དེ་རིང་བོད་ཀྱི་ཆོས་ཚོགས་ཐེངས་བཅོ་ལྔ་བའི་བཀའ་དབུས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་ཅེས་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་གྱི་སྟེང་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་དུ། དེ་རིང་ཕྱི་ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་གི་བོད་ཀྱི་ཆོས་ཚོགས་ཐེངས་བཅོ་ལྔ་པ་དབུ་འཛུགས་བསྐྱངས་སོང་བ་དང་། ཚོགས་མགོན་དུ་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་༧སྐྱབས་མགོན་༧གོང་མ་ཛྙན་བཛྲ་རིན་པོ་ཆེ་མཆོག ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་སྐུ་ཚབ་སྨིན་གླིང་མཁན་ཆེན་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྟག་ལུང་ཞབས་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག ཀརྨ་པ་རིན་པོ་ཆེའི་སྐུ་ཚབ་མཁན་ཆེན་བློ་གྲོས་དོན་ཡོད། ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་བཅས་བསྟན་བདག་བླ་ཆེན་རྣམ་པ་དབུ་བཞུགས་འོག་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ནས་ཕེབས་པའི་ཚོགས་བཅར་བ་ཁྱོན་ ༡༢༡ དང་ཟུར་ཉན་པ་སོགས་ཁྱོན་བསྡོམས་མི་གྲངས་ཉིས་བརྒྱ་ཟིན་ལ་ཉེ་བ་འཛོམས་འདུག
མཛད་རིམ་གྱི་བཀའ་དབུས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བརྙན་ལམ་བརྒྱུད་སྩལ་བའི་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་ཕེབས་པའི་ནང་། ཀུན་གྱིས་བློ་མངའ་བཞིན། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ལ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་གི་ཚོགས་འདུར་གོ་བསྡུར་དང་འབྲེལ། གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཀུན་དང། བོད་དང་བོད་མིར་འབྲེལ་ཆགས་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་བཟློ་བའི་ངོས་ཀྱི་བསྒྲགས་གཏམ་གྱི་ནང་ “འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན་” ཚུལ་དང་། ཡང་ “ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང་བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན།” ཞེས་གསལ་བ་ལྟར། བར་སྐབས་འདི་ནས་དད་ལྡན་མང་ཚོགས་ལ་དམིགས་བསལ་གོ་བསྡུར་བྱ་རྒྱུ་མ་བྱུང་རུང། འདས་པའི་ལོ་ངོ་བཅུ་བཞིའི་རིང་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་རྣམ་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་འཐུས་ཚོགས་དང་དམིགས་བསལ་ཚོགས་ཆེན། འཛིན་སྐྱོང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཧི་མ་ལ་ཡའི་རི་རྒྱུད། ཆེན་པོ་ཧོར་དང་རུ་སུའི་ཁོངས་ཀྱི་ནང་པའི་ཡུལ་དགོན། རྒྱ་ནག་སྐམ་ས་སོགས་ཀྱི་རྒྱ་རིགས་དང་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གི་དད་ལྡན་མི་མང་བཅས་ནས་དང་བླང་གིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པའི་མངོན་འདོད་རྒྱུ་མཚན་དང་སྦྲགས་ཏེ་ཡིག་ཐོག་ནས་ཞུ་སྐུལ་ནན་པོ་བྱུང་བ་དང། ལྷག་པར་དུ་གཞིས་ལུས་བོད་མི་སྤྱི་སྒེར་མང་པོས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་སྔ་རྗེས་འབྱོར་བ་ལྟར། ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་འབྲེལ་ཡོད་མང་ཚོགས་ཀྱི་མངོན་འདོད་བཅོས་མིན་གྱི་ལམ་ནས་ཐག་གཅོད་བྱས་པར་ངོས་འཛིན་གྱིས་དེ་དོན་ཡོང་བའི་མོས་མཐུན་བྱེད། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་ངོས་འཛིན་བྱེད་ཕྱོགས་ཐད་བསྒྲགས་གཏམ་སྔོན་མའི་ནང་གསལ་བཞིན། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་པ་བཅས་ཀུན་གྱིས་ཡིད་འཇགས་གྱིས། དྷ་རམ་ས་ལ་ནས་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་བོད་རྒྱལ་ལོ་ ༢༡༥༢ རབ་བྱུང་བཅུ་བདུན་པའི་ཤིང་སྦྲུལ་ཟླ་ ༣ ཚེས་ ༢༤ ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༡ ལ་བྲིས་པ་དགེ་བར་གྱུར་ཅིག ཅེས་གསུངས།
ཆོས་ཚོགས་ཐེངས་བཅོ་ལྔ་བའི་སྔ་དྲོའི་ཚོགས་ཐུན་སྟེང་ཚོགས་བཅར་བ་ཡོངས་ནས་སྤྱི་མོས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་བཞག་པའི་ནང་། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན། བོད་མིའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། “འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ནས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན་” ཚུལ་དང༌། ཡང་ “ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང་། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། ཞེས་སྤྱི་ཕེབས་ལ་བརྟེན། བོད་མིའི་ཆོས་ཚོགས་ཐེངས་བཞི་པ་དང་། དམིགས་བསལ་ཚོགས་ཆེན། བོད་ཕྱི་ནང་དུ་གནས་པའི་བོད་མི་སྤྱི་དང༌། ཧི་མཱ་ལ་ཡའི་ས་ཁུལ་ཁག ཆེན་པོ་ཧོར། རྒྱ་ཡི་ཆོས་གྲོགས། ཕྱི་ནང་དད་ལྡན་སོགས་ཁུངས་སོ་སོ་ནས་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ངེས་ཕེབས་ཡོང་བ་ཞེས་གཅིག་མཇུག་གཉིས་མཐུད་དུ་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར། ྋམགོན་པོ་མཆོག་ནས་ཀྱང་ྋསྐུའི་གོ་སྟོན་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་འཇིག་རྟེན་ཞི་བདེ་དང༌། འགྲོ་བའི་བདེ་སྐྱིད་སྒྲུབ་པའི་ཐུགས་བསྐྱེད་དམ་བཅའ་གཡེལ་མེད་ངང་ “རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་འབྲེལ་ཡོད་མང་ཚོགས་ཀྱི་མངོན་འདོད་བཅོས་མིན་གྱི་ལམ་ནས་ཐག་གཅོད་བྱེད་པར་ངོས་འཛིན་གྱིས་དེ་ དོན་ཡོང་བའི་མོས་མཐུན་བྱེད།” ཅེས་ཞལ་བཞེས་བཟང་པོ་བཀའ་དྲིན་སྨིན་སྩོལ་བྱུང་བར། བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཚོགས་ཞུགས་ཆོས་བརྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། སྐུ་ཚབ། ཚོགས་བཅར་བ་བཅས་སྤྱི་མགྲིན་ནས་ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་སྦྲགས། ཆོས་ཚོགས་སུ་གཤམ་གསལ་དོན་གནད་ཁག་ལ་སྤྱི་མོས་བྱུང་བ་སྟེ།
གཅིག སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་ཆ་ཚང་ལ་ཚོགས་བཅར་བ་ཡོངས་ནས་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་དང༌། གསུང་འཕྲིན་འདི་ཉིད་གསལ་བསྒྲགས་རྒྱ་གང་ཆེ་ཁྱབ་འགྲེམས་ཞུ་རྒྱུ།
གཉིས། སྐུ་ཕྲེང་རྒྱུན་མཐུད་ཇི་ལྟར་བྱ་རྒྱུ་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་སྟབས། རྒྱ་ནག་དམར་གཞུང་གིས་ཆབ་སྲིད་དགོས་མཁོ་ཁོ་ནར་དམིགས་ནས་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ཕེབས་ཕྱོགས་ཐད་ཇུས་ངན་སྣ་ཚོགས་གཤོམ་སྒྲོགས་བྱས་དང་བྱེད་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། དུས་ནམ་ཡང་ངོས་ལེན་བྱེད་ཐབས་མེད།
གསུམ། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་ཡོངས་ནས་༸མགོན་པོ་མཆོག་གི་བཞེད་དགོངས་འགྲུབ་ཐབས་ལ་ཕྱར་གྲུ་མཉམ་འདེགས་ཞུ་སླད། དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱི་སྒོ་ནས་འབད་འབུངས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཞེས་འཁོད་འདུག
གསར་འགོད་པ་དང་རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།