རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། བསོད་དཔལ།
ཨ་རིའི་སྲིད་འཛིན་ཊམ་གྱི་སྲིད་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གི་མ་དངུལ་ལ་ཚོད་འཛིན་བྱས་པའི་རྐྱེན་གྱིས། ཨ་རིའི་རླུང་འཕྲིན་ཁང་(VOA)དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་(RFA)གཉིས་ལ་དཀའ་ངལ་འཕྲད་པར་རྒྱ་ནག་གཞུང་གིས་དགའ་བསུ་ཞུས་པ་དང་། ཡ་མཚན་པ་ཞིག་ལ་བོད་མིའི་སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱིས་ཀྱང་དེར་དགའ་བསུ་ཞུས་ཡོད།
རྒྱ་ནག་གིས་གསར་འགྱུར་ལས་ཁང་འདི་གཉིས་ལ་”རྫུན་གྱི་བཟོ་གྲྭ”དང་”རྒྱ་ནག་ལ་རྒོལ་མཁན་གསར་ཁང་”ཞེས་འབོད་ཅིང་། བོད་དོན་དང་ཤི་ཅང་། ཧོང་ཀོང་། ཐའེ་ཝན་སོགས་ཀྱི་གནད་དོན་སྐོར་བདེན་པའི་གནས་ཚུལ་སྤེལ་བར་སྐྱོན་བརྗོད་བྱས་ཡོད། ཡ་མཚན་པ་ཞིག་ལ། བོད་མིའི་སྤྱི་མཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་རི་བོ་དགེ་ལྡན་པའི་སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱིས་གསར་འགྱུར་ཁང་འདི་གཉིས་ཀྱིས་གནས་ཚུལ་སྡུག་པ་མ་གཏོགས་བཀོད་ཀྱི་མེད་པའི་རྒྱུ་མཚན་བཤད་དེ། གསར་ཁང་གཉིས་སྒོ་རྒྱབ་པ་ནི་གཏམ་བཟང་ཡིན་པ་དང་དགའ་བསུ་ཡོད་ཅེས་རྒྱ་ནག་གཞུང་གི་ཕྱོགས་སུ་ལངས་ནས་སྐྱོན་བརྗོད་བྱས་ཡོད།
སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱི་བསམ་ཚུལ་ནི་གསར་ཁང་གཉིས་ཀྱིས་ཕྱོགས་ལྷུང་གི་གནས་ཚུལ་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད། གསར་ཁང་གིས་གསར་འགྱུར་སྤེལ་སྟངས་ནི་དྲང་བདེན་དང་དངོས་ཡོད་གནས་ཚུལ་གཙོ་བོ་ཡིན་དགོས། དེ་མིན་གནས་ཚུལ་གང་ཞིག་སྤེལ་དགོས་མིན་ནི་གསར་ཁང་གི་རང་དབང་ཡིན། རང་གི་འདོད་ཕྱོགས་མ་གྲུབ་པ་ཁོ་ན་གཙིག་སུ་བཟུང་ནས་གསར་ཁང་ལ་སྐྱོན་འཛུགས་བྱས་ན་དེ་ནི་མང་གཙོའི་ཀ་བ་བཞི་པ་ཡིན་པའི་གསར་འགྱུར་རང་དབང་ལ་རྡོལ་རོལ་བཏང་བ་རེད།
གསར་འགྱུར་རང་དབང་ནི་འཛམ་གླིང་ནང་མནར་གཅོད་མྱོང་བཞིན་པའི་མི་རིགས་རྣམས་ཀྱི་འབོད་སྒྲ་སྤེལ་བའི་ལྡེ་མིག་ཅིག་ཡིན་པས། དེར་རྒྱབ་སྐྱོར་བྱེད་རྒྱུ་ནི་བོད་མིའི་མང་གཙོའི་འཐབ་རྩོད་ཀྱི་གཞི་རྩའི་ལྟ་གྲུབ་ཅིག་ཡིན་དགོས། སྤྱི་འཐུས་ཀྱི་ངོས་ནས་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མཐུན་པའི་བྱ་སྤྱོད་དེ་རིགས་ནི་བོད་མིའི་འཐབ་རྩོད་ལ་ཉེན་ཁ་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་དྲིལ་བསྒྲགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱས་པ་དང་མཚུངས། དེར་བརྟེན། གཤམ་དུ་ཨ་དཀྲུག་ཁོང་གི་བསམ་ཚུལ་ལ་དགག་ལན་འབུལ་རྒྱུ་ཡིན།
༢༽ རླུང་འཕྲིན་ཁང་གཉིས་ཀྱི་གལ་གནད་དང་དེ་དག་གི་ལོ་རྒྱུས།
ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ནི་འདས་པའི་ལོ་མང་རིང་བོད་ནང་གི་བོད་མི་ཚོ་དང་ཕྱི་ལོགས་ཀྱི་བོད་མི་ཚོའི་བར་གྱི་ཟམ་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཨ་རིའི་རླུང་འཕྲིན་ཁང་ནི་ ༡༩༤༢ ལོར་ཐོག་མར་འགོ་བཙུགས་པ་ནས་བཟུང་། འཛམ་གླིང་ཡོངས་ལ་རང་དབང་གི་གནས་ཚུལ་སྤེལ་བའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་ ༡༩༩༠ ཕྱི་ཟླ་ ༢ ཚེས་ ༡༦ ཉིན་སྐབས་དེའི་བོད་མི་རྒྱལ་ཞེན་རྣམ་དཔྱོད་ཅན་རེ་འགས་འབད་བརྩོན་ཆེན་པོ་བྱས་འབྲས་སུ་ཨ་རིའི་གྲོས་ཚོགས་ཀྱིས་བོད་མི་དམངས་ལ་རང་གི་སྐད་ཡིག་གི་རྒྱང་སྲིང་ལས་རིམ་ཞིག་འཛུགས་དགོས་པའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ་བཙུགས་པ་ཞིག་ཡིན།
ཨ་རིའི་རླུང་འཕྲིན་ཁང་དུ་བོད་སྐད་ཚུད་པའི་སྐད་རིགས་མི་འདྲ་བ་༤༩ ནང་རླུང་འཕྲིན་དང་བརྙན་འཕྲིན་གསར་འགྱུར་སྤེལ་གྱི་ཡོད་ཅིང་བདུན་ཕྲག་རེར་འཛམ་གླིང་ཡོངས་ནས་ལྟ་ཉན་བྱེད་མཁན་མི་གྲངས་གྲངས་ས་ཡ་ ༣༢༦ ཙམ་ཟིན་གྱི་ཡོད་པ་རེད། འདི་ནི་ཨ་རིའི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་རྙིང་ཤོས་དང་ཆེ་ཤོས་དེ་ཡིན་ཞིང་། དེའི་དམིགས་འབེན་གཙོ་བོ་ནི་རང་དབང་མེད་པའི་ཡུལ་གྲུ་ཁག་གི་མི་རིགས་ཚོའི་རང་དབང་གི་ཆེད་དུ་ཡིན།
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནི་ ༡༩༩༦ ལོར་འགོ་བཙུགས་ཤིང་། ཨེ་ཤ་ཡའི་ནང་གི་དམ་བསྒྲགས་ཅན་གྱི་རྒྱལ་ཁབ་ཁག་ཏུ་རང་དབང་ཅན་གྱི་གནས་ཚུལ་སྤེལ་བའི་ཆེད་དུ་གཞི་བཙུགས་པ་ཞིག་ཡིན། བོད་སྐད་ཚུད་པའི་སྐད་རིགས་མི་འདྲ་བ་བཅུ་གྲངས་ནང་རླུང་འཕྲིན་དང་བརྙན་འཕྲིན་གསར་འགྱུར་སྤེལ་གྱི་ཡོད། འཛམ་གླིང་ཁྱོན་ནས་བདུན་རེར་མི་གྲངས་ས་ཡ་ ༦༠ ཙམ་གྱིས་དོ་སྣང་བྱེད་ཀྱི་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། རང་རེ་བོད་མི་ཚོར་ཐད་ཀར་འབྲེལ་བ་ཡོད་པ་ནི་གསར་ཁང་འདི་གཉིས་རེད།
རླུང་འཕྲིན་ཁང་གཉིས་པོ་འདིས་བོད་ནང་གི་གནས་སྟངས་སྐོར་རང་དབང་ཅན་གྱི་གནས་ཚུལ་སྤྲོད་ཐུབ་པ་མ་ཟད། བོད་ནང་གི་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ཀྱི་དཀའ་ངལ་རྣམས་ཀྱང་འཛམ་གླིང་གི་མདུན་དུ་གསལ་སྟོན་བྱེད་ཀྱི་ཡོད། ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་དང་། ༢༠༠༩ ནས་ ༢༠༡༧ བར་གྱི་བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ་སོགས་ཀྱི་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་དངོས་ཡོད་གནས་ཚུལ་སྤེལ་བར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད།
གལ་ཏེ་རླུང་འཕྲིན་ཁང་གཉིས་པོ་མེད་པ་ཆགས་ན། བོད་ནང་དུ་རང་དབང་ཅན་གྱི་གནས་ཚུལ་ཐོབ་རྒྱུ་ཧ་ཅང་དཀའ་ངལ་ཆེན་པོ་ཆགས་ངེས་ཡིན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་དུས་སྐབས་འདིར། རང་དབང་ཅན་གྱི་བརྒྱུད་ལམ་གྱི་ནུས་པ་ནི་སྔར་ལས་ཀྱང་གལ་ཆེན་པོ་ཆགས་ཡོད།
༣༽ ཆོས་བརྒྱུད་སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱི་ལངས་ཕྱོགས་ལ་དཔྱད་པ།
སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱིས་རླུང་འཕྲིན་ཁང་གཉིས་ཀྱིས་མང་གཙོའི་ལམ་ལུགས་ནང་མང་གཙོའི་ཀ་བ་བཞི་པ་གསར་ཁང་ཞིག་གིས་སྒྲུབ་དགོས་ངེས་ཀྱི་བྱ་བ་བསྒྲུབས་པ་དེར་སྐྱོན་བརྗོད་བྱས་པ་ནི་ཧ་ཅང་ཐབས་སྐྱོ་པོ་ཞིག་ཡིན། ཁོང་གི་བསམ་ཚུལ་ལ་དཔྱད་ན། ཁོང་གིས་རླུང་འཕྲིན་ཁང་ལ་བར་ཆད་བྱུང་བ་དེ་གཏམ་བཟང་ཡིན་པ་དང་དགའ་བསུ་ཡོད་ཚུལ་བཤད་པ་དེས་བོད་སྐད་སྡེ་ཚན་ཙམ་མ་ཡིན་པར་རྒྱལ་ཁབ་དང་སྐད་ཡིག་མི་འདྲ་བ་ ༤༠ ལྷག་ནང་གནས་ཚུལ་སྤེལ་མཁན་གྱི་ཨ་རིའི་རླུང་འཕྲིན་ཁང་སྤྱི་ཡོངས་ལ་གནོད་སྐྱོན་འགྲོ་གི་ཡོད་པ་བསམ་བློ་འཁོར་ཐུབ་མེད།
སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱིས་ཞིབ་ཕྲའི་དཔྱད་ཞིབ་དང་གནས་ཚུལ་ངོ་མ་ཤེས་རྟོགས་མེད་པར། རང་གི་ཕྱོགས་ཞེན་གྱི་འདོད་བློ་མ་གྲུབ་པའི་བསམ་ཚུལ་ཙམ་ལ་རྟེན་ནས་ཐལ་ཆ་ཆེ་བའི་སྐད་ཆ་དེ་འདྲ་བཤད་པ་ནི་ཧ་ཅང་ཐབས་སྐྱོ་བ་ཞིག་ཡིན། རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་མི་འདྲ་བའི་བསམ་ཚུལ་ཡོད་པ་ནི་དྲང་པོ་མིན་པའི་རྟགས་མ་ཡིན་པར། རང་དབང་ཅན་གྱི་བསམ་བློའི་རྣམ་པ་ཞིག་ཡིན།
༤༽ རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན།
མང་གཙོའི་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་མང་གཙོའི་ཁྱད་ཆོས་ཡིན་ན་ཡང་དགྲ་བོའི་ཕྱོགས་ལ་རྣམ་འགྱུར་གཅིག་གྱུར་སྟོན་གྱི་ཡོད་། དགྲ་བོས་དགའ་བསུ་བྱེད་ས་དེར་ང་ཚོས་དོག་ཟོན་བྱེད་དགོས་པ་དང་། དགྲ་བོས་སྡང་པོ་བྱེད་ས་དེར་ང་ཚོས་གྲོགས་པོ་བཟོ་དགོས་པ་ནི་ཆབ་སྲིད་ཀྱི་གཞི་རྩའི་ལྟ་བ་ཡིན་རུང་སྤྱི་འཐུས་ཨ་དཀྲུག་གི་ཀླད་པའི་ནང་དེ་འདྲའི་ལྟ་བ་དེ་མེད་པར་བོད་མི་རིགས་ཀྱི་རྩ་དོན་དང་ཁེ་ཕན་ལས་གཞན་པའི་རང་ཉིད་ཀྱི་ལྟ་བ་ལ་གཙིགས་ཆེན་བྱས་པ་རེད། འདི་འདྲའི་བྱ་སྤྱོད་ནི་བོད་མི་མང་གི་སྐུ་ཚབ་དང་ལྷག་པར་དུ་རི་བོ་དགེ་ལྡན་པའི་དགེ་འདུན་ཡོངས་ཀྱི་དགོངས་པ་དང་རེ་འདུན་མཚོན་ཐུབ་བམ། སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱི་ལངས་ཕྱོགས་དེས་བོད་མི་མང་པོའི་སེམས་ནང་ཞེ་འཁྲེལ་དང་བློ་ཕམ་བྱུང་ཡོད།
ངས་ཁོང་ལ་རྒྱལ་ཁབ་དང་། མི་རིགས། རྩ་དོན་བཅས་ལ་ཞེན་ཁོག་མེད་པའི་སྐྱོན་བརྗོད་བྱེད་པ་ནི་རྒྱུ་མཚན་ལྡན་པ་ཞིག་ཡིན། གང་ཡིན་ཟེར་ན། ཁོང་གིས་བོད་མི་རིགས་ཀྱི་མཐུན་རྐྱེན་གཙོ་བོ་ཞིག་ཡིན་པའི་རླུང་འཕྲིན་ཁང་གཉིས་པོ་སྒོ་བརྒྱབ་པར་དགའ་བསུ་ཞུས་པ་དེས་བོད་མི་རིགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོ་གཞིར་གྱུར་ཡོད།
༥༽ བོད་མི་རིགས་ཀྱི་རྩ་དོན་དང་ཞབས་འདེགས།
མི་རིགས་ཤིག་གི་རྩ་དོན་དང་ཁེ་ཕན་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་ན་མི་རིགས་དེའི་ཁེ་ཕན་ལ་ཤ་ཞེན་དང་། སེམས་ཁུར། རྒྱལ་ཞེན་བཅས་དགོས་ངེས་ཡིན། འོན་ཀྱང་ཨ་དཀྲུག་གིས་རླུང་འཕྲིན་ཁང་གཉིས་སྒོ་རྒྱག་རྒྱུར་དགའ་བསུ་ཞུས་པ་དེས་ཁོང་གི་འཇོན་ཐང་དང་། ལྷག་བསམ། ཆབ་སྲིད་ཀྱི་བསམ་བློའི་གནས་ཚད་བཅས་མཚོན་ཐུབ། བོད་མི་མང་གི་མཐུན་རྐྱེན་ཞིག་ཡིན་པའི་རླུང་འཕྲིན་ཁང་གཉིས་པོ་སྒོ་རྒྱག་པ་ནི་བོད་མི་རིགས་ལ་ཕམ་ཁ་དང་གྱོང་གུན་ཆེན་པོ་ཞིག་ཡིན་པ་ནི་གསལ་པོ་ཡིན། དེ་འདྲའི་གནད་དོན་ལ་དགའ་བསུ་ཞུ་མཁན་གྱི་མི་ཞིག་གིས་བོད་མི་མང་ལ་ཞབས་འདེགས་ཞུ་ཐུབ་མིན་ནི་དྲི་བ་ཆེན་པོ་ཞིག་ཆགས་ཡོད།
༦༽ རྒྱ་ནག་གཞུང་ལ་ཕན་ཐོགས།
རླུང་འཕྲིན་ཁང་གཉིས་པོ་སྒོ་བརྒྱབ་ན་རྒྱ་ནག་གཞུང་ལ་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་ནི་ཁས་ལེན་དགོས་པ་ཞིག་ཡིན། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་རླུང་འཕྲིན་ཁང་གཉིས་མེད་པར་ཆག་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ལ་བོད་ནང་དུ་ཉན་མཁན་ལ་ཉེས་ཆད་ཀྱང་གཏོང་གི་ཡོད། ཨ་རིའི་གཞུང་གིས་རླུང་འཕྲིན་ཁང་གཉིས་པོའི་མ་དངུལ་བཅད་པར་བརྟེན། གལ་ཏེ་རླུང་འཕྲིན་ཁང་གཉིས་པོ་སྒོ་བརྒྱབ་ན། དེ་ནི་རྒྱ་ནག་གཞུང་ལ་དགོས་པའི་གཏམ་བཟང་རེད།
སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱིས་རླུང་འཕྲིན་ཁང་གཉིས་པོ་མེད་པ་ཆགས་པ་དེ་གཏམ་བཟང་ཡིན་ཞེས་དེར་དགའ་བསུ་ཞུས་པ་དེས་རྒྱ་ནག་གཞུང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱས་ཡོད། རི་བོ་དགེ་ལྡན་པའི་སྐུ་ཚབ་ཀྱི་མིང་ཁུར་མཁན་གྲོས་ཚོགས་འཐུས་མི་ཞིག་གིས་འཐབ་རྩོད་བྱ་ཡུལ་དགྲ་བོའི་ཕྱོགས་སུ་ལངས་ནས་དགའ་བསུ་ཞུས་པ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་རེད།
ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་ལ་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད། དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་དང་། བོད་མི་ཚོར་སྨྲ་བརྗོད་ཀྱི་རང་དབང་མེད་པར་བཟོས་ཡོད། འདི་འདྲའི་གནས་སྟངས་འོག་རང་དབང་ཅན་གྱི་བརྒྱུད་ལམ་ཁག་གི་གལ་གནད་ནི་སྔར་ལས་ཀྱང་ཆེ་རུ་འགྲོ་བཞིན་ཡོད།
༧༽ མཇུག་བསྡོམས།
སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་གྱིས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་མཚམས་འཇོག་བྱེད་རྒྱུར་དགའ་བསུ་ཞུས་པ་དེས་བོད་རྒྱ་ཆེའི་མི་མང་ཙམ་མ་ཟད་ཧི་མ་ལ་ཡའི་ས་ཁུལ་གྱི་བོད་རིགས་རྣམས་ཀྱི་བསམ་འདུན་ལ་རྒྱབ་འགལ་བྱས་ཡོད། ཁོང་གི་བསམ་ཚུལ་དེས་བོད་མི་མང་པོའི་སེམས་ནང་བློ་ཕམ་དང་ཁོང་ཁྲོ་བསླངས་ཡོད་པར་མ་ཟད། རྒྱ་ནག་གཞུང་གི་དགོས་འདུན་བསྒྲུབས་ཡོད།
འོན་ཀྱང་ང་ཚོ་བོད་མི་ཚང་མས་རང་གི་མི་རིགས་ཀྱི་རྩ་དོན་དང་ཁེ་ཕན་དང་ལེན་བྱས་ཏེ། བོད་མི་རིགས་ཀྱི་རྩ་དོན་སྲུང་སྐྱོབ་བྱེད་པའི་ཆེད་དུ་འབད་བརྩོན་ཆེན་པོ་བྱེད་དགོས། རང་ཉིད་ཀྱི་སྒེར་གྱི་ཁེ་ཕན་ལས་བོད་མི་རིགས་ཀྱི་ཁེ་ཕན་གཙོ་བོར་འཛིན་དགོས་པ་ནི་དུས་རབས་འདིའི་བོད་མི་ཚང་མའི་ལས་འགན་ཆགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ནི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད་བོད་མིའི་ཚེ་སྲོག་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཡང་གལ་ཆེན་པོ་ཡིན་པས་བོད་གཞིས་བྱེས་གཉིས་ཀྱི་མགྲིན་པ་དང་རྣ་བ་ལྟ་བུའི་རླུང་འཕྲིན་ཁང་དེ་གཉིས་མུ་མཐུད་གནས་རྒྱུར་རྒྱབ་སྐྱོར་བྱེད་དགོས།