག་ངོས་ ༢༣༧ ཡོད། དེའི་འགྱུར་བྱང་10དུ། “མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་རྫོགས་སོ།། ཁ་ཆེའི་པཎ་ཌི་ཏ་སོ་མ་ནཱ་ཐ་དང་བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་། ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དུས་ཕྱིས་ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པའི་བླ་མ་དམ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་དང་། དཔོན་ཆེན་ཤཱཀྱ་བཟང་པོའི་གསུང་བཞིན་དུ། མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་། དུས་ཀྱི་འཁོར་ལོའི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་ལེགས་པར་དཔྱད་ཅིང་བསྐུལ་ཏེ། ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་རིག་པའི་དགེ་སློང་ཤོང་སྟོན་གྱིས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ།།” ཞེས་དང་། ཡང་11།“སླར་ཡང་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་12དང་། དཔལ་ལྡན་དུས་ཀྱི་འཁོར་ལོ་པ་ཆེན་པོ་དྷརྨ་ཀཱིརྟི་ཤྲཱི་བྷ་དྲ13ས། འདིའི་དོན་རྣམས་ལེགས་པར་དགོངས་ཤིང་བཀའ་ཡིས་བསྐུལ་ནས་དེ་དག་གི་གསུང་བཞིན་དུ། པཎྜི་ཏ་ཆེན་པོ་སྠིར་མ་ཏིའི་བཀའ་དྲིན་ལས། ལེགས་པར་སྦྱར་བའི་ཚུལ་རིག་པ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་གྲོས་རྒྱལ་མཚན་དང་། བློ་གྲོས་དཔལ་བཟང་པོས། རྒྱུད་དང་འགྲེལ་པའི་རྒྱ་དཔེ་མང་པོ་ལ་གཏུགས་ནས་དག་པ་རྣམས་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།”ཞེས་གསུངས། གོང་གི་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཞུ་བ་ནི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཡིན་ནོ།།
གཉིས་པ་དུས་འཁོར་འགྲེལ་དྲི་མེད་འོད། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ14། ད་ལྟ་སྡེ་དགེ་བསྟན་འགྱུར་དུ་བཞུགས་ཤིང་། རྒྱུད་འགྲེལ་གླེགས་བམ། ཐ ད གཉིས་ཡིན་ལ། དེའི་འགྱུར་བྱང་15དུ།“ཁ་ཆེའི་པཎྜི་ཏ་ཆེན་པོ་སོ་མ་ནཱ་ཐ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དུས་ཕྱིས་ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པའི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་དང་། དཔོན་ཆེན་ཤཱཀྱ་བཟང་པོའི་གསུང་བཞིན་དུ་མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་། དུས་ཀྱི་འཁོར་ལོའི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་དཔྱད་ཅིང་ལེགས་པར་བསྐུལ་ཏེ་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་རིག་པའི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ།། གང་གི་ཐུགས་དགོངས་རྣམ་པར་དག་པ་ཡིས།། འདི་ལ་བསྐུལ་ཞིང་མཐུན་རྐྱེན་སྒྲུབས་པ་དང་།། བདག་གིས་འབད་ལས་བསོད་ནམས་གང་ཐོབ་དེས།། ཀུན་གྱིས་འདི་རྟོགས་སངས་རྒྱས་སར་གནས་ཤོག། སླར་ཡང་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་དང་། དཔལ་ལྡན་དུས་ཀྱི་འཁོར་ལོ་པ་ཆེན་པོ་དྷརྨ་ཀཱིརྟི་ཤྲཱི་བྷ་དྲས། འདིའི་དོན་རྣམས་ལེགས་པར་དགོངས་ཤིང་བཀའ་ཡིས་བསྐུལ་ནས་དེ་དག་གི་གསུང་བཞིན་དུ། པཎྜི་ཏ་ཆེན་པོ་སྠིར་མ་ཏིའི་བཀའ་དྲིན་ལས་ལེགས་པར་སྦྱར་བའི་ཚུལ་རིག་པ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་གྲོས་རྒྱལ་མཚན་དང་། བློ་གྲོས་དཔལ་བཟང་པོས། རྒྱུད་དང་འགྲེལ་པའི་རྒྱ་དཔེ་མང་པོ་ལ་གཏུགས་ནས་དག་པ་རྣམས་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། དེ་ལྟར་གསུང་རབ་རྒྱ་མཚོའི་ངེས་དོན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ནི།། རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་དང་འགྱུར་མེད་མཆོག་གི་བདེ་ཆེན་དུ།། ལེགས་སྟོན་དུས་ཀྱི་འཁོར་ལོར་འབད་པའི་དགེ་བ་གང་དེས་འགྲོ་བ་ཀུན།། གཞུང་འདི་རྟོགས་ཤིང་ལམ་དེར་ཞུགས་ནས་འབྲས་བུ་དེ་ཉིད་མྱུར་ཐོབ་ཤོག།” ཅེས་གསལ།
དེ་ལྟར་སྡེ་དགེ་བསྟན་འགྱུར་དུ་བཞུགས་པའི་དུས་འཁོར་ཇོ་ནང་འགྱུར་གྱི་གླེཊ་བམ་ ཐ པའི་མཆོག་ལྷ་དུས་འཁོར་ལྷན་སྐྱེས་དང་། ཆོས་རྒྱལ་ཟླ་བ་བཟང་པོ། ཤོག་གྲངས་ ༢༧༧ ཉིན་སྲིབ་གཉིས་བསྡོམས་ཤོག་ངོས་ ༥༥༣ དང་། གླེཊ་བམ་ ད མཆོག་ལྷ་རིགས་ལྡན་འཇམ་དཔལ་གྲགས་པ་དང་། རིགས་ལྡན་པདྨ་དཀར་པོ། ཤོག་གྲངས་ ༢༩༧ ཉིན་སྲིབ་གཉིས་བསྡོམས་ཤོག་ངོས་ ༥༩༣ བཞུགས།
ད་དུང་བཀའ་འགྱུར་སྡེ་དགེ་པར་ཕུད་མའི་ནང་གི་དུས་འཁོར། གླེཊ་བམ་ཤྲཱི་རྟགས་ཅན་དང་། རྭ་རྒྱ་བཀའ་འགྱུར་གྱི་དུས་འཁོར། གླེཊ་བམ་ཤྲཱི་རྟགས་ཅན། འཇང་བཀའ་འགྱུར་གྱི་དུས་འཁོར། གླེཊ་བམ་ཨཱ་རྟགས་ཅན། ལི་ཐང་བཀའ་འགྱུར་དྲི་མེད་འོད། གླེཊ་བམ་རཱྀ་ལཱྀ་རྟགས་ཅན། བཀའ་འགྱུར་དཔེ་བསྡུར་མའི་དེབ་ ༩༩/༡༠༠ ཤྲཱི་རྟགས་ཅན། བསྟན་འགྱུར་དཔེ་བསྡུར་མའི་རྒྱུད་གྱི་དེབ་ ༦ ཐ ད རྟགས་ཅན་རྣམས་དུས་འཁོར་འགྲེལ་ཆེན་ཇོ་ནང་འགྱུར་ཡིན། འཇང་བཀའ་འགྱུར་དང་ལི་ཐང་བཀའ་འགྱུར་གཉིས་པར་གཞི་གཅིག་ཡིན། འདི་དག་ནི་ཁོ་བོས་དངོས་སུ་མཇལ་བའི་བཀའ་བསྟན་ཁྲོད་ཀྱི་དུས་འཁོར་ཇོ་ནང་འགྱུར་ཡིན་ལ། གཅིག་བྱས་ན་ད་དུང་བཀའ་འགྱུར་རྒྱལ་རྩེ་ཐེམ་སྤང་མ་སོགས་བཀའ་བསྟན་གཞན་དང་གཞན་གྱི་ནང་དུའང་བཞུགས་ཡོད་སྲིད།
གཞན་ཡང་ཞོར་དུ་བཤད་འདོད་པ་ཞིག་ལ། ཨ་མེས་ཀྱི་དུས་འཁོར་ཆོས་འབྱུང་16དུ། ཞ་ལུ་ལོ་ཆེན་གྱིས་ཇོ་ནང་མཁན་ཆེན་དཀོན་མཆོག་བཟང་པོའི་མདུན་ནས་དུས་འཁོར་རྒྱུད་ཕྱི་མ་ཇོ་ནང་ཀུན་སྤངས་ཆོས་གྲགས་དཔལ་བཟང་གིས་བསྒྱུར་ཟེར་བ་ཞིག་ཞུས་ཚུལ་དང་། ཁོང་གི་གསན་ཡིག་ཏུ་མཚན་བརྗོད་ཇོ་ནང་འགྱུར་གསར་གྱི་ལུང་ཞུས་ཚུལ་སོགས་འདུག་མོད། གནས་སྐབས་རིང་དེ་གཉིས་མཇལ་བའི་བསྐལ་བ་མ་ལྡན།
བཞི་བ། བཤད་བྱ་མཇུག་བསྡུ་བ།
དེ་ཡང་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས17།“བོད་དུ་སྔོན་བྱོན་བཞི་དང་བར་བྱོན་ལྔ།། ཕྱིས་བྱོན་གཉིས་སུ་གྲགས་ཆེ་གྱི་ཇོ་རྨ།། ཁྲོམ་ལོ་ཇོ་བོ་འབྲོ་རྭ་ཙ་མི་དང་།། རས་ཆུང་རྒ་ལོ་གསུམ་དང་ཁ་ཆེ་གཉིས།། བི་བྷཱུ་ཏི་གཉིས་ཆག་ལོ་མན་ལུང་སྟེ།། ལུགས་སྲོལ་བཅུ་བདུན་ཀུན་སྤངས་ཆེན་པོར་འདུ།།”ཞེས་ཀུན་སྤངས་ཆེན་པོ་ཐུགས་རྗེ་བརྩོན་འགྲུས་དུས་འཁོར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཡིན་པར་གསུངས་པ་དང་། ཡང་18།“ཁྱད་པར་རྟོན་པ་བཞི་ལྡན་ཀུན་མཁྱེན་རྗེ།། རྩོད་དུས་རྡོ་རྗེ་འཆང་དངོས་སྒྲོལ་བའི་མགོན།། རིགས་ལྡན་གཉིས་པའི་བཀའ་བརྒྱུད་ཕུལ་དུ་བྱུང་།། ལུགས་སྲོལ་དེ་དག་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་རྔ་བོ་ཆེའི་མདོ་སོགས་ནས་ཐུབ་མཚན་འཆང་བའི་དགེ་སློང་དུ་ལུང་བསྟན་པ་རིགས་ལྡན་སྤྲུལ་པའི་སྐུ་དོལ་པོ་པ་ཆེན་པོ་རྒྱལ་བའི་གསུང་རབ་ལ་མཐར་ཐུག་བརྟོན་པ་རྣམ་པ་བཞི་དང་ལྡན་པ་ཀུན་མཁྱེན་ཆོས་ཀྱི་རྗེ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང་། རྩོད་པའི་དུས་ཀྱི་མཐར་གྲུབ་ཆེན་སྤྱོད་འཆང་དབང་པོ་བསམ་བཞིན་སྐྱེ་བ་བཞེས་པ། གསང་བ་ཟབ་མོའི་གནས་ལ་རྡོ་རྗེ་འཆང་གཉིས་པའི་གོ་འཕང་བརྙེས་པ་རྗེ་བཙུན་སྒྲོལ་བའི་མགོན་པོས་ཤིང་རྟའི་ལམ་སྲོལ་ཕྱེས་པ་དག་ནི་རིགས་ལྡན་གཉིས་པའི་བཀའ་བརྒྱུད་དེ་གཞན་ལས་ཕུལ་དུ་བྱུང་ཞིང་སྒྲུབ་བརྒྱུད་འདིའི་བཀའ་ཆེན་བབས་པ་ཡིན་ནོ།།”ཞེས་ཀུན་མཁྱེན་དོལ་པོ་སངས་རྒྱས་དང་། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་གཉིས་ཀྱིས་ལམ་སྲོལ་ཕྱེས་པ་དག་ནི་རིགས་ལྡན་གཉིས་པའི་བཀའ་བརྒྱུད་བླ་ན་མེད་པ་ཡིན་པར་ཡང་གསུངས་ཤིང་། ཡང་། ཨ་མེས་ཀྱིས་དུས་འཁོར་ཆོས་འབྱུང་དུ་ཞ་ལུ་ལོ་ཆེན་གྱི་རྣམ་ཐར་འཆད་སྐབས19། “དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྣམ་འཕྲུལ། རྩོད་དུས་ཀྱི་རྒྱལ་བ་གཉིས་པ་ཀུན་མཁྱེན་ཆེན་པོ་དཔལ་ཇོ་མོ་ནང་པའི་ཞལ་སྔ་ནས་ཐུགས་ཉམས་སུ་བཞེས། དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་བཤད་སྲོལ་བྱིན་རླབས་ཀྱི་དྲོད་མ་ཡལ། བརྒྱུད་པ་ཟམ་མ་ཆད་པའི་བཀའ་བབས་ཆེན་པོ་མངའ་བ།”ཞེས་གསུངས་པ་ལྟར་དང་། དེ་བས་ཀྱང་རྒྱལ་དབང་བཅུ་བཞི་བ་ཆེན་པོ་མཆོག་གིས20།
“མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི།།
ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།
མི་ཉམ་འཛིན་ཅིང་སྤེལ་བའི་བཀའ་བབས་པ།།
ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།”
ཅེས་གསུངས་པའི་ཕྱིར་རོ།།
ཞེས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་བརྒྱུད་པ་དང་བཅས་པར་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པ། སྤྲང་འཁྱམ་པ་བེ་རི་རིག་པའི་རྡོ་རྗེས། གཞན་གྱི་མ་རྟོགས་ལོག་རྟོག་སེལ་ཕྱིར་དང་། དུས་འཁོར་ཤེས་འདོད་ཡོད་མཁན་ཁག་ལ་རྟིང་སྐུལ། དུས་འཁོར་ཇོ་ནང་འགྱུར་གང་དུ་ཡོད་འཚོལ་འདོད་ཡོད་མཁན་ཚོས་རྙེད་སླ་བ་སོགས་ཀྱི་ཆེད་དུ། དུས་འཁོར་ཇོ་ནང་འགྱུར་དུས་ནམ་ཞིག་བསྒྱུར་བ་དང་། ད་ལྟ་བཀའ་བསྟན་གང་དུ་བཞུགས་པ་སོགས་ལེགས་པར་གཏན་ལ་ཕབ་ཅིང་། བོད་རྒྱལ་ལོ་ ༢༡༥༡ སྨིན་དྲུག་ཟླ་བའི་ཚེས་ ༡༩ ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༩ ཉིན་སྤེལ་བ་དགེ་བར་གྱུར་ཅིག
མཆན།
1 ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། དེབ་དང་པོ། དཔལ་བརྩེགས། ཤོག 214)
2 དུས་འཁོར་ཕྱོགས་མཆན། ཇོ་ནང་དེབ་ཚོགས། སྤྱིའི་དེབ་ཉི་ཤུ་བ། ཤོག 455.19
3 ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད་ཛ། ཤོག 101b-102a
4 ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད་ཛ། ཤོག 102b
5 ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད་ཛ། ཤོག 64a
6 ཏཱ་ར་ནཱ་ཐའི་གསུང་འབུམ། རྟག་བརྟན་པར་མ། གླེཊ། ༢ ཤོག 380.2-380.5
7 ཏཱ་ར་ནཱ་ཐའི་གསུང་འབུམ། རྟག་བརྟན་པར་མ། གླེཊ། ༢ ཤོག 378.2-378.5
8 ཏཱ་ར་ནཱ་ཐའི་གསུང་འབུམ། རྟག་བརྟན་པར་མ། གླེཊ། ༢ ཤོག 379.4
9 བཀའ་འགྱུར། པེ་ཅིང་པར་མ། རྒྱུད། ཀ ཤོག ཉེར་གསུམ-བརྒྱ་ཞེ་གཅིག
10 བཀའ་འགྱུར། པེ་ཅིང་པར་མ། རྒྱུད། ཀ ཤོག ཉེར་གསུམ འོག-བརྒྱ་ཞེ་གཅིག་འོག
11 བཀའ་འགྱུར། པེ་ཅིང་པར་མ། རྒྱུད། ཀ ཤོག བརྒྱ་ཞེ་གཅིག་གོང་།-བརྒྱ་ཞེ་གཅིག་འོག
12 ཀུན་མཁྱེན་དོལ་པོ་སངས་རྒྱས།
13 ཆོས་གྲགས་དཔལ་བཟང་པོ།
14 བསྟན་འགྱུར། སྡེ་དགེ་པར་མ། རྒྱུད་འགྲེལ། ཤྲཱི པོད། ཐ-ད
15 བསྟན་འགྱུར། སྡེ་དགེ་པར་མ། རྒྱུད་འགྲེལ། ཤྲཱི 297a
16 ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད་ཛ། ཤོག 128a
17 ཀོང་སྤྲུལ་བཀའ་འབུམ། དཔལ་སྤུངས་པར་མ། གླེཊ་བམ། ཙ ཤེས་བྱ་ཀུན་ཁྱབ། ཤོག 195a
18 ཀོང་སྤྲུལ་བཀའ་འབུམ། དཔལ་སྤུངས་པར་མ། གླེཊ་བམ། ཙ ཤེས་བྱ་ཀུན་ཁྱབ། ཤོག 196b
19 ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད་ཛ། ཤོག 127b
20 ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ།