དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་དྲུང་ནས་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག དེ་བཞིན། སྤྱི་ཁྱབ་རྩིས་ཞིབ་པ་བཀྲ་ཤིས་སྟོབས་རྒྱལ་མཆོག་བཅས་ཀྱིས་ལས་འཁུར་དམ་འབུལ་ཞུས་སོང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་དམ་འབུལ་མཛད་སྒོ་དེའི་སྟེང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་པའི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན། རང་དབང་ཅན་གྱི་ལྷན་ཁང་ཁག་གི་འགན་འཛིན་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་དྲུང་འཕར་རྣམ་པ། ཆེའི་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམས་དང་གསར་འགོད་པ་བཅས་འཛོམས་འདུག
མཛད་རིམ་གྱི་ཐོག་མར་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་ཅིག་ནས་མཎྜལ་གསུངས་མཚམས། ཆེའི་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་དྲུང་ནས་ཁྲིམས་ཞིབ་པ་གཞན་གཉིས་དང་སྤྱི་ཁྱབ་རྩིས་ཞིབ་པ་བཅས་ཀྱིས་ལས་འཁུར་དམ་འབུལ་ཞུས་སོང་བ་དང་། འདི་གའི་གསར་འགོད་པས་ཁྲིམས་ཞིབ་པ་གཞན་གཉིས་ལ་དམ་འབུལ་དང་འབྲེལ་བའི་བཀའ་འདྲི་ཞུ་སྐབས། ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་གིས། ད་ལྟའི་བར་དུ་སྤྱི་ཚོགས་ལ་ཞབས་ཞུ་ཞུས་ནས་ཡོང་བ་ཡིན་དུས་ཚོར་བ་དམིགས་བསལ་གང་ཡང་མི་འདུག དེ་རིང་འདིར་ལས་ཀའི་ངོ་བོར་བསྒྱུར་ཏེ་ལས་གནས་མི་འདྲ་བ་ཞིག་གི་ཐོག་ནས་ཞབས་ཞུ་ཞུ་རྒྱུའི་གོ་སྐབས་རག་པ་རེད། ཁྲིམས་ཞིབ་པའི་དམ་འབུལ་གྱི་རྩ་ཚིག་ནང་གསལ་བ་ལྟར་མཆོག་གསུམ་དཔང་འཛུགས་ཀྱིས་ལས་ཀ་ག་རེ་བྱས་ཀྱང་དྲང་པོ་དྲང་བཞག་བྱ་རྒྱུའི་དམ་བཅའ་ཡོད། ཅེས་གསུངས་བྱུང་། ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་ལགས་ཀྱིས། དམ་འབུལ་ནང་གསལ་ལྟར་མཆོག་གསུམ་དཔང་དུ་བཙུགས་ཏེ། ༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་ནས་ལས་ཀ་བྱ་རྒྱུ་ནི་ངའི་ལས་འགན་ཡིན་བསམ་གྱི་ཡོད། ཅེས་གསུངས་བྱུང་།
རྩིས་ཞིབ་ལྷན་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པ་བཀྲ་ཤིས་སྟོབས་རྒྱལ་མཆོག་གིས། འདེམས་སྒྲུག་ཚོགས་ཆུང་དང་སྤྱི་འཐུས་རྣམ་པས་སྤྱི་ཁྱབ་རྩིས་ཞིབ་པ་ལ་འོས་པ་གཟིགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་ལས་ཀ་བྱེད་ཡུལ་རྩིས་ཞིབ་ལས་ཁུངས་ཆགས་བསྡད་ཡོད། ད་ལྟ་རྩིས་ཞིབ་ལས་ཁུངས་ཧྲ་ཐག་ཐག་ཆགས་བསྡད་ཡོད་པ་ནི་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་རེད། དེའི་སྒང་ལ་རྩིས་ཞིབ་པ་ཟུར་བ་ཚང་མས་སྐུ་ལས་ཞེ་དྲགས་བསྐྱོན་ཡོད། དེ་དེ་བཞིན་དུ་རྩིས་ཞིབ་ཁང་གི་ལས་བྱེད་ཟུར་བ་རྣམས་ནས་ཀྱང་སྐུ་ལས་ཞེ་དྲགས་བསྐྱོན་ཡོད། ད་ལྟ་སྐབས་སུ་བབ་པའི་སྤྱི་ཁྱབ་རྩིས་ཞིབ་པའི་འགན་དེ་ངའི་སྒང་དུ་འཁྲིད་པ་རེད། ང་ལ་སྤྱི་ཁྱབ་རྩིས་ཞིབ་པ་རྒན་པ་ཚོ་ནང་བཞིན་འཇོན་ཐང་དང་རྩལ་མེད་ནའང་། བཅའ་ཁྲིམས་ཀྱིས་འགན་བསྐུལ་བ་ནང་བཞིན་འགན་མ་འཆུག་པ་ཞིག་དང་གང་བྱས་པ་དག་ལྷག་བསམ་རྣམ་དག་གི་ཐོག་ནས་བྱ་བསམ་པ་ཞིག་ཡོད། ཅེས་གསུངས་བྱུང་།
ཁྲིམས་ཞིབ་པ་གཞན་བཀའ་ཟུར་འཕགས་པ་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༦༥ ཟླ་ ༡༡ ཚེས་ ༧ ཉིན་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ས་དཀར་སྡེ་བར་སྐྱེས། ཕྱི་ལོ་ ༡༩༧༣ ནས་ ༡༩༧༨ ནས་སྡེ་བའི་ཉེ་འདབས་ཀྱི་སློབ་ཆུང་དུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༥ ནས་ཕྱི་ལོ་ ༡༩༨༩ བར་ནུབ་བྱང་མི་རིགས་སློབ་གླིང་གི་བོད་ཀྱི་སྐད་ཡིག་སྡེ་ཚན་ནས་ཉེ་བའི་གཙུག་ལག་རབ་འབྱམས་ལག་འཁྱེར་ཐོབ། ཕྱི་ལོ་ ༡༩༨༩ ལོ་ནས་ ༡༩༩༢ མདོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་གཞུང་ལས་ཁང་དུ་ལས་ཀ་བྱས། ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༧ ཉིན་ཆབ་སྲིད་ཀྱི་རྐྱེན་གྱིས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར། ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༩ ཉིན་ནས་ཚོད་ལྟའི་ཐོག་དྲུང་ལས་གནས་རིམ་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༥ ནས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་གནས་རིམ་རང་འཇགས་ཐོག་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༩ ནས་གཞུང་ཞབས་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༦ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༨ ཟླ་ ༣ ཚེས་ ༡༧ ནས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་དྲུང་གཞོན་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༡༠ ཚེས་ ༢༦ ནས་ལོ་གཉིས་རིང་ཕོགས་མེད་སློབ་སྦྱོང་དུ་བསྐྱོད། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༡༦ ནས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་དྲུང་གཞོན། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༤ ནས་ཟུང་དྲུང་དུ་གནས་སྤར་གྱིས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་ཟུང་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༨ ནས་ཞབས་ལོའི་འབབས་ཀྱི་དྲུང་ཆེ་ལས་འཕར་གྱི་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༥ ནས་བདེ་སྲུང་ལས་ཁུངས་སུ་གནས་སྤོས་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༢ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ཉིན་ནས་ཕྱི་ལོ་ ༢༠༡༦ ཟླ་ ༧ བར་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཡིག་ཆེན་མོའི་ལས་འགན་འཁུར། ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་གྱི་ལས་འགན་འཁུར་ཡོད་འདུག
ཁྲིམས་ཞིབ་པ་གཞན་སྤྱི་ཟུར་ཟླ་བ་ཕུན་སྐྱིད་མཆོག་ནི་ཕྱི་ལོ་ ༡༩༦༣ ཟླ་ ༧ ཚེས་ ༩ ཉིན་སྐྱེས། དྷ་ས་བོད་ཁྱིམ་དུ་སློབ་བཞེས་ཀྱིས་སློབ་གྲྭའི་ནང་སྤྱི་ཁྱབ་རྒན་བདག་གི་འགན་འཁུར་འཐུས་ཚང་ཞུས་པ་དང་། བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་བུ་རྩེ་ཕུད་ཀྱི་བྱ་དགའ་ཡང་སྩལ་ཐོབ་བྱུང་། འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་སྤྲོད་མཐའ་མ་དེ་ལེགས་འཕྲོད་བྱུང་རྗེས་ (Christian Medical College, Vellore) དང་། (St. John’s Medical College, Bangalore) བཅས་མཐོ་སློབ་གཉིས་ནང་སྨན་ཁང་དང་འཕྲོད་བསྟེན་འཛིན་སྐྱོང་གི་རིག་གནས་ཐོག་སློབ་མཐར་ཐོན་རྗེས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར། ཕྱི་ལོ་ ༡༩༨༧ ཟླ་ ༡ ཚེས་ ༡ ནས་བདེ་ལེགས་སྨན་ཁང་དུ་འཕྲོད་བསྟེན་འབྲེལ་མཐུད་པ་དང་། འཕྲོད་བསྟེན་ལས་ཁུངས་དབུས་མར་འཕྲོད་བསྟེན་འཆར་འགོད་འགན་འཛིན་གྱི་ལས་ཁུར་ཞུ་བཞིན་པའི་སྐབས། ༡༩༩༤ ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་དང་། དེ་རྗེས་ཕྱི་ལོ་ ༢༠༠༦ ནས་བཟུང་སྨན་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་བ་བཞིན་ལས་ཁུར་ཞུ་མུས། དེ་བཞིན་རང་རེའི་སྤྱི་ཚོགས་དང་འབྲེལ་བའི་ཞབས་ཞུའི་ཁོངས་རྡ་ས་ས་གནས་གཞོན་ནུའི་ཚོགས་གཙོ་སྐབས་གཉིས། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དབུས་གཙང་དབུས་རྒྱུན་ཚོགས་གཞོན་སྐབས་གཉིས། གཞན་ཡང་དྷ་ས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་། དྷ་སར་རྒྱལ་སྤྱིའི་ (Rotary Club) ཚོགས་པ་སོ་སོའི་ནང་ལོ་མང་ཞབས་ཞུ་ཞུས་དང་ཞུ་མུས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་འགའི་ནང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། དབུས་གཙང་སྤྱི་ཁྱབ་ཀྱི་སློབ་སྟོན་པའི་འགན་ཁུར་ཞུ་མུས། དབུས་གཙང་ཆོལ་ཁའི་རྒྱ་ཆེའི་མི་མང་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༣ པ་དང་ ༡༤། ༡༥། ༡༦། ༡༧ བཅས་སོ་སོར་འོས་འདེམས་འགན་ཁུར་ཞུ་མུས་ཡིན་འདུག
སྤྱི་ཁྱབ་རྩིས་ཞིབ་པ་བཀྲ་ཤིས་སྟོབས་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༧༣ ཟླ་ ༤ ཚེས་ ༢ ཉིན་སྐྱེས་ཤིང་། ཚོང་རིག་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༧ ཉིན་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་དྲུང་ལས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༧ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་དྲུང་གཞོན་གྱི་ཕྱག་ལས་གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༡༥ ཉིན་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་ཟུང་དྲུང་གི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༥ ནས་ཉི་ཧོང་སྐུ་ཚབ་དོན་ཁང་དུ་ཟུང་དྲུང་གི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༩ ཉིན་ནས་ཤེས་རིག་ལས་ཁུངས་སུ་དྲུང་འཕར་དང་། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་དྲུང་འཕར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༩ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་དྲུང་ཆེའི་ཕྱག་ལས་གནང་མྱོང་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།