༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས། དེ་རིང་འདིར་རྡོར་གླིང་གཏན་སློབ་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་གསུམ་གྱིས་བརྟན་བཞུགས་གནང་བ་རེད། ངོས་རང་ཟི་ལིང་དུ་སྐྱེས་ཏེ་ལྷ་སར་འབྱོར་བ་རེད། དེ་ནས་རྟེན་གྱི་གཙོ་བོ་ལྷ་སའི་ཇོ་བོའི་སྐུ་མདུན་དུ་ཡོངས་འཛིན་རྣམ་པ་དང་མཁན་པོ་སོགས་འཛོམས་སར་དགེ་གཉེན་དང་། དགེ་ཚུལ། དེ་བཞིན་དགེ་སློང་གི་སྡོམ་པ་བླངས་པ་རེད། སྔོན་མ་ངོས་ཀྱིས་ཁྱེད་ཚོར་ལབ་ཡོད་པ་རེད། ཐེངས་གཅིག་ངོས་ཀྱིས་རྨི་ལམ་དུ་བཅོམ་ལྡན་འདས་ཤཀྱཱ་ཐུབ་པ་དབུས་སུ་བཞུགས་ཡོད་ཅིང་། དེའི་གྲལ་དུ་ངོས་རང་ཡང་བསྡད་འདུག སྐབས་དེར་བཅོམ་ལྡན་འདས་ཀྱིས་ངོས་རང་ཡར་ཤོག་གསུངས་སོང་། ངོས་ཀྱིས་གུས་ཞབས་ཆེན་པོའི་ཐོག་ནས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་ཡར་བཅར་བ་ཡིན། བཅོམ་ལྡན་འདས་ཀྱི་དྲུང་དུ་བསླེབས་པའི་སྐབས་ངོས་རང་ལ་ཧ་ཅང་འཆམ་པོ་གནང་བྱུང་། དེའི་ཚོར་བ་སེམས་ནང་ཞེ་བོ་བསླེབས་འདུག བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་འཛིན་གྱི་ཡོད་པ་གསལ་བོ་ཞེ་བོ་བྱུང་། བཅོམ་ལྡན་འདས་ཀྱིས་ངོས་ཀྱི་མགོ་ནས་བྱིལ་བྱིལ་གནང་སྐབས། ངོས་རང་གིས་བསྟན་པ་རྒྱས་པའི་སྨོན་ལམ་བཏབས་པ་ཡིན། ངོས་ཀྱི་སེམས་སུ་བསྟན་པའི་ཞབས་འདེགས་བསྒྲུབ་བསམ་པ་ཞིག་བྱུང་། གང་ལྟར་བོད་གངས་ཅན་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ཡོད་བསྡད་པ་དེ་ཡོངས་རྫོགས་བསྟན་པའི་ཉིང་ཁུ་ཆགས་ཡོད། དེ་སེམས་སུ་འཁོར་ནས་སྐྱབས་འཇུག་ཞུས་པ་ཡིན། བཅོམ་ལྡན་འདས་ཀྱིས་ཁྱེད་རང་གི་སེམས་ཤུགས་བསྐྱེད་པ་དེ་འགྲིག་འདུག་ཅེས་བསྔགས་བརྗོད་ཆེན་པོ་གནང་བྱུང་། ངོས་རང་གི་སེམས་སུའང་ཧ་ཅང་དགའ་བོ་བྱུང་། བཅོམ་ལྡན་འདས་ལ་འབུལ་བ་གང་ཕུལ་དགོས་བསམ་ནས་ཨམ་ཁུག་བསྔོགས་་ཀྱང་གང་ཡང་མི་འདུག དེ་ནས་མངར་ཟས་(ཅོག་ལེ་ཊི) གཅིག་འདུག བཅོམ་ལྡན་གྱི་བཀའ་དྲིན་ཆེད་དུ་མངར་ཟས་ (ཅོག་ལེ་ཌི) ཕུལ་བ་ཡིན། བཅོམ་ལྡན་འདས་ཀྱིས་ཧ་ཅང་མཉེས་བོ་གནང་བྱུང་། རྨི་ལམ་དེ་ནི་ངོ་མཚར་སྐྱེ་བ་ཞིག་རེད། ངོས་རང་གི་ངོས་ནས་བཅོམ་ལྡན་འདས་ལ་དད་པ་རྩེ་གཅིག་ཡོད་ལ། བཅོམ་ལྡན་འདས་ཀྱིས་ཀྱང་རྗེས་སུ་བཟུང་བའི་རྟགས་མཚན་འཆུག་པ་མེད་པ་བྱུང་། ཞེས་གསུངས་སོང་།
ཡང་༧གོང་ས་མཆོག་ནས། སྔོན་མ་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་བ་རེད། རྒྱ་གར་དུ་འབྱོར་རྗེས་ས་ཁུལ་འདྲ་མིན་དུ་ཕྱིན་པ་རེད། དུས་ཚོད་མང་པོ་རྒྱ་གར་ནས་བསྡད་པ་རེད། རྒྱ་གར་རྡོ་རྗེ་གདན་ནས་ཆོས་བཤད་པའི་གོ་སྐབས་ཧ་ཅང་ཡག་པོ་བྱུང་། ངོས་ཀྱིས་ཡོངས་འཛིན་རྡོ་རྗེ་འཆང་གི་སྐུ་མདུན་ནས་དཔེ་ཆ་ཅུང་ཙམ་བལྟས་པའི་ཐོག བསླབ་པ་གསུམ་གྱི་ཉམས་ལེན་སོགས་ས་ལམ་བགྲོད་དེ་རྣམ་མཁྱེན་རྒྱལ་བའི་གོ་འཕངས་ཇི་ལྟར་བསྒྲུབ་དགོས་མིན་སེམས་སུ་ངེས་བ་ཐོབ་ནས་ཆུ་ཚོད་བསྐྱལ་བ་ཡིན། སྔོན་མ་ངོས་རང་རྒྱ་ནག་གི་པེ་ཅིན་དུ་ཕྱིན་པའི་སྐབས་སུ་མའོ་ཙེ་ཏུང་གིས་ངོས་རང་ལ་ཧ་ཅང་དགའ་བོ་བྱེད་ཀྱི་འདུག མའོ་ཙེ་ཏུང་གིས་ངོས་རང་ལ་ཚན་རིག་ཐོག་དོ་སྣང་ཡོད་པ་ཧ་ཅང་ཡག་པོ་ཡིན་པ་དང་། ཆོས་ནི་དུག་རེད་ཅེས་གསུངས་སོང་། ངོས་རང་གི་སེམས་སུ་མའོ་ཙེ་ཏུང་བསྟན་པའི་དགྲ་བོ་རེད་འདུག་བསམ་ཡང་ལན་གང་ཡང་བརྒྱབ་མེད། བོད་ནས་རྒྱ་གར་དུ་ཡོང་སྟེ་ལོ་མང་པོ་བསྡད་པ་རེད། རྒྱ་གར་རང་དབང་ལུང་པའི་ནང་འཛམ་གླིང་གི་གང་ས་ནས་མི་རྣམས་ཡོང་བདེ་བ་ཡིན་དུས། ང་ཚོས་ཕན་ཚུན་ལ་སྐད་ཆ་བཤད་པའི་ཐོག་ནས་ངོས་ཀྱིས་གང་ལ་གང་འཚམ་ཞབས་འདེགས་སྒྲུབ་ཐུབ་ཡོད། ལྷག་པར་དུ་ཆོས་ལ་དད་པ་མེད་པའི་ཚན་རིག་པ་རྣམས་ཀྱིས་ཚན་རིག་དང་སེམས་ཁམས་རིག་པའི་ཐོག ངོས་རང་ལ་དགའ་བོ་བྱས་ཏེ་ཐུག་ཏུ་ཡོད་མཁན་མང་པོ་འདུག དེ་དག་གིས་གང་ལ་གང་འཚམ་གྱིས་ཕན་ཐོགས་ཡོང་གི་འདུག གང་ལྟར་ངོས་ཀྱི་མི་ཚེ་རྒྱ་གར་ནང་བསྐྱལ་བ་རེད། ཅེས་གསུངས་སོང་།
ཡང་༧མགོན་པོ་གང་ཉིད་མཆོག་ནས། ངོས་ཀྱིས་བསླབ་པ་གསུམ་གྱི་ཉམས་ལེན་ནང་གཙོ་ཆེ་ཤོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉིན་རྒྱུན་ཉམས་ལེན་བྱེད་བཞིན་ཡོད། བསྟན་པའི་ཞབས་འདེགས་སྒྲུབ་སྟངས་ཀྱང་དེ་འདྲ་ཡིན། སྐབས་སུ་བབ་པ་དེ་རིང་ང་ཚོ་རྒྱ་གར་ནུབ་ཕྱོགས་ས་ཁུལ་དུ་འཛོམས་པ་རེད། ངོས་ཀྱིས་བསྐྱར་ཟློས་ཡང་ཟློས་མང་པོ་བྱེད་རྒྱུ་མི་འདུག གང་ལྟར་ང་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རེད། དེང་སང་བསྟན་པ་འཇིག་པའི་ཕྱོགས་སུ་འགྲོ་བཞིན་ཡོད་ཀྱང་། བསྟན་པ་སླར་གསོ་བྱེད་པའི་གོ་སྐབས་ཤིག་བསླེབ་ཀྱི་འདུག སྔ་མོ་ནང་པའི་ཆོས་མ་དར་སའི་ལུང་པའི་ནང་དུ་གཞི་ནས་དོ་སྣང་གསར་བ་ཞིག་བསླེབས་འདུག ངོས་ཀྱིས་ཀྱང་དེ་དག་གི་ཐོག་ཏུ་ཞབས་འདེགས་ཕྲན་བུ་སྒྲུབ་ཐུབ་ཀྱི་འདུག ང་ཚོར་མི་ལུས་ཐོབ་སྟེ་དཀའ་ངལ་མང་པོ་བརྒལ་ནས་བསྟན་པའི་ཞབས་འདེགས་བསྒྲུབ་པའི་གོ་སྐབས་ཕྲན་བུ་ཡོང་གི་ཡོད། ངོས་རང་ལ་ཆ་བཞག་ནའང་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད། ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་བཞིན་ཡོད། ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་མི་ལ་ཕན་ཐོགས་ཡོང་ཐུབ་པའི་བསམ་པའི་ཐོག་ནས་མི་ཚེ་བསྐྱལ་བཞིན་ཡོད། གང་ལྟར་ཁྱེད་ཚོ་ཚང་མ་ངོས་རང་གི་སློབ་མ་ཆགས་བསྡད་ཡོད། ངོས་རང་གིས་ཉམས་ལེན་གང་འདྲ་བྱེད་ཀྱི་ཡོད་པ་དང། བསམ་བློ་གང་འདྲ་གཏོང་བཞིན་ཡོད་པར་ཁྱེད་ཚོས་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱེད་དགོས། ངོས་ཀྱིས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་དཔེ་དུ་བླངས་ཏེ། ཁྱེད་ཚོས་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གང་ཐུབ་སྒོམ་ཤོག ཅེས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།