དྷ་ས་ས་གནས་མགོ་འཛིན་གྱི་འོས་བསྡུའི་ཁྲོད་དཀོན་མཆོག་མིག་དམར་ལགས་སུ་ཁ་གཏད་མེད་པའི་ཐོག་ནས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཁ་སང་དྷ་ས་ས་གནས་འོས་བསྡུ་ལས་ཁང་གིས་ཁྱབ་ཁོངས་མི་མང་ལ་གསལ་བསྒྲགས་ཤིག་སྤེལ་ཏེ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་དོན་བརྒྱད་པ་ནང་གསེས་ག་པ་ ༼ ས་གནས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་ཁོངས་ནས་དགོངས་ཞུ་བྱས་རིགས་ཕུད། འོས་ཤོག་མང་ཐོན་རྩེ་བཏོག་གིས་འོས་གཞི་མི་གྲངས་ ༢ འདེམས་བསྒྲུགས་ཀྱིས་མཐའ་མའི་འོས་ཤོག་འཕེན་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང་། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་ས་གནས་འགོ་འཛིན་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། ༽ ཞེས་གསལ་བ་ལྟར། དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་བ་ཡོངས་བསྒྲགས་བྱས་འདུག
དེ་རིང་འདི་གའི་གསར་འགོད་པས། དྷ་ས་ས་གནས་འོས་བསྡུ་ལས་ཁང་གི་འོས་བསྡུའི་ལས་རོགས་འགན་འཛིན་རྣམ་རྒྱལ་དོན་གྲུབ་ལགས་སུ་ས་གནས་མགོ་འཛིན་གྱི་འོས་བསྡུའི་གྲུབ་འབྲས་སྐོར་ལ་སྐད་ཆ་དྲིས་པས་ཁོང་གིས། དཀོན་མཆོག་མིག་དམར་ལགས་སུ་སྔོན་འགྲོའི་འོས་བསྡུའི་ནང་གྲུབ་འབྲས་བརྒྱ་ཆ་ ༩༤ ཐོབ་ཡོད། འོས་བསྡུའི་སྒྲིག་གཞིའི་ནང་འོས་ཤོག་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་གསལ་ཡོད། ཁོང་དང་ལྷན་དུ་འོས་བསྡུར་ཞུགས་མཁན་ཁ་གཏད་འོས་མི་ལྔ་ཡོད་ཀྱང་། ཚང་མས་དགོངས་པ་ཞུས་པ་རེད། ཅེས་བརྗོད་བྱུང་།
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བཞུགས་སྒར་དུ་དྷ་ས་གནས་མགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་པ་དང་། སྐབས་དེར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་མི་མང་ནས་འོས་ཤོག་འཕངས་ཏེ། དཀོན་མཆོག་མིག་དམར་ལགས་སུ་འོས་གྲངས་ ༩༣༦ ཐོབ་པ་དང་། ཚེ་རིང་དབྱངས་ཅན་ལགས་སུ་འོས་གྲངས་ ༢༧། བྱང་ཆུབ་རིན་ལགས་སུ་འོས་ ༧། བཀྲིས་ཆོས་འཕེལ་ལགས་སུ་འོས་ ༥། དེ་བཞིན། འཕྲིན་ལས་བྱམས་པ་ལགས་དང་ཚེ་རིང་ཕུན་ཚོགས་ལགས་གཉིས་སུ་འོས་ ༢ རེ་བཅས་ཐོབ་ཡོད། དེར་བརྟེན། དཀོན་མཆོག་མིག་དམར་ལགས་སུ་འོས་མི་དྲུག་གི་ནང་ནས་འོས་གྲངས་མང་ཤོས་དང་བརྒྱ་ཆ་ ༩༤ ཙམ་ཐོབ་ཡོད་པས་ཁ་གཏད་མེད་པའི་འོས་མིའི་ཐོག་ནས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་ཡོད་པ་རེད། ད་ལན་གྱི་དྷ་ས་ས་གནས་མགོ་འཛིན་གྱི་འོས་བསྡུའི་ཁྲོད་འོས་མི་དྲུག་ཡོད་སྟབས་འོས་མི་ཆེས་མང་བའི་དྷ་ས་ས་གནས་མགོ་འཛིན་གྱི་འོས་བསྡུ་ཞིག་ཀྱང་ཆགས་ཡོད་འདུག
ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༣ ཉིན་དྷ་ས་ས་གནས་མགོ་འཛིན་གྱི་དངོས་གཞིའི་འོས་བསྡུའི་ཁྲོད་ནས། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་རོགས་ཚོགས་དྲུང་ཡིག་ཟུར་པ་དཀོན་མཆོག་མིག་དམར་ལགས་སུ་འོས་གྲངས་ ༡༡༤༩ དང་། ས་གནས་མགོ་འཛིན་ལས་ཐོག་ཀུན་དགའ་ཚེ་རིང་ལགས་སུ་འོས་གྲངས་ ༦༩༠ ཐོབ་སྟེ། དཀོན་མཆོག་མིག་དམར་ལགས་དྷ་ས་ས་གནས་མགོ་འཛིན་གསར་པར་བདམས་ཐོན་བྱུང་ཡོད་འདུག དཀོན་མཆོག་མིག་དམར་ནི་བོད་མངའ་རིས་ཁུལ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་འབྱོར་ཏེ་ཕྱི་ལོ་ ༢༠༠༩ ལོར་དྷ་སའི་ཉེ་འཁྲིས་སུ་ཡོད་པའི་གོ་པར་པུར་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་ནས་སློབ་མཐར་སོན། ཕྱི་ལོ་ ༢༠༡༢ ལོར་ལྡི་ལི་གཙུག་ལག་སློབ་གྲྭ་ནས་སྲིད་དོན་རིག་པའི་ཐོག་ལ་རབ་འབྱམས་པའི་བསླབ་པ་མཐར་སོན་གྱིས། ཕྱི་ལོ་ ༢༠༡༧ ལོར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩའི་ནང་ལོ་གཅིག་ཙམ་རིང་ལས་ཀ་བྱས་ཤིང་། ཕྱི་ལོ་ ༢༠༡༨ ནས་ཉེ་ཆར་བར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་སུ་རོགས་ཚོགས་ཀྱི་དྲུང་ཡིག་གི་ལས་འཁུར་ཞུས་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།