བོད་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གི་སློབ་ཆུང་ཞིག་ལ་རྒྱ་ནག་བཟོ་ཞིང་དམར་དམག་མཚོ་སྔོན་གཅན་ཚ་རྫོང་ཞི་ཀྲུང་ཞུན་མི་རིགས་མཐུན་སྒྲིལ་དམར་དམག་སློབ་ཆུང་ཞེས་པའི་མིང་བཏགས་འདུག
ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་རྒྱ་ནག་གཞུང་གིས་དམར་ཤོག་གི་དབང་ཤུགས་རྒྱ་སྐྱེད་ཀྱི་ལོ་རྒྱུས་དང་ལྟ་བ་མི་རབས་ནས་མི་རབས་སུ་རྒྱུན་སྐྱོང་བྱེད་པར་དམིགས་ཏེ། དམར་དམག་སློབ་ཆུང་ངམ་དམར་དམག་སློབ་གྲྭ་ཞེས་པ་རྒྱལ་ཡོངས་སུ་གཞི་རྒྱ་ཆེན་པོའི་ཐོག་ནས་འཛུགས་སྐྲུན་བྱེད་པའི་མགོ་བརྩམས་ཡོད་པ་མ་ཟད། སློབ་གྲྭ་ཁག་ཅིག་ལ་ཞི་ཅིན་ཕིན་གྱི་ཕ་རྒན་འདས་པོ་ཞི་ཀྲུང་ཞུན་གྱི་མིང་ཡང་འདོགས་ཀྱི་འདུག ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་ཀྱི་གསར་བརྗེའི་ཁུལ་རྙིང་པ་ཟེར་བ་དག་ལ་ཉུང་མཐར་དམར་དམག་སློབ་ཆུང་ ༤༢༥ ལྷག་ཡོད་འདུག་ལ། བོད་དང་ལྷོ་སོག ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་སོགས་ཀྱི་ནང་དུའང་དམར་དམག་སློབ་ཆུང་མང་པོ་གསར་འཛུགས་དང་མིང་བསྒྱུར་བྱེད་བཞིན་འདུག
བོད་ཁུལ་གྱི་དམར་དམག་སློབ་ཆུང་།
རྒྱ་ནག་རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་ལས་འཛིན་ལྷན་ཚོགས་ཟེར་བ་དེས། རྒྱ་དམག་དང་བོད་ཀྱི་རོང་འབྲོག་མང་ཚོགས་བར་མཛའ་འབྲེལ་གཏིང་ཟབ་ཚུགས་ཏེ། བོད་རྒྱ་གཉིས་ཁྱིམ་ཚང་གཅིག་དང་དམག་མང་གཉིས་འོ་ཆུ་བཞིན་འདྲིས་ཚུལ་བཤད་དེ། ཕྱི་ལོ་༢༠༠༨ ལོ་ནས་བཟུང་བོད་ཁུལ་དུ་དམར་དམག་སློབ་ཆུང་མིང་བསྒྱུར་དང་གསར་འཛུགས་བྱེད་པའི་མགོ་བཙུགས་ཡོད་པ་ལྟར། ད་ལྟའི་ཆར་ཉུང་མཐར་བོད་ཁུལ་དུ་དམར་དམག་སློབ་གྲྭའམ་སློབ་ཆུང་གྲངས་ ༡༡ འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉུང་མཐར་དམར་སློབ་གྲངས་ ༣ (༢༠༠༧-༢༠༡༣)སྟེ། བོད་ལྗོངས་ལྷ་ས་མི་རིགས་མཐུན་སྒྲིལ་དམར་དམག་སློབ་ཆུང་དང་། བོད་ལྗོངས་དམག་ཁུལ་ཁང་གི་བརྒྱད་གཅིག་དམར་དམག་སློབ་ཆུང། ཉིང་ཁྲི་བརྒྱད་གཅིག་དམར་དམག་སློབ་ཆུང་བཅས་འདུག ཉིང་ཁྲིའི་དམར་དམག་སློབ་ཆུང་དེ་སྤོ་མེས་རྫོང་སུམ་འཛོམས་ཡུལ་ཚོ་(松宗村)རུ་འདུག དེ་ནི་སྔར་དམག་སྡེ་བཅོ་བརྒྱད་པའི་རྟེན་གཞི་ཡིན་འདུག་ལ། ཕྱི་ལོ་ ༡༩༥༢ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆེད་འཛུགས་བྱས་པའི་བཅིངས་གྲོལ་དམག་ནུབ་རྒྱུད་དམག་སྡེའི་དམག་སྤྱི་ཀྲང་གོ་ཧྭ་(张国华)ཟེར་བ་དེ་སྤོ་མེས་རྫོང་སུམ་འཛོམས་ཡུལ་ཚོའི་ནང་བསྡད་མྱོང་ཡོད་པར་བརྗོད་དེ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ པར་རྒྱ་ནག་རྒྱལ་ཡོངས་དམར་དམག་སློབ་གྲྭ་འཛུགས་སྐྲུན་ལས་དོན་ལྷན་ཚོགས་ཟེར་བ་དེས། སུམ་འཛོམས་ཡུལ་ཚོའི་སློབ་ཆུང་ལ་བརྒྱད་གཅིག་དམར་དམག་སློབ་ཆུང་ཟེར་བའི་མིང་བཏགས་ཏེ། བོད་ལྗོངས་དམག་ཁུལ་ཁང་གི་མཐུན་འགྱུར་འོག་དམར་པོའི་རིག་གནས་དང་སློབ་གསོ་མངོན་གསལ་དུ་གཏོང་བར་ཤུགས་གནོན་ཆེན་པོ་བརྒྱབ་ཡོད་སྐོར་བསྒྲགས་འདུག་ལ། སློབ་གྲྭའི་ཕྱི་ནང་གི་མཐུན་རྐྱེན་སློབ་ཆུང་གཞན་དང་བསྡུར་ན་ལེགས་པོ་ཡོད་འདུག
དེ་བཞིན་རྒྱ་ནག་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་ནང་ཉུང་མཐར་དམར་སློབ་གྲངས་ ༥(༢༠༠༨-༢༠༡༣།༩།༢༢)སྟེ། གཅན་ཚ་རྫོང་ཞི་ཀྲུང་ཞིན་མི་རིགས་མཐུན་སྒྲིལ་དམར་དམག་སློབ་ཆུང་དང་། པདྨ་རྫོང་དམར་དམག་སློབ་ཆུང་། ཟི་ལིང་གྲོང་ཁྱེར་དམར་དམག་སློབ་ཆུང་། ཤིན་ཧྭ་རྫོང་དམར་དམག་སློབ་ཆུང་། སྐྱེ་རྒུ་མདོ་སྐལ་བཟང་མེ་ཏོག་དམར་དམག་སློབ་ཆུང་།
མཚོ་སྔོན་སྐྱེ་རྒུ་མདོ་སྐལ་བཟང་མེ་ཏོག་དམར་དམག་སློབ་ཆུང་ཟེར་བ་དེ་ནི་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་སྐྱེ་རྒུར་ས་ཡོམ་ཆེན་མོ་བྱུང་སྐབས་རྒྱ་ནག་དམར་གཞུང་གིས་བསྐྱར་གསོའི་ལས་གཞི་རྒྱ་ཆེན་སྤེལ་ཡོད་ལུགས་དང་། རྒྱ་ནག་ཡི་ཏུང་ཀང་ཏུང་ཚོང་གཉེར་ཁང(中国移动广东公司)ཞེས་པའི་རོགས་རམ་འོག་སྐྱེ་རྒུ་མདོ་སྐལ་བཟང་མེ་ཏོག་དམར་དམག་སློབ་ཆུང་ཞེས་པ་དེ་བཙུགས་ཡོད་པར་བཤད།
དེ་བཞིན་གཅན་ཚ་རྫོང་མར་ཁུའི་ཐང་གྲོང་རྡལ་གཉིས་པའི་སློབ་ཆུང་ནི་ཕྱི་ལོ་ ༡༩༨༢ ལོར་གསར་འཛུགས་བྱས་ཤིང་། ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ནང་རྒྱ་ནག་རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་ལས་འཛིན་ལྷན་ཚོགས་ཟེར་བ་དེས། རྒྱ་ནག་བཟོ་ཞིང་དམར་དམག་མཚོ་སྔོན་གཅན་ཚ་རྫོང་ཞི་ཀྲུང་ཞུན་མི་རིགས་མཐུན་སྒྲིལ་དམར་དམག་སློབ་ཆུང་ཞེས་པའི་མིང་བཏགས་འདུག ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་༢༩ ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཀྲུའུ་ཀྲན་མིན་ཞེས་པ་དེས། དམར་དམག་སློབ་ཆུང་དེས་ཚད་ལྡན་གྱི་དམར་པོའི་རྒྱུན་འཛིན་པ་སྐྱེད་སྲིང་བྱས་ཏེ། རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོའི་རྨང་གཞི་གཏིང་ནས་སློབ་ཕྲུག་རྣམས་ཆུང་དུས་ནས་བདེ་ཐང་ངང་འཚར་ལོངས་བྱུང་དུ་འཇུག་དགོས་སྐོར་བརྗོད་འདུག
རྒྱ་ནག་ནང་ལོགས་སུའང་ཞི་ཅིན་ཕིང་གི་ཕ་རྒན་ཞི་ཀྲུང་ཞུན་གྱི་མིང་ཅན་སློབ་གྲྭ་གང་འཚམ་ཡོད་འདུག ཀན་སུའུ་ཞིང་ཆེན་ཅིན་ཡང་གྲོང་ཁྱེར་ཧན་རྫོང་དུའང་ཞི་ཀྲུང་ཞིན་དམར་དམག་སློབ་ཆུང་ཟེར་བ་ཞིག་འདུག སློབ་ཆུང་དེ་ནི་ཕྱི་ལོ་ ༡༩༣༦ ལོར་ཞི་ཀྲུང་ཞིན་སོགས་རྒན་རབས་འབྱོར་མེད་བྲལ་རིམ་གྱི་གསར་བརྗེ་བ་ཚོས་ས་གནས་དེར་བཟོ་ཞིང་ལས་དོན་སྒྲུབ་སྐབས་བཙུགས་པའི་སློབ་ཆུང་ཐོག་མ་དེ་ཡིན་སྐོར་བརྗོད་འདུག་ལ། ཕྱི་ལོ་ ༢༠༠༧ ལོར་སློབ་ཆུང་གི་མིང་བསྒྱུར་ནས་ཞི་ཀྲུང་ཞིན་དམར་དམག་སློབ་ཆུང་ཞེས་བཏགས་འདུག།
སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་དུ་ཉུང་མཐར་དམར་སློབ་གྲངས་ ༥ (༢༠༠༧-༢༠༡༩)སྟེ། བཙན་ལྷ་རྫོང་དམར་དམག་སློབ་ཆུང་དང་མཛོད་དགེ་རྫོང་དམར་དམག་སློབ་ཆུང་། འབའ་ཐང་ཧང་ཤིན་ཐིན་དམར་དམག་སློབ་ཆུང་། སྡེ་རོང་རྫོང་ཁྲི་ཐོའུ་གྲོང་ཚོའི་དམར་དམག་སློབ་ཆུང་། གསེར་རྟ་རྫོང་དམར་དམག་སློབ་ཆུང་།
རྒྱ་གཞུང་གིས་གསེར་རྟ་རྫོང་དམར་དམག་སློབ་ཆུང་སྐོར་བཀོད་པའི་ནང་། ཕྱི་ལོ་ ༡༩༣༦ ཟླ་ ༦ པའི་ནང་དམར་དམག་རྒྱང་སྐྱོད་བོད་གསེར་རྟ་རྫོང་དུ་བསླེབས་ཏེ་བོད་རྒྱ་བར་མཛའ་འབྲེལ་ཟབ་མོ་བཙུགས་ཡོད་ཚུལ་བརྗོད་དེ། ཕྱི་ལོ་ ༢༠༡༨ ཟླ་ ༡༡ པའི་ནང་རྒྱ་ནག་རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་ལས་འཛིན་ལྷན་ཚོགས་ཟེར་བས་གསེར་རྟ་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་མིང་གསེར་རྟ་རྫོང་དམར་དམག་སློབ་ཆུང་ཟེར་བར་བསྒྱུར་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཡོངས་སུ་དམར་དམག་སློབ་ཆུང་ ༣༠༠ ཡོད་པའི་ཁྲོད་ཀྱི་གཅིག་དང་། དཀར་མཛེས་ཁུལ་གྱི་དམར་དམག་སློབ་ཆུང་གསུམ་པ་དེ་ཡིན་སྐོར་བརྗོད་འདུག
ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་དབུས་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱ་ནག་དམངས་སྲིད་གྲོས་མོལ་ལྷན་ཁང་གི་རྒྱལ་ཡོངས་ཚོགས་གཙོ་ཟུར་པ་ལི་རེ་ཧེ་ཡིས་སྣེ་འཁྲིད་དེ་དམར་པོའི་མི་རབས་རྒན་པ་ཁག་ཅིག་གིས་ལས་གཞི་དེ་མགོ་འཛུགས་བྱས་ཡོད་པ་དང་། སྲིད་གཞུང་གིས་སློབ་གསོའི་ལས་རིགས་ཁྲོད་ཀྱི་དམར་པོའི་སློབ་གསོའི་མཚོན་རྟགས་ལྟ་བུར་འཛུགས་སྐྲུན་དང་སྐུལ་འདེད་ཤུགས་ཆེན་བྱེད་ཀྱི་འདུག དམར་དམག་སློབ་ཆུང་གསར་འཛུགས་ཀྱི་ལས་གཞི་མགོ་བཙུགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ པའི་ནང་བར་གྱི་ལོ་བཅུའི་ནང་དུ། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༢༩ ནང་གསར་བརྗེའི་ཁུལ་རྙིང་པ་ཞེས་པར་ཁྱོན་དམར་དམག་སློབ་ཆུང་ ༢༣༡ དང་། ཕྱི་ལོ་ ༢༠༢༢ ལོའི་ཟླ ༡༢ བར་དུ་དམར་སློབ་ཁྱོན་ ༤༢༤ ལྷག་བཙུགས་ཟིན་འདུག་ལ། 《ཏང་གི་རྗེས་སུ་འགྲོ་》དང་། 《སྐར་མ་དམར་པོའི་འོད་སྣང་འཚེར་འཚེར》། དམར་དམག་སློབ་ཆུང་གི་གླུ་ཞེས་པ་སོགས་ཀྱི་དམར་གླུ་བླངས་ཏེ། སོ་སོའི་ཐོག་མའི་འབྱུང་ཁུངས་ཤེས་པར་བྱས་ཏེ། དམར་པོའི་སྙིང་སྟོབས་ཟེར་བ་རྒྱུན་འཛིན་དར་སྤེལ་གཏོང་དུ་འཇུག་དགོས་པ་ནི་དམར་སློབ་དེ་དག་གི་ཉིན་རེའི་བྱ་གཞག་དང་ཐོག་མཐའ་བར་གསུམ་གྱི་དམིགས་ཡུལ་ཡིན་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།