བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་འདུ་འཛོམས་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྟོན་དང་བོད་དོན་དྲིལ་བསྒྲགས་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ནས་ཉིན་གྲངས་གསུམ་རིང་ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ། སྦལ་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་དང་པེ་རི་སི་བོད་ཁང་གིས་གོ་སྒྲིག་འོག བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ཡུ་རོབ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། ཡུ་རོབ་ཀྱི་བོད་མི་མང་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས། པེ་རི་སིའི་གནད་ཡོད་མི་སྣ་ཁག་ཅིག ཝི་ཐི་ནམ་དགོན་པའི་མཁན་རིན་པོ་ཆེ། ཧྥ་རན་སིའི་ས་གནས་བོད་རིགས་མི་མང་རྣམས་ལྷན་འཛོམས་བྱུང་ཡོད་འདུག
སྐབས་དེར་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། ཐེངས་འདིའི་དུས་སྟོན་ཐོག་ཁྲོམ་སྟོན་བྱེེད་མཁན་གང་མང་ཕེབས་འདུག་ལ། སང་ཉིན་དགོང་མོའི་བར་དུ་བགྲོ་གླེང་སོགས་ཀྱི་ནང་དུ་གང་མང་མཉམ་ཞུགས་གནང་རོགས། དུས་སྟོན་གྱི་མཚན་ཚོགས་སྐབས་སུ་ཚང་མས་ཀུན་སྤྱོད་ཡག་པོ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱི་རྒྱལ་གྱི་མི་མང་པོས་གཟིགས་བཞིན་ཡོད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རྒྱུན་དུ་བོད་པ་ཡ་རབས་དང་བཟང་སྤྱོད་ཡིན་མཁན་ཞིག་ཡིན་ཞེས་བཀའ་གནང་བཞིན་པ་སེམས་ལ་བཞག་སྟེ། ཀུན་སྤྱོད་དང་རྣམ་འགྱུར་བསྟེན་སྟངས་ཀུན་དང་མཐུན་པར་བྱེད་པའི་འབོད་སྐུལ་ཞུ་བཞིན་ཡོད། ཐེངས་འདིའི་བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་འདི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་འབུལ་ལམ་གྱི་ངོ་བོར་སྲུང་གཙི་ཞུ་བཞིན་ཡོད། འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་ནས་ལོ་རྗེས་མའི་༧སྐུའི་འཁྲུངས་སྐར་བར་དུ་ལོ་འཁོར་མོ་གཅིག་རིང་༧སྐུའི་གོ་སྟོན་སྲུང་གཙི་གནང་བཞིན་ཡོད་པ་ཚང་མའི་མཁྱེན་གསལ་རེད། གང་ལྟར་ཚང་མའི་ནང་ནས་གལ་ཆེ་ཤོས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་སེམས་སུ་བཅིངས་ཏེ་ལག་བསྟར་བྱ་རྒྱུ་དང་། ལོ་འཁོར་མོའི་རིང་བྱམས་བརྩེའི་ལོ་སྲུང་གཙི་བྱེད་བཞིན་ཡོད་པས། ཉིན་རེ་བཞིན་མི་ལ་ཕན་མ་ཐོགས་ཀྱང་གནོད་མི་བསྐྱལ་བ་དང་། ཚིག་རྩུབ་སོགས་མི་བཤད་པའི་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་འདུག
ཡུ་རོབ་ཀྱི་བོད་མི་མང་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་བོད་པའི་འདུ་ཤེས་ཡོད་པའི་མི་ཚང་མས་རང་ཉིད་ཀྱི་ཕྱུ་བ་གྱོན་ཏེ་བོད་སྐད་བཤད་བཞིན་ཡོད་ཅིང་། སེམས་སུ་ཞེད་སྣང་མེད་པར་སྤོབས་པ་ཡོད་པའི་ཐོག་ནས་འཚོ་བ་རོལ་བཞིན་པ་དེ་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བར་དྲན་གསོ་གཏོང་དགོས། ཐེངས་འདིའི་དུས་སྟོན་ཐོག་མཉམ་ཞུགས་བྱེད་མཁན་ཚང་མས་བོད་མི་ས་ཡ་བདུན་བརྒྱད་ཙམ་གྱི་ཚབ་བྱེད་བཞིན་ཡོད་པས། ཧྥ་རན་སིའི་ཡུལ་མི་རྣམས་ལ་དཔེ་ཡག་པོ་སྟོན་མི་ཐུབ་རུང་བོད་མི་རིགས་ཀྱི་རྐང་འདྲེན་མི་བྱེད་རོགས། ཅེས་དང་། བོད་མི་རྣམས་ཀྱིས་ཡ་རབས་དང་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་འཚོ་བ་བསྐྱལ་དགོས། རང་ཉིད་ཀྱིས་ཞབས་འདྲེན་ཞུས་ཚེ་བོད་མི་རིགས་ཀྱི་མིང་བཙོག་པོ་བཟོ་བཞིན་ཡོད་པས་བསམ་བློ་གཏོང་རོགས། ཅེས་བརྗོད་འདུག དེ་བཞིན་པེ་རི་སི་བཅུ་གཉིས་ཀྱི་རྫོང་དཔོན་དང་། པེ་རི་སི་རྫོང་དཔོན་གཞོན་པ་སོགས་ཀྱིས་ཐེངས་འདིའི་དུས་སྟོན་དང་འབྲེལ་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ནི་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ཧྥ་རན་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་བོད་ཁང་གིས་གོ་སྒྲིག་ཞུ་བཞིན་ཡོད་ཅིང་། འདུ་འཛོམས་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྟོན་དང་བོད་དོན་དྲིལ་བསྒྲགས་བྱེད་མུས་ཡིན་འདུག་ལ། ཐེངས་འདིའི་དུས་སྟོན་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་དེབ་གསར་བ་བོད་དང་བོད་མིའི་མགྲིན་ཚབ་ཐོག་བགྲོ་གླེང་དང་། བོད་སྨན་བསྟེན་གཏུགས། དཔེ་དེབ་འགྲེམས་སྟོན། ཚོགས་སྡེ་ཁག་གིས་གཞས་སྣ་གཟིགས་འབུལ། བོད་ཀྱི་ཟས་རིགས་སྣ་ཚོགས། བོད་ཀྱི་དངོས་རྫས་མཁོ་ཆས་སོགས་འགྲེམས་སྟོན་གྱིས་དུས་སྟོན་སྲུང་གཙི་གནང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།