རྒྱ་ནག་གཞུང་གིས་བོད་ཁུལ་དུ་འཛུགས་སྐྲུན་བྱས་དང་བྱེད་བཞིན་པའི་ཆུ་གློག་ཁང་ ༡༩༣ ལས་བརྒྱ་ཆ་ ༨༠ ཙམ་ནི་ཆུ་གློག་ཁང་ཆེ་གྲས་དང་ཤུགས་ཚད་ ༡༠༠ (MW) ལས་མཐོ་བ་ཡོད་པས་བོད་ཀྱི་ཤེས་རིག་དང་རང་བྱུང་ཁོར་ཡུག་གི་བརྟན་བརླིང་། གནམ་གཤིས་སོགས་སུ་ཉེན་ཁ་ཚབས་ཆེན་བཟོ་ཡི་ཡོད་འདུག
ཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་དང་རྒྱུག་ཆུ་སོགས་སུ་ཆུ་རགས་དང་གློག་འདོན་ས་ཚིགས་མང་དག་ཅིག་འཛུགས་སྐྲུན་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༠༠ ནས་རྒྱ་ནག་གཞུང་གིས་ཉུང་མཐར་ཡང་བོད་ནང་གི་ས་གནས་ཁག་མི་འདྲ་བ་ ༡༩༣ ཙམ་ལ་ཆུ་གློག་ཁང་གསར་རྒྱག་གིས། བོད་ནང་གི་རང་བྱུང་ཁོར་ཡུག་ལ་འབག་བཙོག་དང་། ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་མི་གྲངས་ཐེར་འབུམ ༡།༨ ཀྱི་འཚོ་གནས་ལ་དོ་ཕོག་འགྲོ་ཉེན་ཡོད་སྐོར་གསལ་འདུག
སྙན་ཐོའི་ནང་། ཆུ་གློག་ཁང་ ༡༩༣ ལས་བརྒྱ་ཆ་ ༨༠ ཙམ་ནི་ཆུ་གློག་ཁང་ཆེ་གྲས་དང་ཤུགས་ཚད་ ༡༠༠ (MW) ལས་མཐོ་བ་ཡིན་སྟབས། བོད་ཀྱི་ཤེས་རིག་དང་། རང་བྱུང་ཁོར་ཡུག་གི་བརྟན་བརླིང་། གནམ་གཤིས་སོགས་སུ་ཉེན་ཁ་ཚབས་ཆེན་བཟོ་མུས་ཡིན་པའི་ཁར། ད་ལྟའང་རྒྱ་ནག་གཞུང་གིས་བོད་ནང་དུ་གསར་རྒྱག་བྱེད་མུས་དང་འཆར་གཞི་ཡོད་པའི་ཆུ་གློག་ཁང་བརྒྱ་ཆ་ ༥༩ ཡོད་པས། དེ་ནི་རྒྱ་ནག་གཞུང་གིས་ཕུགས་འདུན་རིང་པོའི་འཆར་གཞི་ཞིག་ཡིན། ཞེས་དང་། འདས་ལོར་རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱེད་པར་ཁ་གཡར་ཏེ། བོད་སྡེ་དགེ་རྫོང་དབོན་པོ་སྟོད་ཀྱི་དབོན་སྟོད་དགོན་སོགས་བཙན་གྱི་གནས་སྤོར་དང་། གྲོང་ཚོ་བཙན་གྱིས་གནས་སྤོར་བྱས་བཅུག་ཡོད་སྐོར་སོགས་གསལ་འདུག
ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་ཁག་ཏུ་ཆུ་གློག་ཁང་མང་དག་ཅིག་རྒྱག་མུས་ཡིན་པ་དེས། བོད་ཀྱི་རང་བྱུང་ཁམས་ཀྱི་སྣོད་བཅུད་དང་ཆེས་ཕྱུག་པའི་ཤེས་རིག་གི་དཔལ་ཡོན་སོགས་མཚོན་ཐུབ། བོད་ཀྱི་གཙང་པོ་དེ་དག་ནི་རྒྱ་ནག་དང་ལྷོ་ཨ་ཤེ་ཡ། ལྷོ་ཤར་ཨེ་ཤ་ཡའི་མི་གྲངས་ཐེར་འབུམ་ ༡།༨ བར་གྱི་འཚོ་གནས་དང་། འཕྲོད་བསྟེན། དཔལ་འབྱོར་འཛུགས་སྐྲུན་བཅས་དང་འབྲེལམ་ལམ་ཆེ་བས། རྒྱ་ནག་གཞུང་གིས་བོད་ནང་གི་གཙང་ཆུ་ཁག་ལ་ཆུ་གློག་ཁང་དང་ཆུ་རགས་སོགས་གསར་འཛུགས་བྱས་པ་དེས། ཁོང་ཅག་གི་འཚོ་གནས་ལའང་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད། ཅེས་གསལ་འདུག་ལ། ཕྱི་ལོ་ ༢༠༠༠ ནས་ད་བར་རྒྱ་ནག་གཞུང་གིས་འབྲི་ཆུ་དང་། ཡར་ཀླུང་གཙང་པོ། རྨ་ཆུ། རྒྱལ་མོ་རྔུལ་ཆུ། སེངྒེ་གཙང་པོ་བཅས་སུ་ཆུ་གློག་ཁང་གསར་རྒྱག་གི་འཆར་གཞི་སྒྲིག་ཟིན་པའི་བརྒྱ་ཆ་ ༣༨ དང་། འཆར་གཞི་སྒྲིག་བཞིན་པའི་བརྒྱ་ཆ ༤༠། འཛུགས་སྐྲུན་གྱི་ལས་གཞི་སྤེལ་མུས་ཡིན་པའི་བརྒྱ་ཆ ༢༦། བཟོ་སྐྲུན་ཟིན་པའི་བརྒྱ་ཆ་ ༥༤ བཅས་ཡིན་པའི་ཁོངས། ད་བར་བོད་ནང་དུ་ཆུ་རགས་གྲངས་ ༥༤ གསར་རྒྱག་ཟིན་པ་དང་། ༢༦ འཛུགས་སྐྲུན་བྱེད་མུས་ཡིན་འདུག
བོད་ནི་འཛམ་གླིང་གི་གཙང་པོ་ཆེ་ཁག་གི་མགོ་ཁུངས་དང་སྣེ་མོ་གསུམ་པ་རུ་འབོད་ཀྱིན་ཡོད་ཀྱང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་དག་ཅིག་ཏུ་ཆུ་རགས་གསར་རྒྱག་དང་། འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་རྐྱེན། བོད་ནང་དུ་ཚ་དྲོད་འཕེལ་ནས། གངས་རི་དང་འཁྱག་རོམ་མགྱོགས་པོ་ཞུ་ཡི་ཡོད་པ་མ་ཟད། ད་ལྟ་བོད་ནང་དུ་ཚ་ཚད་ལྡབ་འགྱུར་གྱིས་འཕར་གྱིན་ཡོད་སྟབས། བོད་ཀྱི་འཁྱག་རོམ་ཞུ་བ་དང་ཚ་ཚད་འཕར་བ་དེས། འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་ཚད་འཕེལ་ཉེན་ཡོད་པ་མ་ཟད། ལྷག་པར་ཨེ་ཤ་ཡ་དང་ཁྱིམ་མཚེས་རྒྱལ་ཁབ་སོགས་སུའང་ཆུའི་གནོད་འཚེ་ཡོང་ཉེན་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།