དེ་རིང་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་དྷ་ས་བོད་ཀྱི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་སོང་།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆར་ཌི་གྷི་རི་མཆོག་གིས་གཙོས། ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་། བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དང་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འགུལ་དང་ཁོར་ཡུག་འབྲེལ་མཐུད་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས། འཛམ་གླིང་རྒྱལ་ཁབ་ ༡༥ ཙམ་ནས་ཚོགས་ཞུགས་པ་ ༩༥ མཉམ་ཞུགས་བྱས་འདུག
ཚོགས་ཆེན་གྱི་དམིགས་ཡུལ་དང་འབྲེལ་ནས་དང་བླངས་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས། ཚོགས་ཆེན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་པའི་རྒྱལ་རབས་ལོ་རྒྱུས་དང་། བོད་དོན་ཞུ་གཏུག་གི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ། ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་གྲུབ་འབྲས་ཆེ་བ་འཐོན་ཐབས། དེ་བཞིན་མ་འོངས་པར་མུ་མཐུད་དུ་ཞུ་གཏུག་གི་ལས་འགུལ་གང་འདྲ་སྤེལ་དགོས་མིན་སོགས་ཟབ་སྦྱོང་སྤྲོད་རྒྱུར་གཙོ་བོར་དམིགས་ཏེ། ལོ་ལྟར་གཞོན་སྐྱེས་གྲངས་ ༡༠༠ ཙམ་ལྷན་འཛོམས་ཀྱིས་གཞོན་སྐྱེས་ཚོགས་ཆེན་འཚོགས་དང་འཚོག་མུས་རེད། ཅེས་དང་། ད་ལན་གྱི་ཚོགས་ཆེན་སྟེང་ཚོགས་བཅར་བ་གྲངས་ ༩༥ ཡོད་པའི་ཁྲོད་ལོ་ན་གཞོན་པ་མང་པོ་འདུག་ལ། དེའི་ནང་ནས་བུད་མེད་བརྒྱ་ཆ་ ༦༠ ལྷག་དང་སྐྱེས་པའི་བརྒྱ་ཆ་ ༤༠ ཙམ་ཡོད་སྐོར་དང་། ས་གནས་ཁག་གི་དང་བླངས་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ་ ༦ ཙམ་མཉམ་ཞུགས་གནང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
དབུ་འབྱེད་མཛད་སྒོའི་སྟེང་ཐོག་མར་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་སྐུ་ཞབས་རི་ཆར་ཌི་གྷི་རི་ (Richard Gere) ལགས་ཀྱིས། འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་ནང་གི་བོད་མི་རྣམས་ལ་རྒྱབ་སྐྱོར་དང་། དམིགས་བསལ་གྱིས་བོད་ནང་གི་གནད་དོན་ཐད་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ནི་བོད་རྒྱལ་ཁབ་ཁོ་ནར་མིན་པར་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་རེད། ཅེས་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་བརྟེན་བོད་མི་རྣམས་བཙན་བྱོལ་དུ་བྲོས་བྱོལ་དུ་ཕྱིན་རྗེས། བོད་མི་རྣམས་ཀྱི་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ལས་འགུལ་འདྲ་མིན་སྤེལ་བ་མ་ཟད། རྒྱ་ནག་གིས་གནོན་ཤུགས་ཇི་ཙམ་ཆེ་ནའང་མུ་མཐུད་དུ་བོད་དོན་འཐབ་རྩོད་དང་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེར་སྤེལ་བཞིན་ཡོད་འདུག་ལ། བོད་རིགས་གཞོན་སྐྱེས་རྣམས་ཀྱིས་སོ་སོའི་ནུས་པ་དང་སྒྱུ་རྩལ་མི་འདྲ་བའི་ཐོག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སོགས་སྤེལ་བར་ནུས་པ་མཉམ་སྤུངས་དང་སེམས་ཤུགས་འཕར་མ་ཞིག་དགོས་ཀྱི་ཡོད་སྐོར་དང་། ཁོང་གིས་མུ་མཐུད་དུ་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡིན་སྐོར་སོགས་གསུངས་སོང་།

ཨོ་གླིང་གི་དང་བླངས་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ་བསྟན་འཛིན་ནོར་འཛིན་ལགས་ཀྱིས། དེ་སྔ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ནང་མཉམ་ཞུགས་ཐེངས་དང་པོ་བྱས་མྱོང་བ་མ་ཟད། སྐབས་དེ་དུས་སོ་སོར་ཉམས་མྱོང་གསར་པ་དང་མི་མང་པོའི་མཉམ་དུ་འབྲེལ་བ་བྱ་རྒྱུའི་གོ་སྐབས་བྱུང་སོང་། ད་དུང་ལོ་ངོ་གཅིག་རིང་ཨོ་གླིང་བོད་ཀྱི་ཞུ་གཏུག་ཚན་པའི་འབྲེལ་མཐུད་པའི་ལས་འགན་འཁུར་ནས་ཉམས་མྱོང་ཇི་ཙམ་བསགས་ཡོད་པ་དེ་དག་ཚོགས་ཆེན་འདིའི་བརྒྱུད་ནས་གཞོན་སྐྱེས་རྣམས་ལ་རྒྱབ་སྐྱོར་དང་གོ་རྟོགས་སྤེལ་རྒྱུ། སེམས་ཤུགས་སྤར་རྒྱུའི་ཆེད་དུ་ཡོང་བ་ཡིན། གཞན་ཡང་། ད་ལན་གྱི་ཚོགས་ཆེན་བརྒྱུད་ད་ལོའི་ལས་གཞི་ལས་འཆར་གང་སྤེལ་དགོས་མིན་སོགས་ཀྱི་ཐོག་ལ་གླེང་སློང་གིས་འཆར་གཞི་གསར་པ་བསྐྲུན་རྒྱུའི་ཆེད་དུ་ཡོང་བ་ཡིན། ཞེས་བརྗོད་བྱུང་།
ཨ་རིའི་དང་བླངས་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ་བསྟན་འཛིན་ཆོས་བཟང་ལགས་ཀྱིས། ཚོགས་ཆེན་འདིའི་ནང་མཉམ་ཞུགས་བྱེད་དགོས་དོན་གཙོ་བོ་ནི། ད་ལན་གྱི་ཚོགས་ཆེན་ནང་འཛམ་གླིང་རྒྱལ་ཁབ་གང་སར་ནས་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་ལྷག་བསམ་རྣམ་དག་གིས་མཉམ་ཞུགས་བྱས་ཏེ། བོད་ཀྱི་རྩ་དོན་གྱི་ཆེད་དུ་དཀའ་ལས་རྒྱག་འདོད་ཡོད་པ་དང་། སེམས་ཤུགས་དང་ནུས་པ་གཅིག་ཏུ་སྤུངས་ཏེ་བོད་དོན་འཐབ་རྩོད་བྱ་རྒྱུ་སོགས་ལ་དམིགས་པ་ཞིག་ཡིན་སྐོར་སོགས་བརྗོད་བྱུང་། ཚོགས་བཅར་བ་ཉི་མ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་དང་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་ཡོང་རྒྱུའི་ཆེད་དུ་མཉམ་ཞུགས་བྱས་ཡིན་སྐོར་བརྗོད་བྱུང་། འཇར་མ་ནི་ནས་ཡིན་པའི་ཚོགས་བཅར་བ་པ་སངས་ཇུ་ལི་ཡན་ལྷ་མོ་ལགས་ཀྱིས། དབུ་མའི་ལམ་གྱི་ཐོག་ལ་གོ་རྟོགས་གཏིང་ཟབ་ཡོང་རྒྱུའི་ཆེད་དུ་ད་ལན་གྱི་ཚོགས་ཆེན་ནང་མཉམ་ཞུགས་བྱས་པ་ཡིན་སྐོར་བརྗོད་བྱུང་།
སྦེལ་ཇམ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་ཚེ་རིང་སྒྲོལ་དཀར་ལགས་ཀྱིས། ངའི་ཕ་མ་སྤུན་མཆེད་རྣམས་བོད་ནང་ཡོད་པ་དང་། བོད་ནང་འགྲོ་རྒྱུའི་འཆར་གཞི་ཡོད་པར་བརྟེན། དེ་སྔ་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་བྱས་མེད། ཕྱིས་སུ་ང་རང་བོད་དུ་ཕྱིན་ཏེ་བོད་ནང་གི་གནས་སྟངས་རྣམས་དོན་དངོས་སུ་མཐོང་རྒྱུ་བྱུང་བས། རང་ཉིད་ཕྱི་རྒྱལ་ཡུལ་རང་དབང་ལུང་པར་བསྡད་རྒྱུ་བྱུང་བ་དེ་བསོད་ནམས་ཆེན་པོ་ཞིག་ཡིན་པ་ཚོར་བྱུང་ལ། བོད་དོན་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེན་མཐོང་བ་དང་། དེ་ནི་སོ་སོའི་འོས་འགན་ཞིག་ཡིན་པ་ཚོར་བྱུང་། ད་དུང་མ་འོངས་པར་མུ་མཐུད་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་སྐོར་བརྗོད་བྱུང་།
དེ་རིང་བཞུགས་སྒར་དུ་འཚོག་མུས་ཡིན་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་ཉིན་དང་པོའི་ཐོག བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ཟུར་པ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་བླང་དོར་བཀའ་སློབ་གནང་རྒྱུ་དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་དང་། འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་རྣམ་གཉིས་ཀྱིས་གཞོན་སྐྱེས་མགོ་ཁྲིད་སྐྱེད་སྲིང་ཟབ་སྦྱོང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་སྐྱེ་འགྲོ་ཡོངས་དང་ལྷག་པར་བོད་དོན་ཐོག་མཛད་འགན་བཞེས་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་ཡོད་ཅིང་། སང་ཉིན་ཕྱི་ཚེས་ ༤ ཉིན་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དུས་རབས་ཉེར་གཅིག་པའི་ནང་རྒྱལ་སྤྱིའི་ཡུལ་བབས་ཀྱི་སྲིད་བྱུས་འཕོ་འགྱུར་དང་། བོད་དོན་དང་འབྲེལ་བའི་བརྒྱུད་ལམ་ཁག་དང་འབྲེལ་ལམ་ཐབས་བྱུས། བོད་མི་མང་སྤྱི་འཐུས་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཨེ་ཤ་ཡའི་སྡེ་ཚན་ལས་དོན་དོ་དམ་པ་རྡོ་རྗེ་ཚེ་བརྟན་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འགུལ་དང་ཁོར་ཡུག་འབྲེལ་མཐུད་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་རྣམ་གཉིས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་ཐབས་བྱུས་དང་ལྡན་པའི་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་སྐོར་གཏམ་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༥ ཉིན་བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་ཐོག་བདེ་འཇགས་ལས་དོན་དོ་དམ་པ་བསྟན་འཛིན་མཐའ་ཡས་ལགས་ཀྱིས་ཆབ་སྲིད་ལས་འགུལ་པས་བརྡ་འཕྲིན་དང་སྤྱི་ཚོགས་བརྒྱུད་ལམ་ཁག་གང་ནུས་བེད་སྤྱོད་གཏོང་ཐབས་སྐོར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་འདུག
འདས་ལོའི་ཕྱི་ཟླ་ ༧ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་སྐོང་འཚོགས་གནང་སོང་། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་གཞོན་སྐྱེས་ཚོས་མཉམ་རུབ་ཀྱི་ཐོག་ནས་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་གནས་བབ་དང་བསྟུན། བོད་དོན་ཞུ་གཏུག་གང་ཐུབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་ལ། ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་ ༡༣ ནས་ཚོགས་ཞུགས་བ་ཕོ་མོ་གྲངས་ ༡༠༥ ལྷག་གིས་མཉམ་ཞུགས་བྱས་ཡོད་འདུག ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དྷ་སའི་ཉེ་འགྲམ་གྱི་ཌི་པོ་ལོ་ (D’Polo)གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་དེ་འཚོགས་ཡོད་པའི་ཁྲོད། འཛམ་གླིང་རྒྱལ་ཁབ་ ༡༦ ལྷག་ནས་ཕེབས་པའི་གཞོན་སྐྱེས་ཚོགས་བཅར་བ་ཁྱོན་ ༡༠༠ ལྷག་མཉམ་ཞུགས་བྱས་ཏེ། སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཕུགས་དམིགས་སྐོར་དང་། བོད་ཀྱི་ལེགས་བྱང་དང་བོད་མིའི་ངོ་བོ། བྱུང་རབས་ལོ་རྒྱུས་སྐོར། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོའི་སྐོར། ལོ་མང་རིང་རྒྱ་ནག་གཞུང་གིས་བོད་ཀྱི་དངོས་བྱུང་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤད་བྱེད་པར་ཁུངས་འཁྱོལ་ཐབས་མེད་པའི་སྐོར་སོགས་ཀྱི་ཐད་ལ་གྲོས་བསྡུར་གནང་ཡོད་འདུག
བསྟན་འཛིན་ཉི་སྒྲོན་དང་། བློ་བཟང་སྒྲོལ་མ།
གསར་འགོད་པ། བསྟན་འཛིན་ཕུར་བུ།