བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་སུ་ཟླ་བརྒྱད་འཕར་འགྱངས་ཀྱི་ཁྲིམས་ཐག་བཅད་འདུག་ཀྱང་དངོས་སུ་ཁྲིམས་ར་འཚོག་ཡོད་མེད་སོགས་ད་རུང་གསལ་ཁ་མི་འདུག

འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན། ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་ལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁྲིམས་ཁང་གིས་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཚེ་རིང་ལགས་ཀྱིས་དྲང་བདེན་མིན་པའི་ཁྲིམས་ཆད་དེ་དྭང་ལེན་མ་གནང་བར་བརྟེན། ཉེ་སྔོན་རྔ་བ་ཁུལ་གྱི་ཁྲིམས་ཁང་ཞིག་གིས་ཁོང་ལ་ཟླ་ ༨ འཕར་འགྱངས་ཀྱི་ཁྲིམས་ཐག་བཅད་དེ། རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་ཀྱི་བཙོན་ཁང་ཞིག་ཏུ་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག ཡིན་ནའང་། ཁྲིམས་ཁང་གང་ནས་ག་དུས་ཐག་གཅོད་བྱས་པ་ཡིན་སོགས་ད་རུང་གསལ་ཁ་མི་འདུག
འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཚེ་རིང་ལགས་ཀྱི་ནང་མི་དང་གཉེན་འབྲེལ་སོགས་ཀྱིས་ཁོང་དང་འབྲེལ་བའི་གནས་ཚུལ་རིགས་གཏན་ནས་བཤད་མི་ཆོག་པའི་ཁར། ཁོང་གི་སྐོར་ལ་ཕྱིར་བསྒྲགས་དང་གླེང་སློང་བྱས་ན་རྗེས་ཕྱོགས་ནང་མི་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་ཉེན་ཡོད་པའི་འཇིགས་སྐུལ་ཡང་བྱས་ཡོད་པ་མ་ཟད། གོང་རིམ་གྱི་བཀའ་རེད་ཟེར་ནས། འདི་ལོའི་དཔྱིད་གསར་ལོ་སར་སྐབས་ཁོང་གི་ཕ་མ་གཉིས་སྡེ་བའི་ནང་ལོ་ཉུལ་དུ་འགྲོ་བཅུག་མེད་པ་མ་ཟད། ལོ་སར་སྐབས་ཀྱི་མཚན་ཉིད་དགོན་གྱི་སྨོན་ལམ་ཆེན་མོ་ལའང་འགྲོ་རུ་བཅུག་མེད་སྐོར་བརྗོད་བྱུང་།
ཡང་ཁོང་གིས། རྒྱ་ནག་གཞུང་གིས་ཚེ་རིང་ལགས་ཀྱི་ཕ་མ་གཉིས་ལ་སོ་མྱུལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་རྐྱེན་གྱིས། ཁོང་གི་ཨ་ཕ་ཕུར་ཁོར་ལམ་བར་སོགས་ནས་ཐུག་ནའང་སྐད་ཆ་བཤད་རྒྱུར་དོགས་མི་བདེ་བ་དང་འཚེར་སྣང་ཤུགས་ཆེན་བྱེད་ཀྱིན་ཡོད་སྐོར་དང་། ཁོང་གི་ཨ་མ་དབང་སྒྲོན་ལགས་ལ་སྙིང་གི་ན་ཚ་ཡོད་པས་ཁོང་མོའི་གཟུགས་གཞིའི་གནས་སྟངས་སྐྱོ་པོ་ཆགས་ཡོད་སྐོར་དང་། འདས་པའི་ཟླ་ཤས་རིང་ཕ་མ་གཉིས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་ཚེ་རིང་ལགས་སུ་ཐུག་འཕྲད་བྱ་རྒྱུའི་རེ་སྐུལ་ཐེངས་འགར་ཞུས་ཡོད་ཀྱང་དོན་འབྲས་ཐོན་མེད་སྐོར་བརྗོད་བྱུང་།
འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁྲིམས་ཁང་གིས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་སུ། སྒེར་གྱི་འཁོན་སེམས་འཁུར་ཏེ་སྤྱི་ཚོགས་ལ་རྙོག་ཟིང་བསླངས་བའི་ཉེས་མིང་འོག་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོང་གིས་ཁྲིམས་ཆད་དེ་དྭང་ལེན་མ་བྱས་པར་བརྟེན། རྔ་བའི་ཁྲིམས་ཁང་ཞིག་གིས་དུས་ཡུན་ཟླ་བ་བརྒྱད་ཕར་འགྱངས་བྱས་ཏེ། ད་ལྟ་རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་རྫོང་གི་བཙོན་ཁང་ཞིག་ཏུ་བཅུག་ཡོད་འདུག་ཀྱང་། ཁོང་གི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་མེད་དང་ཁྱིམ་མིར་ཐུག་ཏུ་འཇུག་གི་ཡོད་མེད་སོགས་གསལ་ཁ་མི་འདུག
འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་མཚོ་སྔོན་ཚེ་རིང་ལགས་ཀྱིས། སྒེར་གྱི་མགྱོགས་འཕྲིན་(Kuaishou) སྟེང་སྐར་མ་ལྔ་མ་ཟིན་ཙམ་གྱི་གཏུག་བཤེར་བརྙན་ཐུང་ཞིག་སྤེལ་ཏེ། ཕྱི་ལོ་ ༢༠༢༣ ཟླ་ ༥ ནས་བཟུང་ཨན་ཝེ་ཤན་ཧི་འཛུགས་སྐྲུན་ཚད་ཡོད་ཚོང་གཉེར་ཁང་((安徽先河建筑工程又很公司)གིས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཚ་རུ་མ་ཡུལ་ཚོའི་གཞུང་ལམ་གསར་རྒྱག་སྐབས། ཁྲིམས་འགལ་གྱིས་ལམ་འགྲམ་རྡང་ཆུ་གཙང་པོའི་ཆུ་གཞུང་སྔོག་འདོན་བྱས་ཏེ་བྱེ་མ་འབོར་ཆེན་དབོར་འདྲེན་བྱས་རྐྱེན། གཙང་བོ་དང་སྐྱེས་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ས་གནས་མི་མང་དང་སྒོ་ཕྱུགས་སེམས་ཅན་གྱི་འཚོ་གནས་ལའང་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་པ་བརྙན་ལམ་ནས་ཁ་གསལ་བརྗོད་དེ། གཙང་བོར་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡོད་པའི་གནད་དོན་གོང་རིམ་ལ་ཡར་ཞུ་བྱས་པར་བརྟེན། ཚོང་གཉེར་ཁང་དེའི་གནད་ཡོད་མི་སྣས་ལས་མི་ཁག་ཅིག་འཁྲིད་ཡོང་ནས་ཚེ་རིང་ལགས་ལ་རུབ་རྡུང་བརྒྱབ་ནས་རྨས་སྐྱོན་བཟོས་ཡོད་པ་རེད། འོན་ཀྱང་། ཁྱུང་མཆུ་རྫོང་ཁྲིམས་ཁང་གིས་རྡང་ཆུ་གཙང་བོར་གནོད་སྐྱོན་ཚབས་ཆེན་ཐེབས་པའི་གྱོད་དོན་གྱི་རྩ་བ་བཞག་སྟེ། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་ཚེ་རིང་ལགས་འཛིན་བཟུང་བྱས་ཡོད་པ་མ་ཟད། མི་སྒེར་གྱི་འཁོན་སེམས་འཁུར་ནས་སྤྱི་ཚོགས་ལ་རྙོག་ཟིང་བསླངས་ཡོད་ཚུལ་གྱི་ནག་ཉེས་གཡོགས་ཏེ་ཟླ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། དོ་བདག་དང་ཁྱིམ་མི་ཚོའི་རྣམ་འགྱུར་ལ་བལྟ་དགོས་པ་ལས་ཐག་གཅོད་དེ་ནི་མཐའ་མའི་ཐག་གཅོད་མིན་སྐོར་བརྗོད་ཡོད་པ་རེད།
མཚོ་སྔོན་ཚེ་རིང་ལགས་ནི་ད་ལྟ་རང་ལོ་ ༢༩ ཡིན་ཞིང་། ཕ་ཕུར་ཁོ་དང་མ་དབང་སྒྲོན་གཉིས་ཀྱི་བུ་གཅིག་པུ་དེ་ཡིན་ལ། ཕ་ཕུར་ཁོ་ནི་ལོ་ ༦༠ ཡས་མས་ཙམ་དང་མ་དབང་སྒྲོན་ནི་ལོ་ལྔ་བཅུའི་ནང་ཡིན་འདུག མཚོ་སྔོན་ཚེ་རིང་ནི་དུས་རྒྱུན་སྤྱི་པའི་ལས་དོན་ཐོག་འགན་འཁུར་ཆེན་པོ་ལེན་མཁན་ཞིག་ཡིན་འདུག
འབྲེལ་ཡོད་གནས་ཚུལ།
མཚོ་སྔོན་ཚེ་རིང་ལགས་སུ་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
མཚོ་སྔོན་ཚེ་རིང་ལགས་འཛིན་བཟུང་བཀག་ཉར་འོག་བཅུག་འདུག
མཚོ་སྔོན་ཚེ་རིང་ལགས་ཀྱི་གནས་སྟངས་ཁ་གསལ་མེད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།