མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 ཕྱི་ལོ་ ༢༠༢༤ ལོའི་བཙན་བྱོལ་གྱི་གསར་འགྱུར་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༢༤/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཁང་ནས་ཕྱི་ལོ་ ༢༠༢༤ ལོའི་བཙན་བྱོལ་བོད་མིའི་གནས་ཚུལ་ཆེ་ཁག་བཅུ་ཕྱོགས་བསྡུས་བྱས་པ།

 དགའ་ལྡན་ཁྲི་ཐོག་ ༡༠༥ པ་གསེར་ཁྲིར་མངའ་གསོལ་མཛད།

ཕྱི་ཟླ་ ༡༡ པའི་ཚེས་ ༩ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་དགའ་ལྡན་ཁྲི་ཐོག་ ༡༠༥ པར་བསྐོ་བཞག་ཕྱག་རྟགས་བསྩལ་གནང་མཛད་ཡོད་ཅིང་། ཕྱི་ཚེས་ ༢༥ ཉིན་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་ཤར་རྩེ་ཕུ་ཁང་ཁང་ཚན་དང་དགའ་ལྡན་བླ་སྤྱི་རུ་ཕེབས་བསུ་དང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྟེན་གཙོའི་མདུན་དུ་སྐུ་ཕྱག་དང་ཐུགས་སྨོན་གནང་།  ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་དགའ་ལྡན་ཁྲི་ཐོག་ཁང་དུ་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༥ པར་གསེར་ཁྲི་མངའ་གསོལ་མཛད། སྐབས་དེར་དགའ་ལྡན་བླ་སྤྱི་དང་། གདན་ས་གསུམ་གྱི་གྲྭ་ཚང་ ༦ དང་རྒྱུད་གྲྭ་སྟོད་སྨད་གཉིས།  བཀྲ་ཤིས་ལྷུན་པོ་དགོན་པ། ར་སྟོད་དགོན་སོགས་ཀྱི་མཁན་ལས་ཟུར་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། མོན་གྷོ་འདོད་རྒུ་གླིང་གི་ས་གནས་མགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས། དེ་བཞིན་གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པ་དང་དད་ལྡན་དོན་གཉེར་ཅན་གྱི་མི་མང་བཅས་འཛོམས་ཡོད་འདུག གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་གྲུབ་མཚམས་དགའ་ལྡན་ཁྲི་ཐོག་ ༡༠༥ པ་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ནས་དད་ལྡན་སེར་སྐྱ་མི་མང་ལ་ལམ་རིམ་གྱི་གསུང་ཆོས་བསྩལ་གནང་ཡོད། ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲི་ཟུར་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་གཏན་འབེབས་གནང་།

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༣  ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ངོ་སྤྲོད་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༠ ཉིན་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ་ཡོད་ཅིང་། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཁྲིམས་འཆར་གྱི་བསྐྱར་བཅོས་ཚིག་བརྗོད་ལ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ ༣༩༡ གིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབ་གནང་བ་ལྟར། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་མཆོག་ནས་ཁྲིམས་འཆར་ལ་དངོས་སུ་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་ཆགས་པར་བོད་གཞུང་མང་གཉིས་ནས་དགའ་བསུ་ཞུས།  ཕྱི་ཟླ་ ༦ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡེ་ཀལ་མེ་ཁོལ་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་སྐོར་གྱི་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཇེམ་མེག་གྷོ་ཝུན་མཆོག་སོགས་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་ཕེབས་པར་བོད་གཞུང་མང་གཉིས་ཀྱིས་ཕེབས་བསུ་ཞུས་པ་མ་ཟད། ཕྱི་ཚེས་ ༡༩ ཉིན་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་དང་འབྲེལ་ནས་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་སྤྱན་འབུལ་ཞུས་ཡོད།

བོད་མི་ཚོས་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་བར་ངོ་རྒོལ་བྱས།

ཕྱི་ཟླ་ ༡༢ ཚེས་  ༡༡ ཉིན་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་རྒྱུ་ཡིན་པའི་གནས་ཚུལ་ཐོག་མར་བསྒྲགས་པ་དང་བསྟུན། ཕྱི་ཚེས་ ༡༢ ཉིན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་། བོད་དོན་ལས་འགུལ་བ་སོགས་ཀྱིས། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བལ་ཡུལ་གཞུང་ཚབ་ཁང་དུ་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་བར་བཀག་སྡོམ་བྱེད་དགོས་པ་དང་། རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་བེད་སྤྱོད་བྱས་ཏེ་བོད་མི་རིགས་ཀྱི་ཆིག་སྒྲིལ་རང་བཞིན་ལ་གཏོར་བཤིག་གཏོང་གིན་ཡོད་པ་སོགས་ཀྱི་འབོད་ཚིག་དང་ངོ་རྒོལ་ལས་འགུལ་སྤེལ་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས། རྒྱལ་མཚན་ནོར་བུ་ཆེད་དུ་ལུམ་བི་ནིར་བཏང་བ་ནི་ཡོངས་ཁྱབ་ཐོག་ནང་བསྟན་གྱི་བདག་དབང་གི་གོ་སྐབས་འཛིན་ཐབས་བྱེད་བཞིན་པ་ཞིག་ཡིན་པའི་འགྲེལ་བརྗོད་གནང་ཡོད། བལ་ཡུལ་གཞུང་འབྲེལ་གྱི་ཐོག་ནས་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་གཏན་ཁེལ་ཡོད་མེད་ཀྱི་གསལ་བཤད་གང་ཡང་བྱས་མེད་མོད།  ཕྱི་ཚེས་ ༡༣ ཉིན་བལ་ཡུལ་གྱི་སྲིད་བློན་ཤར་མཱ་གཙོས་ཕྱི་སྲིད་བློན་ཆེན་སོགས་ཀྱིས། རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་གི་ཡོད་པའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པས་བདེན་པ་མིན་པ་དང་། རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་བར་མོས་མཐུན་དང་ངོས་ལེན་མེད་སྐོར་བརྗོད་ཡོད་པ་མ་ཟད། དོན་དངོས་ཐོག་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་མེད། འོན་ཀྱང་། ཕྱི་ཚེས་ ༡༢ ནས་ ༡༥ བར་རྒྱ་ནག་ལྷོ་རྒྱ་མཚོའི་ནང་པའི་ལྷན་ཚོགས་ཞེས་པ་ཞིག་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌིར་ཡོད་པའི་གཡག་དྲེད་གསོལ་མགྲོན་ཁང་དང་གནས་མཆོག་ལུམ་བི་ནི་རུ་བསྡུ་ཡི་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན།

ལྕམ་ནན་སི་པོ་ལོ་སི་མཆོག་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཕུལ།

ཕྱི་ཟླ་ ༡༢ ཚེས་ ༩ ཉིན་ཨ་རིའི་རྒྱལ་ས་ཝང་ཤིན་ཊོན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པའི་མཇུག་སྡོམ་མཛད་སྒོའི་སྟེང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་དང་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་ནན་སི་པོ་ལོ་སི་མཆོག་ནས་བོད་དང་བོད་མིར་རྒྱབ་སྐྱོར་དང་རེ་བའི་འོད་སྣང་བསྐྲུན་པར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཕུལ་ཡོད། འདི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕུལ་བའི་གཟེངས་རྟགས་ཐེངས་བཅུ་དྲུག་པ་དེ་ཡིན་འདུག ༧གོང་ས་མཆོག་གིས་ནམ་རྒྱུན་ལྕམ་ནན་སི་པེ་ལོ་སི་མཆོག་ནི་མཛའ་བརྩེ་ཟབ་པའི་གྲོགས་པོ་ཞིག་དང་འདས་པའི་ལོ་མང་རིང་ལྷག་སེམས་རྣམ་དག་དང་བློ་སེམས་འགྱུར་མེད་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེན་བསྐྱོན་མཁན་ཞིག་ཡིན་ཞེས་གསུངས་ཡོད་པ་ལྟར། ལྕམ་ནན་སི་པེ་ལོ་སི་མཆོག་ནི་ཨ་རིའི་གྲོས་ཚོགས་འཐུས་མིའི་ནང་ནས་བོད་དང་བོད་མིར་དམིགས་བསལ་གྱི་འབྲེལ་ལམ་ཟབ་ཅིང་བོད་དོན་ལ་རྒྱུས་མངའ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ དང་ ༢༠༡༧། དེ་བཞིན་ ༢༠༢༤ ཟླ་ ༦ པ་བཅས་ཀྱི་ནང་ཁོང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་སྣེ་འཁྲིད་དེ། བཞུགས་སྒར་དྷ་ས་ནས་༧གོང་ས་མཆོག་ལ་མཇལ་འཕྲད་དང་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་ཉེ་འཁྲིས་བཙན་བྱོལ་བོད་མིའི་སློབ་གྲྭ་དང་ཚོགས་སྡེ་ཁག་བཅས་མི་མང་གི་བདེ་སྡུག་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་བཞུགས་སྒར་དྷ་སར་ཕེབས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་དངོས་སུ་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་ལ། ཕྱི་ལོ་ ༢༠༡༥ ལོར་ཁོ་མོས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གི་སྣེ་འཁྲིད་ཀྱིས། བོད་ནང་བསྐྱོད་དེ་བོད་ནང་གི་བོད་མིའི་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད་འདུག

༧སྐུའི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཕྱི་ཟླ་ ༩ ཚེས་ ༡༣ ནས་ཉིན་གྲངས་གཉིས་རིང་ཡུ་རོབ་སྦེལ་ཇམ་གྲོང་ཁྱེར་ཧུ་ཡེ་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་སུ། ཡུ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་པ་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཡུ་རོབ་རྒྱལ་ཁབ་ཁག་དགུ་ནས་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ ༢༨ ཀྱི་སྐུ་ཚབ་མི་སྣ་ ༤༤ མཉམ་ཞུགས་གནང་ཡོད་འདུག ཚོགས་ཆེན་ཐོག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་གྲོས་ཆོད་དོན་ཚན་དྲུག་ཅན་ཞིག་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པའི་ནང་།༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་སྒྲིལ་གྱི་མཛད་རྗེས་ལ་ངོས་འཛིན་ཞུ་རྒྱུ་དང་། འགྲོ་བའི་ཕན་བདེར་དམིགས་ཏེ་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་མུ་མཐུད་གནས་དགོས་རྒྱུ། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཇི་བསྐྱངས་ལ་ངོས་འཛིན་རྒྱབ་སྐྱོར་དང་། མགོན་པོ་མཆོག་གི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་གང་ཉིད་མཆོག་དང་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པར་ངོས་འཛིན་ཞུ་རྒྱུ། རྒྱ་ནག་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཞི་དྲག་ཐེ་བྱུས་སྣ་ཚོགས་བྱེད་བཞིན་པར་སྐྱོན་བརྗོད་དང་། ཆོས་ལ་དད་པ་མེད་པའི་རྒྱ་ནག་གཞུང་ལ་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་དབང་ཚད་མེད་པ་གསལ་སྟོན་བྱ་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་ནས་འབྱུང་འགྱུར་རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་༸གོང་ས་མཆོག་གི་ཡང་སྲིད་ཡིན་ཟེར་བར་ངོས་འཛིན་གནང་སྐྱོང་མི་ཡོང་བའི་འབོད་སྐུལ་ཞུ་རྒྱུ།  རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པར་སྐྱོན་བརྗོད་དང་། དེ་ལྟ་བུའི་བྱ་སྤྱོད་རྣམས་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་སྐུལ་བྱ་རྒྱུ་བཅས་གསལ་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁག་ཅིག་བསྐྱར་བཅོས་གནང་།

ཕྱི་ཟླ་ ༩ ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་མཐའ་མའི་ཉིན། འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་ཁུར་འོང་བའི་ཁྲིམས་ཞིབ་པ་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་བསྐྱར་བཅོས་གཉིས་ཏེ། ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་བཞི་བཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཞེས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་ལས་རྒྱུན་ལོ་ལྔའམ་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ། འོན་ཀྱང་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་བརྒལ་བར་ཁྲིམས་ཞིབ་པ་ཆེ་བར་འོས་འདེམས་བྱུང་ན་དགག་བྱ་མེད། ཅེས་པར་སྤྱི་འཐུས་ ༣༥ ཡི་ཚད་མཐོའི་རྒྱབ་སྐྱོར་ཐོག་མང་མོས་ཀྱིས་གཏན་འབེབས་གནང་ཡོད། དེ་བཞིན་འདི་ལོའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཧྲིལ་བོར་གངས་སྐྱིད་ལག་རྩེད་སྤོ་ལོ་རྩེད་ཐང་དུ། འཛམ་གླིང་ས་ཕྱོགས་ཁག་མི་འདྲ་བ་ ༢༨ ནས་ཕེབས་པའི་གཞི་རིམ་མི་མང་གཅིག་སྟོང་ཙམ་གྱིས། བཙན་བྱོལ་བོད་མིའི་དམངས་གཙོ་སྲ་བརྟན་ལ་དམིགས་ཏེ། བཅའ་ཁྲིམས་བསྐྱར་བཅོས་བྱས་ཏེ་ཁྲིམས་ཞིབ་པ་འཕྲལ་དུ་བསྐོ་གཞག་ཡོང་ཐབས་སུ་ཞི་འབོད་ལས་འགུལ་སྤེལ། གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཞི་བར། སྤྱི་འཐུས་ཉེར་གསུམ་གྱིས་ཆ་ཤས་བླངས་པ་དང་སྤྱི་འཐུས་ཉེར་གཉིས་ཀྱིས་ཆ་ཤས་བླངས་མེད་སྟབས་གྲུབ་ཆ་མ་ཚང་བའི་དབང་གིས་ཕྱི་ཚེས་ ༡༧ བར་ཉིན་གཅིག་དང་ཕྱེད་ཀའི་རིང་གྲོས་ཚོགས་འཚོགས་ཐུབ་མེད་པ་རེད། དེ་བཞིན། འདི་ལོའི་ཕྱི་ཟླ་ ༣ པའི་སྔོན་རྩིས་གྲོས་ཚོགས་སྐབས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམས་ནས་དམ་འབུལ་ཞུ་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་ ༨ གཏན་འབེབ་གནང་ཡོད།

བོད་པའི་སློབ་གྲྭ་ཁག་ནས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཨང་དང་པོ་བླངས།

ཕྱི་ལོ་ ༢༠༢༤ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ ༡༣ ནས་སློབ་ཕྲུག་ཁྱོན་གྲངས་ ༩༦༢ མཉམ་ཞུགས་གནང་སྟེ་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ ཡིན་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༩་༦༩ དང་། ཆ་སྙོམས་བརྒྱ་ཆ་ ༧༥་༠༡ ཐོབ་ཡོད་པ་དང་།  རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་བོད་མིའི་སློབ་གྲྭ་ ༢༣ ནས་སློབ་ཕྲུག་ཁྱོན་ ༡༠༠༧ གྱིས་མཉམ་ཞུགས་བྱས་ཏེ། སློབ་གྲྭ་ ༡༣ གིས་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ བླངས་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧་༡༢ དང་། ཆ་སྙོམས་བརྒྱ་ཆ ༦༣་༣༠ གྲུབ་འབྲས་ཐོབ་འདུག  བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་སི་ལ་ཀུ་བོད་ཁྱིམ་གྱིས་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༨༠།༧ བླངས་ཏེ་བོད་ཁྱིམ་སློབ་གྲྭ་ཁག་གི་ཁྲོད་ནས་ཨང་དང་པོ་དང་། གྷོ་པལ་པོར་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༧༥ བླངས་ཏེ་ཨང་གཉིས་པ། དྷ་སྟེང་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༧༡།༦ བླངས་ཏེ་ཨང་གསུམ་པ་བཅས་ཆགས་ཡོད། དེ་བཞིན་བོད་ཁྱིམ་གྱི་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད། སི་ལ་ཀུ་བོད་ཁྱིམ་གྱིས་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༧༨།༦ བླངས་ནས་ཨང་དང་པོ་དང་། ཅོན་ཏ་ར་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༦༤།༢ བླངས་ནས་ཨང་གཉིས་པ། དྷ་སྟེང་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༦༢།༨ བླངས་ནས་ཨང་གསུམ་པ་སོ་སོར་ཆགས་ཡོད། འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གིས་ཆ་སྙོམས་བརྒྱ་ཆ་ ༩༩།༢༣ བླངས་ཏེ། རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ལ་ཞུགས་མཁན་སློབ་གྲྭ་ཡོངས་ཀྱི་ནང་ནས་ཨང་དང་པོ་བླངས་ཡོད་ཅིང་། རྒྱ་གར་གྱི་ (JNVs) སློབ་གྲྭ་ཁག་གིས་བརྒྱ་ཆ་ ༩༨།༩༠ བླངས་པ་དང་། རྒྱ་གར་གྱི་ (KVs) སློབ་གྲྭ་ཁག་གིས་བརྒྱ་ཆ་ ༩༨།༨༡ བཅས་བླངས་ཡོད་འདུག

ཕྱི་ལོ་ ༢༠༢༤ ལོའི་དམངས་གཙོའི་གཟེངས་རྟགས་དེ་སྲིད་སྐྱོང་མཆོག་ལ་ཕུལ།

ཕྱི་ཟླ་ ༦ ཚེས་ ༡༤ ཉིན་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་ (National Endowment for Democracy) གིས་ཕྱི་ལོ་ ༢༠༢༤ ལོའི་དམངས་གཙོའི་གཟེངས་རྟགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་དབུ་འཁྲིད་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག བཙོན་ཁང་དུ་ཡོད་པའི་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཀཱ་རཱ་ (Vladimir Kara-Murza)། བྷེ་ལེ་རེ་སིའི་མགོ་ཁྲིད་ (Sviatlana Tsikhanouskaya) ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་གྱིས་བོད་ཕྲུག་རྣམས་ལ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པའི་གནས་ཚུལ་མཁོ་སྒྲུབ་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་དང་། ཡུ་ཁེ་རིན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་(Regional Center for Human Rights)། སུ་ཌན་གྱི་གཞོན་སྐྱེས་མགོ་ཁྲིད་རྣམས་ལ་དམངས་གཙོ་དང་ཞི་བདེ་གོང་མཐོར་གཏོང་མཁན་གྱི་ཝའེ་ཚོགས་པ་ (Waey Organization) བཅས་ཚོགས་པ་གསུམ་དང་མི་སྒར་གཉིས་བཅས་ལ་ཕུལ་སོང་། ཕྱི་ལོ་ ༡༩༨༣ ལོར་ཨ་རིའི་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་གསར་འཛུགས་གནང་སྟེ། ལྟེ་གནས་ཁང་དེ་ནི་རྒྱལ་སྤྱིའི་ཐོག་དམངས་གཙོ་གོང་འཕེལ་གཏོང་ཐབས་སུ་དམིགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན། ད་ལྟའི་ཆར་ཚོགས་པ་དེས་རྒྱལ་སྤྱིའི་ནང་གི་དམངས་གཙོ་དང་འབྲེལ་བའི་ཚོགས་པ་དང་ཤེས་ཡོན་ལྟེ་གནས་ཁང་སོགས་ལ་དཔལ་འབྱོར་རོགས་རམ་གནང་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༣ ལོ་ནས་བཟུང་རྒྱལ་སྤྱིའི་ཐོག་དམངས་གཙོ་གོང་འཕེལ་ཐད་ལས་དོན་གཉེར་མཁན་གྱི་ཚོགས་སྒེར་ཁག་ལ་དམངས་གཙོའི་གཟེངས་རྟགས་ཕུལ་མགོ་བཙུགས་ཏེ། ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམངས་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་བདེ་སྡུག་སོགས་ཀྱི་གནས་སྟངས་གོང་མཐོར་གནང་བའི་མཛད་རྗེས་ལ་ངོས་འཛིན་གྱིས་གཟེངས་རྟགས་དེ་ཕུལ་མྱོང་འདུག

མོན་གྷོ་རུ་ཁག་ལ་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་།

ཕྱི་ཟླ་ ༥ ཚེས་ ༡༥ ནས་ཉིན་གྲངས་བཅོ་ལྔ་རིང་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་དུ། ཕྱི་ལོ་ ༢༠༢༤ ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་འཚོགས་ཡོད་ཅིང་། ཐེངས་འདིའི་རྩེད་འགྲན་ནང་རྒྱ་གར་གྱི་ས་གནས་ཁག་མི་འདྲ་བ་ནས་རུ་ཁག་ ༡༤ དང་། ཨོ་གླིང་ནས་རུ་ཁག་གཅིག དེ་བཞིན་བལ་ཡུལ་ནས་རུ་ཁག་གཅིག་བཅས་ཁྱོན་རྐང་སྤོལ་རུ་ཁག་ ༡༦ ནས་མཉམ་ཞུགས་གནང་བའི་མཐར།  ཕྱི་ཟླ་ ༥ ཚེས་ ༣༠ ཉིན་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་། གྷོ་ལ་ཐ་ལ་རུ་ཁག་གཉིས་བར་རྟིང་རྩོད་འགྲན་བསྡུར་བྱས་པའི་ཁྲོད་མོན་གྷོ་རུ་ཁག་གིས་སྤོ་ལོ་གསུམ་བླུགས་ནས་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གྱི་གསེར་གྱི་རྟགས་མ་བཀྱགས་ཡོད། འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གོ་རིམ་ཁྲོད་གྷོ་ལ་ཐ་ལ་རུ་ཁག་གི་རུ་དཔོན་བསྟན་འཛིན་རྣམ་རྒྱལ་ལགས་སུ་སྤོ་ལོ་མང་ཤོས་བླུག་མཁན་གྱི་བྱ་དགའ་དང་། བསྟན་འཛིན་ཆོས་རབ་ལགས་སུ་སྒོ་ར་བ་ཡག་ཤོས། མོན་གྷོ་རུ་ཁག་གི་རྩེད་འགྲན་པ་ཉི་མ་དོན་འགྲུབ་ལགས་སུ་རྩེད་འགྲན་པ་ལེགས་ཤོས། བོད་ཁྱིམ་རུ་ཁག་གི་བསྟན་འཛིན་ཚེ་རིང་དོན་འགྲུབ་རྩེད་འགྲན་པ་ལོ་ཆུང་ཤོས་དང་། དེ་བཞིན་ཀོ་ལི་གྷལ་རུ་ཁག་ལ་བཟང་སྤྱོད་ཡག་ཤོས་ཀྱི་རུ་ཁག་བཅས་ཀྱི་བྱ་དགའ་ཐོབ་ཡོད། ད་བར་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༢༩ ལ་རྩེད་འགྲན་བྱས་པའི་ཁྲོད། ཕྱི་ལོ་ ༢༠༡༥ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་། ༢༠༡༦ ལོར་ཊི་ཌི་ཨེལ་སྦེལ་ཀོབ་རུ་ཁག ༢༠༡༧ ལོར་བཀྲིས་གླིང་ཧི་མ་ལ་ཡ་རུ་ཁག ༢༠༡༨ དང་ ༢༠༡༩ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག ༢༠༢༡ ལོར་སིམ་ལ་རུ་ཁག ༢༠༢༢ ལོར་དོན་གྲུབ་གླིང་རུ་ཁག ༢༠༢༣ ལོར་དྷ་ས་གཅིག་སྒྲིལ་རུ་ཁག་བཅས་ལ་རྒྱལ་ཁ་ཐོབ་ཡོད། དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡༦ ནས་ ༢༩ བར་ཉིན་གྲངས་བཅུ་བཞིའི་རིང་ལྡེ་ར་རྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ། ཨ་ཕ་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་འཚོགས་ཡོད་ཅིང་། རྩེད་འགྲན་ནང་རྒྱ་གར་དང་བལ་ཡུལ་ཡིན་པའི་དགུང་ལོ་ ༤༠ བརྒལ་བ་ཁྱོན་རུ་ཁག་ ༡༤  ཡིས་རྕེད་འགྲན་བྱས་ཏེ།  ཉིན་མཐའ་མར་བལ་ཡུལ་སྤྲོ་སྐྱིད་རུ་ཁག་དང་ཨོ་ཌི་ཤ་པོ་ཏཱ་ལ་རུ་ཁག་གཉིས་བར་མཐའ་མའི་རྟིང་རྩོད་འགྲན་སྡུར་བྱས་པའི་ཁྲོད། ཨོ་ཌི་ཤ་པོ་ཏཱ་ལ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་འདི་ལོའི་ཨ་ཕ་གསེར་གྱི་བུམ་པ་བཀྱགས་ཡོད།

རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་གནང་།

ཕྱི་ཟླ་ ༡༢ ཚེས་ ༡༦ ནས་ ༡༨ བཅས་ཉིན་གྲངས་བཞིའི་རིང་རྒྱ་གར་དགུན་དུས་གྲོས་ཚོགས་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་རྣམ་གཉིས་ཀྱིས་དབུས་སྤྱི་འཐུས་ཁྱོན་གྲངས་ ༢༩ ཡིས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཡོད་ཅིང་།  ཕྱི་ཚེས་ ༡༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་རོ་ཡཱལ་གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བྷར་ཏུར་ཧ་རི་མཱེ་ཏཱ་བ་ (Bhartruhari Mahtab) ལགས་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཐེ་པིར་གྷའོ་ (Tapir Gao) ལགས་རྣམ་གཉིས་གཙོས་པའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༢༥ ལྷག་དང། བོད་མི་མང་སྤྱི་འཐུས་རྣམ་པ་ལྷན་འཛོམས་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་དོན་ཚན་བཅུ་གཉིས་ཅན་གྱི་གྲོས་ཆོད་གཏན་འབེབས་གནང་། གྲོས་ཆོད་ནང་རྒྱ་གར་སྲིད་དོན་ཚོགས་པ་ཁག་ལ་བོད་དོན་ཞུ་སྐུལ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུ། ལོ་རྒྱུས་ཐོག་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ཁར་ད་ལྟའི་ཆར་རྒྱ་གཞུང་གི་དབང་བསྒྱུར་བཙན་བཟུང་འོག་ཡོད་པར་ངོས་འཛིན་བྱ་རྒྱུ། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་གི་སྐུ་ཚབ་བམ་དམངས་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་རྣམས་དང་ལྷན་གྲོས་མོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་སྐུལ་འདེད་བྱ་རྒྱུ། རྒྱ་གཞུང་གིས་བོད་ནང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་བཏང་སྟེ་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་འགྲོ་བཞིན་པར་རྒྱལ་ཚོགས་ཀྱིས་ཞིབ་འཇུག་གནང་རྒྱུར་འབོད་སྐུལ།  ༧པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གི་དབུས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས། བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བའི་སྲིད་ཇུས་མཚམས་འཇོག་དགོས་པ་སོགས་གསལ་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༢ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༩ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese