ཡུ་རོབ་གྲོས་ཚོགས་སུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་གྲོངས་རྐྱེན་ཁ་གསལ་དགོས་པའི་སྙན་ཞུ་ཕུལ་ཡོད་པ་མ་ཟད་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་ལགས་ནས་ཝེ་ཐི་ནམ་གཞུང་ཚབ་ལ་དེ་འབྲེལ་ཡིག་ཆུང་ཞིག་ཀྱང་གནང་ཡོད་འདུག

ཁ་སང་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་སྐུ་ཞབས་མི་ནིར་ས་ཏོ་རི་ (MEP Mounir Satouri) མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་ལམ་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེན་གིན་ཨེ་རོག་ལུ་ (MEP Engin Eroglu) མཆོག་གཉིས་ཀྱིས། ཉེ་སྔོན་ལུང་སྔོན་དགོན་པའི་དགོན་བདག་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་གྲོངས་བའི་དོགས་གཞི་ཅན་གྱི་གནད་དོན་དང་འབྲེལ་བའི་སྙན་ཞུ་ཞིག་ཡུ་རོབ་གྲོས་ཚོགས་སུ་ཕུལ་བ་དང་སྦྲགས། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོས་ཀྱང་ཝེ་ཐི་ནམ་གཞུང་ཚབ་ཁང་ལ་རིན་པོ་ཆེ་མཆོག་སྐུ་གྲོངས་རྐྱེན་ལ་སེམས་འཚབ་ཡོད་པ་དང་འབྲེལ་བའི་ཡིག་ཆུང་ཞིག་ཀྱང་གནང་ཡོད་འདུག
སྙན་ཞུའི་ནང་། གསལ་ཁ་མེད་པའི་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་གྲོངས་བའི་གནད་དོན་ཐད་ལ་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པའི་ཁར། ཕྱི་ཟླ་ ༤ ཚེས་ ༢༠ ཉིན་ཝེ་ཐི་ནམ་གཞུང་གིས་རིན་པོ་ཆེ་མཆོག་གི་ནང་མི་དང་། དད་ལྡན་མང་ཚོགས། དེ་བཞིན་འབྲེལ་ཡོད་རྣམས་ཀྱི་མོས་མཐུན་ཡོད་མེད་ལ་མ་ལྟོས་པར། གསང་བའི་ཐོག་ནས་གང་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་བྱས་པའི་གནད་དོན་ཐད་ལ་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་རེ་ཞིག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དང་། མཐའ་མར་སྐུ་གྲོངས་པའི་གནད་དོན་སོགས་ཀྱི་ཐད་གཏིང་གསལ་གྱི་གསལ་བཤད་དགོས་པའི་འབོད་སྐུལ་གནང་འདུག
སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། སྐུ་ཞབས་མི་ནིར་ས་ཏོ་རི་མཆོག་དང་སྐུ་ཞབས་ཨེན་གིན་ཨེ་རོག་ལུ་མཆོག་དང་མཇལ་ཏེ། ཚོགས་གཙོ་རྣམ་གཉིས་ཀྱི་བོད་མགོ་ལོག་ལུང་སྔོན་དགོན་པའི་དགོན་བདག་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་གསལ་ཁ་མེད་པའི་གྲོངས་རྐྱེན་གྱི་ཐད་ལ་དུས་ཐོག་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཝེ་ཐི་ནམ་སྲིད་གཞུང་གིས་གསལ་བཤད་གང་ཡང་མེད་པར་གསང་བའི་ཐོག་ནས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཞུགས་འབུལ་ཞུས་པ་དེས། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཁོང་གི་དད་ལྡན་གཙོས་བོད་མི་རྣམས་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པས། དྲང་བདེན་དང་རང་དབང་ལྡན་པའི་ཞིབ་འཇུག་དགོས་གལ་ཆེ་བ་ནན་སྐུལ་ཞུས་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་མགོ་ལོག་ཁུལ་དུ་བསླེབས་སྐབས། ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་གི་རེ་འདོད་ལྟར་སྣེ་ལེན་ཟབ་རྒྱས་མ་ཞུས་པ་དང་། གོང་རིམ་གྱི་བཀའ་ལ་མི་ཉན་པར་དགོན་པ་དང་སློབ་གྲྭ་མང་པོ་བཙུགས་པ། ཉམ་ཆུང་དབུལ་ཕོངས་ཀྱི་ཐོབ་ཐང་རྩོད་ལེན་གནང་ནས་རྙོག་ཟིང་བསླངས་ཡོད་སྐོར་བརྗོད་ནས་སུན་གཙེར་ཡང་ཡང་བཟོས་ཏེ་སྐབས་ཤིག་རིང་གར་སོང་ཆ་མེད་དུ་གྱུར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་མགོ་ལོག་ལུང་སྔོན་དགོན་པའི་གནད་ཡོད་མི་སྣར་རིན་པོ་ཆེ་མཆོག་ཝེ་ཐི་ནམ་གྱི་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital ) དུ་སྐུ་གྲོངས་ཟིན་སྐོར་གྱི་གསལ་ཁ་གང་ཡང་མེད་པའི་གཏམ་ངན་བཤད། དེ་ནས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ཆེད་དུ་ཝེ་ཐི་ནམ་དུ་ཕེབས་ཏེ་རྩད་གཅོད་གནང་ཡོད་ཀྱང་། ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གྱི་ཕྱི་དྲོར་རིན་པོ་ཆེ་མཆོག་གི་ཞལ་ཁོ་ན་ཙམ་མཇལ་དུ་བཅུག ཕྱི་ཟླ ༤ ཚེས་ ༢༠ ཉིན་ཝེ་ཐི་ནམ་དུ་སྐུ་ཕུང་གསང་བའི་ཐོག་ནས་ཞུགས་འབུལ་ཞུས་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།