གངས་དཀར་ལྷ་མོ།
འཛམ་གླིང་འདིའི་ཐོག་ན་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་། བཙན་ཤུགས་ཆེ་བ། ཡུལ་འདིའི་སྲིད་དབང་འཛིན་པ་དག་ནི་རྒྱལ་ཁབ་ཀུན་གྱི་གཙུག་ཏུ་འགྱིང་བ། གཞན་ཡང་གོ་སྐབས་ཅན་གྱི་ལུང་པ་ཞེས་ཡོངས་སུ་གྲགས་པ་འདི་ནའང་། དྲང་ཚུགས་མེད་པའི་ཁྲིམས་ཀྱང་འདུག་པ་སྟེ། ངའི་མགོ་ཐོག་ཏུ་དངོས་སུ་བྱུང་བའི་གནས་ཚུལ་དེ་བསམ་ཐེངས་རེར་སེམས་གྲང་སྟོང་སྟོང་དུ་འགྱུར་ཞིང་། ཤུགས་རིང་ནར་ནར། གཉིད་དང་བྲལ་བའི་མཚན་མོ་འགྲེ་ལྡོག་རྒྱག་གིན་དྲི་རྟགས་མང་བོ་ཞིག་སླེབས་ཡོང་བས། རང་སེམས་རང་གིས་མ་མནན་ན་ཧ་ལམ་སྙིང་གཅོང་བཟོ་བར་བསམ་ནས་རྗེ་བཙུན་མི་ལའི་མགུར་ལ་ཉན་པ་སོགས་ཀྱི་གནས་ཚུལ་འདི། ང་དང་ང་ལྟ་བུ་རྣམས་ཀྱི་འཚོ་བའི་ནང་དུ་དགོས་མཁོ་ཡོད་པར་མཐོང་ནས་ཟིན་ཐོར་བཀོད་པ་ཡིན། ༡༩༩༩ ལོ་ནས་བཟུང་ནེའུ་ཡོག་ཏུ་ཡུན་རིང་གནས་བཅས་ཤིང་། རང་ཉིད་དབང་པོ་ཡར་དར་ལ་སོང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་ལས་ཧུར་ཐག་འབད་ཐག་བརྒྱབ་ཏེ། ༢༠༠༥ ལོར་ཉི་ཤར་གླིང་དུ་ཁང་མིག་གཅིག་ཅན་ཞིག་ཉོས། ཨ་རིར་ཁང་པ་ཡོད་ན་འཚོ་བ་དྲག་པའི་གྲས་སུ་ཚུད། ཁོར་ཡུག་བཟང་བ་དང་། འགྲོ་སྟབས་བདེ་པོ། ས་ཆ་སྐྱིད་པོ། ལྷག་པར་ངའི་གྲོགས་མོ་ཡག་ཤོས་རྣམས་ཀྱང་ཉེ་ཁུལ་དེར་ཡོད་པས་གཏན་དུ་སྡོད་སའི་རང་ཡུལ་ཡིན་སྣང་ཤར་མྱོང་།
༢༠༡༢ ལོ་དཀྱིལ་དུ་ངའི་ལས་གནས་སྦོ་སེ་ཊོན་དུ་སྐྱེས་སྤོ་བྱེད་དགོས་བྱུང་། སྐབས་རེ་ནེའུ་ཡོག་ཏུ་འགྲོ་སྐབས་དང་། སྐབས་ལ་ལར་ངའི་བཟའ་ཟླའི་སྨན་བཅོས་སོགས་ཀྱི་ཆེད་དུ་འདུག་ས་བྱས། ཐོག་མར་སྦོ་སེ་ཊོན་དུ་འབྱོར་སྐབས་བོད་པ་ངོ་ཤེས་གསར་པ་འགའ་དང་འཕྲད། ཁོང་ཚོས་བཅོས་མིན་གྱི་འབྱོར་བ་ལེགས་པའི་བསུ་བ་ཟབ་རྒྱས་ཐོབ། དེ་ནས་རིམ་གྱིས་ཁོང་ཚོ་ནེའུ་ཡོག་ཏུ་འགྲོ་སྐབས་གནས་ཚང་གཡར་རོགས་ཟེར། སྐལ་བཟང་ལགས། ལྡེའུ་མིག་ཞིག་གཡོར་དང་། ཞེས་དེ་ལྟར་གཅིག་ལ་གཅིག་བརྒྱུད་ཀྱིས་མི་རྒྱུས་མེད་ཚོ་ལའང་གནས་ཚང་གཡར་དགོས་ཁེལ། ཁང་བརྩེགས་དེའི་ཁྲིམས་སྲོལ་ནི་མི་གཉིས་ལས་མང་བ་འདུག་མི་ཆོག་ཀྱང་སྐབས་རེར་མི་བཅོ་ལྔ་ཙམ་བསྡད་པ་ཤེས། འོན་ཀྱང་། རོགས་པ་ཚོར་ཐད་ཀར་མིན་ལབ་སྟངས་མ་ཤེས་སྟབས། ཐབས་གཞན་ཞིག་རྙེད་པ་ནི་གཞན་ལ་ཁང་གླ་གཏོང་རྒྱུ་དེ་ཡིན། ལོ་ཤས་རིང་ཁང་གླ་བསྡུས་ཤིང་། ལག་པར་དངུལ་དམར་འབེལ་འབེལ་ལྷུག་ལྷུག་བྱུང་། ལོ་གཉིས་ཀྱི་དུས་བཀག་གཙང་རྗེས་མོ་ཡན་དེ་མངའ་སྡེ་གཞན་དུ་སྤོས། སླར་མ་རི་ཡན་ཟེར་བའི་མོ་ཡན་གཞན་མ་བུ་གཅིག་ཅན་ཞིག་ལ་ལོ་གཉིས་ཀྱི་དུས་བཀག་བཟོས་ནས་གཡར། ལོ་གཅིག་དང་ཕྱེད་ཀ་སོང་མཚམས་མ་རི་ཡན་གྱིས་དགའ་རོགས་ཤིག་དང་འཕྲད་སོང་བས། ཁོ་པ་དང་མཉམ་དུ་ས་གཞན་ལ་སྤོ་རྩིས་ཡིན་ཟེར། ད་དུང་ཟླ་བ་དྲུག་གི་གན་རྒྱ་ཡོད་སྟབས། མོ་རང་གི་ཨ་མ་ནུ་སྐྲན་གྱིས་མནར་བས་གནས་སྐབས་སྡོད་བཅུག་རོགས་ཟེར་ནས་མཁས་མཁས་སྙན་སྙན་གྱིས་བཤད། མ་རི་ཡན་དང་ཁོ་མོའི་ཨ་མར། འཕྲེད་ལམ་༤༣དང་སྲང་ལམ་༤༧ ཐོག་རང་བདག་ཡིན་པའི་སྐྲ་ཁང་ཞིག་ཡོད། ས་ཁུལ་དེ་རང་གི་མི་ཡིན་པས་ངས་ཡིད་ཆེས་བྱས་ཏེ་ཁས་བླངས་མོད། རྗེས་སུ་ཤེས་དུས་ཁང་པའི་ནང་སྡོད་མཁན་དེ་མ་རི་ཡན་གྱི་ཨ་མ་མ་ཡིན་པར་ངོ་ཤེས་སྐྱེ་དམན་གཞན་ཞིག་རེད་འདུག ཁོ་མོས་དེ་དྲའི་མགོ་སྐོར་བཏང་ཡོང་བསམ་པ་སྣང་བའི་ཡུལ་དུ་ག་ལ་འཆར། ཟླ་དྲུག་གི་རྗེས་སུ་སྐྱེ་དམན་དེས་ཁ་པར་སླེབས་ནས་ཁོ་མོར་གཞུང་ཁང་སྐྱོབ་གསོ་རག་སོང་བས་སྤོ་ཡི་ཡིན་ཟེར།
༢༠༢༣ ལོའི་ཟླ་༣ ཚེས་ ༥ ཉིན་ལྡེའུ་མིག་རྩིས་སྤྲོད་རྩིས་ལེན་བྱ་རྒྱུ་བྱས་རུང་། ང་ཉིན་དེར་ལས་དོན་ཞིག་གིས་ནེའུ་ཡོག་ཏུ་འགྲོ་མ་ཐུབ་སྟབས། ལྡེའུ་མིག་དེ་ཁང་པའི་བདག་ཉེར་ཇུའུ་ལེ་ཡན་གྱི་ལག་ཏུ་བཞག་རོགས་ལབ་པ་ཡིན། བཤད་པ་ལྟར་བཞག་འདུག ཕྱི་ཟླ་༣ ཚེས་༩ ཉིན་གྱི་དགོང་མོར་ང་ནེའུ་ཡོག་ཏུ་སོང་ནས། ཁང་ཚོང་བར་སྟོན་རྒྱུ་བྱས་པ་ལྟར་ལྡེའུ་མིག་བླངས་ནས་སྒོ་ཕྱེ་སྐབས་ཅ་ལག་ཐར་ཐོར་འདྲ་མ་གཏོགས་སྟོང་པ་རེད་འདུག ནང་གི་ཆ་སྒམ་གྱི་ཤེལ་སྒོ་གས་ཆག་ཏུ་བཏང་འདུག་ལ། གྱང་ལྡེབ་ལ་གཟེར་བརྒྱབ་ཤུལ་གྱིས་ཚོམས་ཁང་ནི་གནའ་ཤུལ་གྱི་གྱང་རོ་བཞིན་དུ་སོང་འདུག གསང་སྤྱོད་དང་ཐབ་ཚང་ནི་དྲི་ངན་གྱིས་ཁེངས་ཤིང་། མི་བསྡད་པའི་ཤུལ་འདྲ་པོ་ཡང་མི་འདུག
ཚེས་༡༠ ཉིན་གྱི་ཞོགས་པ་སྔ་པོར་ཁང་ཚོང་བ་གཞན་ཞིག་ལ་སྟོན་རྒྱུ་བྱས་པ་ལྟར་སོང་སྐབས། ཁང་པའི་སྒོ་གཏན་ནས་ཕྱེ་ཐུབ་ཀྱི་མི་འདུག གཡས་གཡོན་གྲོང་པ་ཁྱིམ་མཚེས་ཚོས་རོགས་པ་བྱས་ཏེ་སྒོ་འབྱེད་ཐབས་བྱས་ཀྱང་ཕྱེ་མ་ཐུབ། མདང་ནུབ་ཕྱེ་ཐུབ་པར་དེ་རིང་མི་ཕྱེ་བ་གང་ཡིན་ནམ་བསམ་པའི་ཡ་མཚན་སྐྱེས། དེ་འདྲ་ཞིག་ལ་གློ་བུར་དུ་ནེའུ་ཡོག་གི་ཉེན་རྟོག་པ་དར་མ་བཞི་ལྔ་ཙམ་རྡིག་སྒྲ་དང་བཅས་འབྱོར། སྐད་ཤུགས་མཐོན་པོས་ང་ལ་འདྲི་བརྩད་བྱས། ངས་ང་ཁང་བདག་ཡིན། མདང་དགོང་སྒོ་ཕྱེ་ཡང་། དེ་རིང་སྒོ་ཕྱེ་ཐུབ་ཀྱི་མི་འདུག ཁང་པ་འདི་ཁྲོམ་རར་འཇོག་དགོས་བསམ་ནས་ཁང་ཚོང་བར་སྟོན་རྒྱུའི་ཁ་ཆད་ལྟར་ཡོང་བ་ཡིན་ཞེས་གསལ་བཤད་བྱས། ཉེན་རྟོག་པ་སླེབས་མ་ཐག་ཁང་པའི་སྒོ་བཙིར་སྒྲ་དང་བཅས་ཕྱེ་སོང་།
བསམ་ཡུལ་ལས་འདས་པ་ཞིག་ལ་ངའི་ཁང་པའི་ནང་ནས་མི་འཇིགས་སུ་རུང་བ། ཤ་མདོག་ངན་པ། གཟུགས་པོ་ཕི་ཊི་དྲུག་ལྷག་ཡོད་པ། སྤྱི་གཙུག་གི་སྐྲ་རྣམས་བུད་དེ་འོད་འཚེར་བ། ལྟག་རྒྱབ་ཀྱི་སྐྲ་རིང་པོ་རྐང་ཁ་ཤས་དེ་བསིལ་བུར་མཇིང་པའི་བར་གློད་པ། བལྟས་ཚོད་ལ་ལོ་བཞི་བཅུ་ལྔ་བཅུ་བྱས་པ་ཞིག་གིས་མགོ་མྱུག་ཙམ་བྱས་ནས། སྐད་གདངས་དམའ་པོས། ཁོ་པས་ང་ལ་སྡང་མིག་བལྟ་བཞིན་དུ། ཁང་པ་འདིར་ང་སྡོད་ཀྱི་ཡོད། མོས་འདིར་བཙན་འཛུལ་བྱེད་ཀྱི་འདུག་ཅེས་ཁོང་ཁྲོ་དང་འཚབ་འཚུབ་ཀྱིས་སྨྲེ་སྐད་དང་བཅས་ཉེན་རྟོག་པར་བཤད་སོང།
ང་ནི་རང་གི་མིག་ལ་རང་གིས་ཡིད་མ་ཆེས་པར་ཡུད་ཙམ་རིང་གང་ཤོད་འདི་ཤོད་མེད་པར་གྱུར། ཁོ་ལ་ཁང་པའི་ལྡེའུ་མིག་དང་། དེ་མིན་ཁང་པ་འདིའི་ཁ་བྱང་འཁོད་པའི་ཡིག་སྐོགས་ཤིག་ཀྱང་སྟོན་གྱི་འདུག འདི་ངའི་ཁང་པ་ཡིན། མི་དེ་ངས་གཏན་ནས་ངོ་ཤེས་ཀྱི་མེད། ཅེས་ཉེན་རྟོག་པར་སླར་ཡང་བཤད། ཉེན་རྟོག་པས་སྐད་ཤུགས་ཆེན་པོས། ཁང་པ་རང་གི་ཡིན་པའི་དཔང་རྟགས་ཁུངས་སྐྱེལ་ཁྱེར་ཤོག་ཟེར། སྟབས་ལེགས་ནས་ལག་ཐོགས་ཁ་པར་ནང་ཟླ་རེའི་ཁང་པའི་སོང་འཛིན་རྣམས་ཡོད་པ་རྣམས་བསྟན་པ་ཡིན། ཉེན་རྟོག་པ་རྒན་པ་དེས་ཁ་གཉེར་གཉེར་བྱས་ནས། འདིས་ཁང་པ་རང་གི་ཡིན་པ་ཁུངས་སྐྱེལ་ར་སྤྲོད་མི་ཐུབ། ད་ཁྱེད་རང་འདི་ནས་དེ་མ་ཐག་ཁ་མ་བྲལ་ན་བཙོན་ཁང་ལ་འཇུག་གི་ཡིན་ཟེར། གནད་དོན་འདི་ད་དུང་གསེད་བཀྲོལ་བྱས་ཀྱང་ཕན་ཐོགས་མི་ཡོང་བ་ཤེས་ཀྱང་། དྲི་བ་ཞིག་བཏང་ན་བསམ་ནས། སྐུ་ཞབས་ཉེན་རྟོག་པ་ལགས། བཀའ་འདྲི་ཞུ་རྒྱུར། ཁོ་པར་ཁ་བྱང་ཡོད་པའི་ཡིག་སྐོགས་དང་ལྡེའུ་མིག་ཡོད་པ་དེས་ཁོ་འདིར་སྡོད་ཀྱི་ཡོད་པའི་དཔང་པོ་ཡིན་ན། ང་ལ་ཡང་ལྡེའུ་མིག་དང་ཁང་པའི་སོང་འཛིན་བསྟན་རྒྱུ་ཡོད་པས་ང་ལ་བདེན་པ་མེད་པ་གང་ཡིན་ནམ་ཞེས་དྲིས་པས། ཉེན་རྟོག་པ་རྒན་པ་དེར་ཅི་ཤོད་འདི་ཤོད་མེད་ཀྱང་། ཉེན་རྟོག་པ་རྒྱ་མི་ཞིག་འདུག ཁོ་པས་ནང་ལ་ཐད་ཀར་འཛུལ་ཏེ། འཇོན་མདོག་གིས་བཙན་འཛུལ་བ་དེར། རང་ལ་གང་ཡང་བྱས་མ་སོང་ང། ཞེས་སེམས་གསོ་བཏང་ཞིང་། ང་ལ་རང་སྒོ་འདིའི་ཐེམ་པ་བརྒལ་ཆོག་གི་མ་རེད་ཅེས་རྫིག་རྫིག་བསྐུལ། ང་རྒྱ་མི་རེད་བསམ་ནས་ཁོ་པ་རྒྱ་མི་མིན་མདོག་མདོག་བྱས། ཡིན་རུང་ཁོ་པའི་གདོང་རིས་ནས་སུས་ཀྱང་རྒྱ་མི་ཡིན་པ་ཤེས་ཐུབ། གང་ལྟར་ཁང་པའི་བདག་པོ་ཕྱིར་ཕུད་པའི་ཐོག་ལ་ད་དུང་བཙོན་ཁང་དུ་འཇུག་རྒྱུའི་བྱེད་སྟངས་དེར། ཧ་ལས་པ་དང་། འཇིགས་སྣང་སྐྱེ་བའི་ནེའུ་ཡོག་གི་ཉེན་རྟོག་པའི་ཁྲིམས་ལུགས་དེ་མཐོང་སྐབས་རེ་ཞིག་སྨྲ་བའང་མེད་པར་གྱུར། ཉེན་རྟོག་པ་མི་དཀར་པོ་ལོ་ན་གཞོན་པ་ཞིག་གིས་ཟུར་ནས། ངས་ཁྱོད་ལ་ཁྲིམས་མཐུན་བསླབ་བྱ་བྱས་ཆོག ཁོ་པ་ཧ་ལམ་འདིར་ཟླ་བ་གཅིག་ལས་མང་བ་སོང་འདུག་པས་ཁོ་པ་མོ་ཡན་ཆགས་ཚར་པ་རེད། ད་ཐབས་ཡག་ཤོས་ནི་ཁང་བདག་དང་མོ་ཡན་གྱི་ཁྲིམས་ཁང་ལ་ཁྲིམས་གཏུགས་གྱིས། གཅིག་བྱས་ན་རང་གི་གྱོང་གུན་ཁ་གསབ་གནང་གི་རེད་ཟེར། ཁྱད་མཚར། སོ་སོའི་ཁང་པར་རང་གིས་བཙན་འཛུལ་བྱས་པའི་ཉེས་ཁག་བཙུགས་ཏེ་ཁྲིམས་གཏུགས་བྱེད་དགོས་པ་དེ་མི་ཚེའི་ནང་ཐོག་མར་མཐོང་ཐོས་བྱུང་བས་ང་ཧ་ལས་ཧོན་འཐོར་ཞིང་། སེམས་པ་རབ་ཏུ་ཕམ། བསམ་བློའི་ནང་རྣམ་རྟོག་འདྲ་མིན་སྣ་ཚོགས་འཆར་ཞིང་། རེ་ཞིག་རི་མོར་བཀོད་པའི་གཟུགས་བརྙན་བཞིན་དུ་གྱུར།
དེ་ནས་ཕྱིར་སྤོས་ཟིན་མ་ཐག་པའི་མོ་ཡན་དེར་ཁ་པར་བཏང་བས། མོས་དེ་འདྲ་མི་སྲིད་ཟེར། ཡེ་ཤུའི་ལྷ་ཁང་གི་མི་འགའ་ཁྲིད་ནས་སླེབས། མཐར་ཤེས་རྟོགས་བྱུང་བ་ནི། མི་དེ་དེ་སྔ་ཁོ་མོའི་དགའ་རོགས་ཡིན་པ་དང་། ཉེ་ཆར་ཁང་པ་སྤོ་རོགས་ལ་ཡོང་ནས་སྐབས་དེར་ལྡེ་མིག་འདྲ་བཤུས་བཟོས་པ་རེད་ཟེར། མོས་གང་ལྟར་ཐབས་ཤེས་མེད་པའི་རྣམ་པ་བསྟན། སླར་ཉེན་རྟོག་པ་བོས་ནས་སྐད་ཆ་བཤད་ཀྱང་ཐབས་མི་འདུག ང་ནི་ག་བྱེད་འདི་བྱེད་མེད་པ་ཆགས། ཡིད་སྡུག་ཀྱང་རང་སེམས་མནན་ཏེ་ད་ཆ་ཁྲིམས་ལ་གཏུགས་དགོས་ཀྱང་། ཨ་རི་སྟོབས་ཆེན་གྱི་རྒྱལ་ཁབ་འདིར་བདེན་རྫུན་བརྡར་ཤ་གཅོད་མཁན་གྱི་དྲང་ཚུགས་ལྡན་པའི་ཁྲིམས་ཤིག་ཡོད་ཤག་དང་། ཉེན་རྟོག་པ་འདི་ཚོས་དྲང་པོ་མ་བྱས་ཀྱང་། ཁྲིམས་ཀྱི་རྭ་བ་གཞན་ན་གནས་ལུགས་གསེད་བཀྲོལ་ཞུ་ས་མེད་པ་ག་ལ་སྲིད། བདེན་རྫུན་ཤན་འབྱེད་ཀྱིས་དྲང་པོས་གཞུང་བསྲང་པའི་ཁྲིམས་འདོམས་འོག་མི་དེའི་ལག་ནས་ཁང་པ་ཚུར་ལེན་ཐུབ་ངེས་རེད་བསམ་ནས་ཅུང་ཞི་ལྷོད་དུ་གྱུར།
དེ་ནས་ཁང་བདག་དང་མོ་ཡན་གྱི་ཁྲིམས་གཏུགས་བྱེད་པར་ཁྲིམས་རྩོད་པ་ཡག་པོ་ཞིག་དང་གོང་འཚམ་པ་ཞིག་གང་སར་བཙལ། ཁྲིམས་རྩོད་པ་ཞིག་ཁང་ཚོང་བས་ངོ་སྤྲོད་བྱས་པ་ལྟར་ཨ་སྒོར་སུམ་སྟོང་སྤྲད་ནས་ཁྲིམས་ལ་སྦྱར་རྒྱུ་བྱས། ཁྲིམས་རྩོད་བུད་མེད་མིང་སི་ལི་ཝི་ཡ་ཟེར་བ་ཞིག་འདུག ཕྱི་ལོ་ ༢༠༢༣ ཟླ་ ༤་ཚེས ༦ ཉིན་ཁོ་མོས་འགྲོ་ལུགས་གཞིར་བཟུང་། ཐོག་མར་ཉིན་དགུ་བཅུའི་བརྡ་ཐོ་ཞིག་གཏོང་དགོས། ཁོ་པ་ཧ་ལམ་དེ་མཚམས་ལ་ཐོན་གྱི་རེད། ཅེས་གདེང་ཚོད་ཆེ་མདོག་གིས་བཤད། ང་ཡང་བློ་བདེ། ཉིན་དགུ་བཅུ་སོང་ཡང་ཁོ་པ་ཕྱིར་བཏོན་མ་ཐུབ། ད་ཁྲིམས་ཁང་ལ་དངོས་སུ་ཞུ་གཏུགས་བྱེད་དགོས། ཁྲིམས་རྩོད་པའི་གླ་ཆ་ཆུ་ཚོད་རེར་སྒོར་བཞི་བརྒྱ་ལྔ་བཅུ་གཏན་འབེབས་རེད་འདུག། ངས་ཆུ་ཚོད་ག་ཚོད་འགོར་མན་སྐད་ཆ་དྲིས། ཁྲིམས་རྩོད་པ་དེས་དེ་གཏན་འཁེལ་ཤོད་མི་ཐུབ་ཟེར། དེ་ནི་ང་ལ་མཚོན་ན་མུན་ནག་མདའ་འཕེན་གྱི་ཉེན་ཁ་ཞིག་རེད་བསམ། ལེཊ་ཉེས་གང་ལ་ཐུག་ཀྱང་བྱ་བ་དེ་མཐར་མ་བསྐྱལ་ཐབས་མེད་ཡིན་སྙམ་སྟེ་གང་སར་དྲིས་པ་དང་། གུ་གལ་ནང་བཙལ། མཐར་རོགས་པ་ཞིག་གིས་ཁྲིམས་རྩོད་པ་གཞན་ཞིག་ངོ་སྤྲོད་བྱས། ཁོ་པ་དེ་སྔའི་ཁྲིམས་རྩོད་པ་དང་བསྡུར་ན་གོང་ཆུང་བ་ཆུ་ཚོད་ལ་སྒོར་སུམ་བརྒྱ་རེད་འདུག ཁྲིམས་རྩོད་པ་སྐྱེས་པ་དེའི་མིང་ལ་ནིག་ཟེར་བ་དེས། ཁྲིམས་རྩོད་སྔོན་མས་ནོར་འཁྲུལ་ཤོར་བ་རེད། གནས་ཚུལ་འདི་རིགས་ལ་ཉིན་དགུ་བཅུ་སྒུག་མི་དགོས། ཉིན་བཅུའི་བརྡ་ཐོ་བཏང་ན་འགྲིག་ཅེས་ཟེར། ཕྱི་ལོ་༢༠༢༣ ཟླ་ ༨ ཚེས་ ༡༠ ཉིན་ཡང་དེ་བཞིན་དུ་བྱས། མི་དེ་ད་དུང་འདོན་མ་ཐུབ། དེ་མུར་ཟླ་བ་བཞི་རྫོགས།
དེ་ནས་དངོས་གཞི་ཁྲིམས་གཏུགས་འགོ་ཚུགས། ཁྲིམས་ཁང་གིས་དུས་བཀག་བཟོ་བར་ཟླ་ཤས་འགོར། ཕྱི་ཟླ་དགུ་པའི་ཚེས་བརྒྱད་དུས་བཀག་ལྟར་ཁྲིམས་ཁང་ལ་བཅར་བ་ཡིན། ཁྲིམས་ཁང་ནང་མི་ཕུང་འཁྱིལ་ནའང་ཁུ་སིམ་མེར་འདུག ཁྲིམས་ཁང་གི་མདུན་སྒོར་མིང་ཐོ་རིང་པོ་ཞིག་སྦྱར་འདུག་པ་དེར་བལྟས་པས། ཉིན་དེ་རང་ལ་མི་དྲུག་བཅུ་ཡས་མས་ཞུ་གཏུགས་བྱེད་པར་སླེབས་འདུག ང་ཐོ་གཞུང་ཨང་བརྒྱད་པ་རེད་འདུག། ཁྲིམས་དཔོན་གྱི་རྐུབ་སྟེགས་རྒྱབ་ཀྱི་གྱང་ངོས་སུ། གསེར་རམ་རག་ལས་གྲུབ་པའི་ཡིག་ཆེན་༼ང་ཚོས་དཀོན་མཆོག་ལ་ཡིད་ཆེས་བྱེད་ཀྱི་ཡོད།༽ ཅེས་པ་བསྐོས་འདུག ངས་ཀྱང་། ནམ་མཁའི་དཀོན་མཆོག་སུ་ཡིན་ནའང་ཡིན། ང་ལ་བདེན་པའི་དཔང་པོ་གནང་རོགས་གནང་ཞེས་སྨོན་ལམ་བཏབ། ངའི་སྔོན་གྱི་ཞུ་གཏུགས་པ་ཚོའི་དཀའ་ངལ་ལ་ཉན་གྱིན་དུ། ད་གཟོད་ངས་འདི་ལྟར་བསམས། ཆག་སྒོ་འདི་ནི་ང་གཅིག་པུའི་མགོ་ཐོག་ཏུ་ཁེལ་བ་ཞིག་མིན་པར་། འདིར་འཁོད་པའི་སྐྱེ་བོ་ཚང་མ་ཁང་བདག་དང་མོ་ཡན་གྱི་གཏུགས་གཤེར་བྱེད་པར་སླེབས་པ་རྐྱང་རེད་འདུག ངས་གཞི་ནས་ཨ་རིའི་མི་སེར་གྱི་འཚོ་བ་དངོས་སུ་མྱོང་བ་ཤེས་ཚོར་བྱུང་།
ངའི་ཁྲིམས་རྩོད་པ་ནིག་ཀྱིས་ཤུབ་ཤུབ་ཏུ། གལ་ཏེ་དེ་རིང་བཙན་འཛུལ་པ་དེ་ཁྲིམས་ཁང་ལ་མ་ཡོང་ན་སྟབས་ལེགས་པ་རེད། ཅེས་ཟེར། ཡིན་རུང་མི་དེ་དུས་བཀག་ལྟར་སླེབས། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༦་ཉིན་མི་དེས་ཡིད་གནོངས་གང་ཡང་མེད་པར་། ཁང་པ་འཚོལ་བཞིན་ཡོད་པའི་དཀའ་ངལ་ཞུས། ངས་གུས་ཞབས་དང་རེ་བ་ཟབ་མོས་གང་མགྱོགས་ཕྱིར་བུད་ཡོང་བའི་རེ་བ་ཞུས། ཁྲིམས་ཁང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༥ ཉིན་ཟླ་བ་གཉིས་དང་ཉིན་ཉེར་ལྔའི་རྗེས་ཡང་བསྐྱར་ཁྲིམས་ར་འཚོགས་རྒྱུ་བྱས། ངས་ཀྱང་དུས་བཀག་ལྟར་སོང་བ་ཡིན། མི་ངན་དེ་ཡང་སླེབས་འདུག སྐབས་དེར་ཁོ་པར་ད་དུང་དུས་ཚོད་ཏོག་ཙམ་དགོས་ཟེར། ཕར་བལྟ་དུས་ངས་ཁོའི་ཁང་པ་འཕྲོག་གི་ཡོད་པ་འདྲ་བའི་སྡུག་སྐད་བརྒྱབ། གཡོ་དང་ཁྲམ་ལ་མཁས་པའི་མི་འདི་དག་ལ་ང་ནི་ཁོག་ན་མེ་འབར་ཡང་ཁ་ནས་དུ་བ་འདོན་མི་ཐུབ་པ་བཞིན་དུ་གྱུར། ཁྲིམས་དཔོན་གྱིས། འོ་ཡ། ཟླ་བ་གསུམ་ནས་སྤོས་ཤིག་གསུངས། ཁོས་ད་དུང་དཀའ་ངལ་རྫོགས་རྒྱུ་མེད་བཤད། དེ་ནས་ཁྲིམས་དཔོན་གྱི་ཟླ་བ་དྲུག་ནང་ངེས་པར་སྤོ་དགོས་གསུངས། ཁོ་པས་ཁས་ལེན་བྱས། ངས་ཀྱང་ཁྲིམས་ཀྱི་མདུན་སར་མིན་ཟེར་ས་མ་བྱུང་། ཁོ་པའི་ཁས་ལེན་བྱེད་སྟངས་ལ་བལྟས་ན་ཧ་ལམ་སྤོ་གི་ཡོད་པའི་བཟོ་བསྟན། ཁོ་པ་ངའི་ནང་ལ་འཛུལ་བ་ནས་བཟུང་། ཁོ་པ་གཙང་སྦྲ་མེད་ཁར། ཁྱི་དང་མི་འདྲ་མིན་ནང་ལ་ཁྲིད་ཡོང་སྟབས་ངའི་ཁང་བརྩེགས་འགན་འཛིན་ལྷན་ཚོགས་ཀྱིས་ཟླ་རེའི་ཁང་པའི་སོང་འཛིན་སྤར་བའི་སྐོར་ཞུས་པ་ཡིན། ཁོ་པས་ཁྲིམས་སར་དེའི་འགན་ངས་ཁུར་ཆོག་ཟེར། ཡིན་རུང་ད་བར་སྐར་ཆ་ཙམ་ཡང་ག་ལ་སྤྲོད། ཤུགས་རིང་ཕྱུང་བཞིན་དུ་སྤྱི་ཟླ་དགུ་པའི་ཚེར་ཉེར་ལྔར་ཁོ་པ་ཏན་ཏན་ཐོན་རྒྱུར་རེ་སྒུག་བྱས།
དེར་བར་ཁོ་མོ་ནི་འགྲོ་སོང་ལྕི་ལ། ཁང་པའི་ཁྲུས་ཁང་ནས་ཆུ་འཛག་པ་སོགས་རྙོག་དྲ་གཅིག་རྗེས་གཉིས་འཐུད་ཐོན། ཁང་བརྩེགས་བདག་གཉེར་བས་ཡང་ཡང་ཁ་པར་སླེབས་ནས་ཁང་པའི་འགན་ཁྱེར་དགོས་ཟེར། ཁྲིམས་ཀྱི་ཐག་གཅོད་ནི་རི་བོང་གི་འགྲོས་ལས་དལ་བས་ན། ངས་སྔར་རེ་བ་ཟབ་མོ་བཅངས་པའང་རིམ་གྱིས་ཡལ། ད་ཐབས་ལམ་ཞིག་རང་གི་རྩོལ་བ་ལ་བརྟེན་ནས་མ་བཙལ་ན་འགྲིག་མ་སོང་བསམ་ནས། ཉིན་ཞིག་བཙན་འཛུལ་བ་དེར་ཁ་པར་བཏང་ནས། ངས་རང་ལ་ཁང་པ་འཚོལ་ཆེད་དུ་དངུལ་གང་འཚམ་སྤྲད་ཆོག ངའི་ཁང་པ་ཚུར་སློག་རོགས། ང་ནི་མོ་ཧྲེང་ཡིན། དཔེ་མཛོད་བ་ཞིག་ཡིན་པས་གླ་ཆ་མཐོ་པོ་མེད། ནེའུ་ཡོག་གི་ཁང་པ་དེ་ངའི་བརྟེན་ས་གཅིག་པུ་དེ་ཡིན། ཞེས་སྡུག་སྐད་གང་བྱུང་བརྒྱབ་ཤོར། མི་དེས། ལྷོད་ལྷོད་ངང་། སྔར་གྱི་མོ་ཡན་སྐྱེ་དམན་དེ་གཉིས་ཀ་གཡོ་སྒྱུ་ཅན་ཞིག་རེད། ང་ནི་སྟོན་པ་ཡེ་ཤུར་དད་པ་བྱེད་མཁན་གྱི་མི་ཞིག་ཡིན། ངའི་རྨོ་ལགས་ཀྱིས་ང་ལ་བསླབ་བྱ་བཟང་པོ་གནང་ཡོད། ངས་རང་གི་ཁང་པ་ཕར་སློག་ཆོག ད་ལན་གཟའ་མཇུག་ལ་རང་ཁང་པ་རྩིས་ལེན་པར་ཤོག་ཟེར། ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༥ ཉིན་ངས་སྦོ་སེ་ཊོན་ནས་ནེའུ་ཡོག་ཏུ་མགྱོགས་ཙམ་སླེབས་ན་བསམ་ནས་སྒུག་ཡུན་མ་བཟོད་པར་གནམ་གྲུའི་འཛིན་བྱང་ཉོས་ནས་ཕྱིན། དེ་ཉིན་གཟའ་སྤེན་པར་ཉིན་གང་ཆར་པ་བབ། སྒོ་འགྲམ་དུ་ཡུན་རིང་སྒུག་ཀྱང་ཁོ་པ་མཐོང་སར་མི་འདུག དེ་ནས་ཁ་པར་བཏང་ནས་རྒྱུ་རྐྱེན་དྲིས། ཁོ་པས་དེ་རིང་ཆར་པ་བབ་ནས་ང་སྤོ་ཐུབ་མ་སོང་། སང་ཉིན་ཤོག་ཟེར། ད་སང་ཉིན་ཁང་པ་རག་གི་བསམ་ནས་གཉིད་སྐྱིད་པོ་ཁུག སང་ཞོགས་སྔ་པོ་ནས་ཁོས་ཁ་པར་སླེབས། ལྷ་མོ། དེ་རིང་མ་ཡོང་ཨ། ང་སྤོ་ཐུབ་པ་མི་འདུག་ཟེར། ངའི་དགའ་སྣང་དེར་ཁོ་པས་འགྲམ་པར་ཐལ་ལྕག་ཞུས་པ་ལས་སྡུག་ཀ་བྱུང་། ལས་རྒྱུ་འབྲས་ཁས་མི་ལེན་ཞིང་། མིའི་བཟང་སྤྱོད་ལས་ཡོངས་སུ་འདས་པའི་མི་ཞིག་ལ་ཡིད་ཆེས་བྱས་པའང་ང་རང་ལྐུགས་མ་རེད་བསམ་པ་བྱུང། གང་ལྟར་མི་དེ་ནི་ཁྲམ་པ་ལང་ཤོར་ངན་རེངས་ཤིག་རེད་འདུག ང་ལྟ་ཅི་ཁྲིམས་ལ་ཡང་མགོ་སྐོར་བཏང་ཐུབ་མཁན་ཞིག་ཡིན་པས་ན་ངས་ད་ལན་ཁང་པ་ལག་ཏུ་སོན་ཐབས་བྱས་ཀྱང་དུས་ཚོད་དང་འགྲོ་གྲོན་བཏང་བ་སྟོང་ཟད་དུ་གྱུར།
མི་ཡུལ་དུ་ཁེར་མར་ལུས་པའི་ཁེར་མོ་བ་ཞིག་ལ་ཆ་མཚོན་ན། ལུས་སེམས་དང་དཔལ་འབྱོར་ལ་གྱོང་གུན་ཆེ་བས་སེམས་པ་མི་སྡུག་པ་ག་ལ་སྲིད། བྱང་ཆུབ་ཀྱི་སེམས་དང་གཏོང་ལེན་སྒོམ་གང་ཐུབ་བྱས། གཡས་གཡོན་ལ་དྲིས་ན། ཁ་ཤས་ཀྱིས་ད་དུང་ལོ་འགའ་ཤས་འགོར་གྱི་རེད་ཅེས་ཞེད་སྣང་སྐུལ། ཡང་འགའ་རེས་སྐྱོན་མེད། རྗེས་མ་གུན་གསབ་རག་གི་རེད་ཟེར་བསླབ་བྱ་བྱས། གང་ལྟར་རང་གི་ཚེ་སྔོན་མའི་བུ་ལོན་མ་དག་པར་ཁོ་འདོན་མི་ཐུབ་ཚིག་ཐག་ཆོད། དེས་ན་སུ་ལའང་དེ་སྐོར་གླེང་མ་འདོད། རྒྱ་གར་ལ་བཞུགས་མཁན་དྲ་གྲོགས་ཤིག་ཡོད། རྒྱུན་པར་ཁོང་ལ་ངའི་སྐྱིད་སྡུག་ཡོངས་རྫོགས་བཤད། ཁོང་གི་ཨ་ཅོག་གཙེས་པར་ངེས་ཀྱང་མ་གཙེས་ཁུལ་གྱིས་གསན་རྐྱང་གནང་། ད་དུང་འཛམ་གླིང་འདིར་འཚོ་གནས་བྱེད་པར་དཀའ་ངལ་ལ་གདོང་ལེན་གྱི་སྙིང་སྟོབས་བསྐྱེད་དགོས་པའི་བསླབ་བྱ་འཇམ་རྩུབ་གཉིས་ཀས་བྱས་། སྐབས་རེ་རྒྱ་གར་གྱི་དོན་སྙིང་ལྡན་པའི་མཛའ་གླུ་འདྲ་བཏང་ནས་ངའི་སེམས་པ་གསོ་ཐབས་གནང་། དེ་ནི་ཁོང་གིས་ང་ལ་གྲོགས་པོའི་སེམས་གསོ་ཙམ་མ་ཡིན་པར་སྙིང་ཁོང་ནས་ཐོན་པའི་གཏམ་ཞིག་ཡིན་པའི་ཚོར་སྣང་ཟབ། གྲོགས་པོའི་ངང་རྒྱུད་དང་། ཉིན་རེའི་སྐྱོ་རོགས་དེས་ངས་མུ་འཐུད་དེ་བདེན་རྫུན་ཤན་འབྱེད་མ་ཐུབ་བར་རྩོད་ལེན་བྱེད་རྒྱུའི་ཆོད་སེམས་བསྐྱེད། གཞན་ཡང་ངའི་ཆུང་དུས་ཀྱི་གྲོགས་མོ་ཡག་ཤོས་བདེ་ཆེན་ལགས་དང་ནང་མིས། ནེའུ་ཡོག་ཏུ་འགྲོ་རིམ་བཞིན་སུན་སྣང་མེད་པར་རྒྱང་རིང་གི་མགྲོན་པོ་སླེབས་པ་ལྟར་གནས་ཚང་དང་སྣེ་ལེན་བྱས། ངའི་དཀའ་ངལ་ལ་བསམ་ཤེས་ཀྱིས་རྟག་པར་ཁམས་འདྲི་དང་། སྐབས་རེ་ཤ་ཚའི་བཀའ་བསྐྱོན་གནང་། ཡང་གུང་སེང་སོགས་ལ་མཉམ་དུ་ནན་གྱིས་ཁྲིད་ནས་གུ་ཡངས་ཡོང་ཐབས་ཀྱང་གནང་། དེ་བཞིན་ཆུང་གྲོགས་ཟླ་སྒྲོན་ལགས་ཀྱིས་ཀྱང་དེ་བཞིན་གང་ཐུབ་ཀྱིས་སེམས་གསོ་དང་། ནེའུ་ཡོག་ཏུ་བདེ་ཆེན་ལགས་བཞུགས་མེད་པ་དང་སྐབས་ཁེལ་ན། ཁོ་རང་གིས་ལྷག་བསམ་རྣམ་དག་གིས་སྐྱོ་རོགས་ཐོབ། སྦོ་སེ་ཊོན་དུ་སྔར་གྱི་ཆོས་གྲོགས་རྙིང་པ་སྒྲོལ་དཀར་ལགས་ནས་སྐྱིད་སྡུག་གང་གི་ཚེ་ལ་ཡང་འགྱུར་བ་མེད་པའི་སེམས་གསོ་དང་འཕྲད་པར་ཡང་སེ་ཕེབས། དེ་བཞིན་ལས་རོགས་བདེ་སྐྱིད་ལགས་ནས་ཡང་ལྷག་བསམ་དག་པས་རྒྱབ་སྐྱོར་གནང་། དེ་ཡང་གཏམ་དཔེར། འདམ་འཛབ་ནང་དུ་རྟ་ཕོའི་ཤེད་ཤུགས་ཤེས།། དཀའ་བའི་དུས་སུ་གྲོགས་པོའི་བཟང་ངན་ཤེས། ཞེས་པ་ཅིས་མི་བདེན། གང་ལྟར་དྲ་གྲོགས་དང་གྲོགས་མོ་རྣམས་ནི་ངའི་མི་ཚེའི་ནང་མེད་དུ་མི་རུང་བའི་དྲོད་སྐྱིད་ཅིག་ཏུ་གྱུར།
ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༥ ཉིན་ནས་ཟླ་བ་དྲུག་གི་རྗེས་ཁྲིམས་ལུགས་གཞིར་བཟུང་གིས་ནེའུ་ཡོག་མར་ཤལ་ལ་རྩིས་སྤྲོད་བྱས། མར་ཤལ་གྱི་བརྡ་ཐོ་བཏང་ནས་ཁོ་པ་ཕྱིར་འདོན་བྱ་རྒྱུའི་ཉིན་མོ་ ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༨ ཉིན་གཏན་ཁེལ་བྱུང་། གང་ལྟར་ཟླ་བ་བརྒྱད་ཀྱི་རྗེས་སུ་ཁང་པ་རག་ནའང་འགྲིག་སོང་བསམ། སང་ཉིན་ནེའུ་ཡོག་ལ་ཐོན་རྒྱུའི་གྲ་སྒྲིག་ཨང་སར་བྱས། ཉིན་གུང་ཙམ་ལ་ངའི་ཁྲིམས་རྩོད་པས་ཁ་པར་སླེབས། ལྷ་མོ། སྟབས་མ་ལེགས་པར་ཁྲིམས་ཁང་གིས་མར་ཤལ་ལ་ཕྱིར་འཐེན་བྱེད་དགོས་པའི་བཀའ་ཕབ་སོང་། ཁོ་ལ་ད་དུང་ཟླ་བ་གཅིག་གི་དུས་ཚོད་སྤྲད་འདུག་ཟེར། གནས་ཚུལ་དེ་སྦོ་སེ་ཊོན་གྱི་མི་ལ་ལབ་ན་ཡིད་ཆེས་ག་ལ་བྱེད་དེ་ནེའུ་ཡོག་པ་ཚོས་ཀྱང་དེ་འདྲ་གོ་མ་མྱོང་ཟེར། སླར་ཡང་ཁྲིམས་གཅད་ལྟར་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༨ ཉིན་མར་ཤལ་གྱིས་ཁོ་པ་ཕྱིར་འདོན་བྱེད་རྒྱུའི་དུས་བཀག་བཟོས། ཐེངས་གཉིས་པར་ཡང་གོང་ལྟར་གནས་ཚུལ་གཅིག་པ་ཐོན། ཁོ་ནི་རྒྱ་ཡན་དུ་སོང་བའི་འཁྱམ་པོ་ཞིག་རེད་འདུག ཁྱི་ཉམས་སྤྲང་པོས་ལོངས་ན་རྒྱུག་པ་འཕྲེད་ལ་གཟེར་བའི་དཔེ་དེ་དང་འདྲ། ཧ་ལམ་ཁོས་མི་ཚེ་གཅིག་འདི་འདྲ་བྱས་ནས་སྐྱེལ་བ་འདྲ།
ཁོ་པའི་ཁྲིམས་རྩོད་པ་དེར་གློག་འཕྲིན་ཞིག་བཏང་ནས་ཁྲིམས་རྩོད་པ་ཞིག་ཡིན་ཕྱིར་བདེན་པའི་རྒྱབ་ལངས་བྱེད་རོགས། ཁྱོད་ཀྱི་ལས་ཀ་དེ་ཕ་མའི་གསོ་སྐྱོང་དང་། སློབ་ཡོན་ཆུད་ཟོས་སུ་གྱུར་པ་རེད་ཅེས་བྲིས་ནས་བསྐུར། བཀླགས་མིན་མི་ཤེས་བློ་བདེ་པོ་འདྲ་བྱུང་། ད་ལམ་ཁྲིམས་ཁང་ནས་ཉིན་ཉེར་གཉིས་ནར་འགྱངས་བྱས། དེ་མུར་ཟླ་བ་ཉེར་གསུམ་རྫོགས། ང་ནི་ཐབས་ཟད་ནུས་ཞན་དུ་གྱུར་ནས། ཨ་རིའི་སྲིད་འཛིན་དང། ནེའུ་ཡོག་མངའ་སྡེའི་མགོ་དཔོན་དང་། ནེའུ་ཡོག་གྲོང་ཁྱེར་གྱི་མགོ་དཔོན་རྣམས་ལ་བདེ་སྡུག་གསེད་བཀྲོལ་གྱི་སྙན་ཞུའི་ཡི་གེ་ཞིག་ཕུལ་ཡང་དེ་ནི་རྒྱ་མཚོའི་ནང་རྡོ་གཡུགས་པ་ཇི་བཞིན་ཏུ་གྱུར། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༦ ཉིན་ཁྲིམས་ཁང་ལ་སླར་ཡང་གཏུགས་བཤེར་བྱས། ད་ལན་ཁྲིམས་ཀྱི་མདུན་སར་སླེབས་པར་དཀའ་བ་འདི་ལྟ་བུ་བྱུང་། ང་ལ་གསེད་བཀྲོལ་ཞུ་རྒྱུའི་དུས་སྐབས་ནི་དེ་བས་རྙེད་པར་དཀའ་བས། ངའི་ལུས་སེམས་ཀྱི་དཀའ་ངལ་ཡོད་ཚད་ཞུ་བ་ཟབ་མོས་ཕུལ། མི་དེས་ཁྲིམས་སར་རང་ཉེས་ངོས་ལེན་རྒྱུ་ལྟ་ཅི་ད་དུང་ཟླ་མཇུག་བར་བསྣར་རོགས་གནང་ཞེས་མིག་ཕར་ཧྲིག་དང་ཚུར་ཧྲིག་བྱས་ཞུ་བ་ཕུལ། ཁྲིམས་དཔོན་གྱིས་ད་ལན་ཁོ་ལ་ཕྱིར་འགྱངས་གནང་མ་སོང་། ལམ་སེང་མར་ཤལ་ལ་དུས་བཀག་བཟོ་དགོས་པའི་བཀའ་བཏང་། ང་ནི་དགའ་སྣང་དང་དངསས་འཚབ་ཅིག་ཅར་སྐྱེས། སྔ་མོའི་གཏམ་དཔེར། སྤྲེའུ་ལ་མཆོངས་རྩལ་བཅོ་བརྒྱད་ཡོད་ན། ཝ་ལ་མཆོངས་རྩལ་བཅུ་དགུ་ཡོད་ཟེར་བ་ལྟར་དུང་ཁོ་པས་ཐབས་ག་རེ་བཏོན་ཡོང་བསམ་ནས་སེམས་པ་རང་གར་གསན་མ་ཐུབ།
དམར་ཤོག་གིས་ས་གཞི་ཁང་ཁྱིམ་སོགས་བཙན་འཕྲོག་བྱས་ན། རྦད་དེ་བཙན་འཕྲོག་བྱས་པ་རེད། བློ་ཐག་ཆོད་ནས་ཁ་ཁར་འདུག་རྒྱུ་རེད། ཁྲིམས་གཏུགས་བྱེད་ས་མེད་ལ། དེའི་རྗེས་ལ་འགྲོ་གྲོན་གཏོང་མི་དགོས། ཡིན་ནའང་ཨ་རིར་ཁང་པ་བཙན་འཕྲོག་བྱས་ན། བཙན་འཕྲོག་ཙམ་མ་ཟད་དེའི་འགྲོ་གྲོན་རྣམས་ཀྱང་ཁང་པའི་བདག་པོས་གཏོང་དགོས་འདུག གལ་ཏེ་དེ་མུར་ནར་འགྱངས་བཏང་བ་ཡིན་ན་ཉེས་མེད་ཀྱི་མི་རྣམས་ཀྱང་ཁྱིམ་མེད་ལམ་ཟུར་དུ་བཏོན་རྒྱུ་ཉག་ཅིག་རེད་བསམ་ནས་རྒྱལ་ཁབ་ཡག་པོ་འདིར། ཁྲིམས་ཐབསསྡུག་འདི་འདྲ་ཞིག་ཡོད་པར་བློ་ཕམ་ཚད་ལས་འདས། ནེའུ་ཡོག་ཉེན་རྟོག་པར་བསམ་གྱིན་འཚིག་པ་ཟ། ནེའུ་ཡོག་ཉེན་རྟོག་པ་མཐོང་ཐེངས་རེར་མགོ་ལ་ཐོ་བ་ཞུས་པ་ལྟ་བུའི་ན་ཚ་ཞིག་ཡོང་གི་འདུག གལ་ཏེ་དེ་ཉིན་ཁོ་ཚོས་དྲང་ཚུགས་ལྡན་པའི་ཐག་གཅོད་བྱས་ཡོད་ན། ད་ལྟའི་མི་མང་པོའི་དཀའ་ངལ་འདི་དག་ཡོང་རྒྱུ་མ་རེད་ཨང་བསམ།