གོ་སྟོན་གྱི་དུས་སྐབས་འདིར་རྒྱ་གཞུང་གིས་མདོ་སྨད་རེབ་གོང་དུ་དམག་མི་འབོར་ཆེན་འགྲེམས་འཇོག་གིས་ཁུལ་དེའི་བོད་མི་རྣམས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ད་ལྟའི་ཆར་མདོ་སྨད་རེབ་གོང་གི་དྲུག་པའི་ཀླུ་རོལ་མགོ་འཛུགས་ལ་ཉེ་བ་དང་བསྟུན། རྒྱ་གཞུང་གིས་རེབ་གོང་ཁུལ་གྱི་གྲོང་སྡེ་རེ་རེར་ཀླུ་རོལ་གྱི་མཛད་སྒོ་གཅིག་ཀྱང་འཚོགས་མི་ཆོག་པའི་བཀའ་ཁྱབ་བཏང་འདུག་པའི་ཁར། སྡེ་བའི་དབྱར་སྐྱིད་དང་། ཁྱིམ་ཚང་གི་སྟོན་མོ་སོགས་ཀྱི་མཛད་སྒོའི་རིགས་གཅིག་ཀྱང་སྤེལ་མི་ཆོག་པ་དང་། མི་མང་འདུ་འཛོམས། དགོང་མོའི་ཆུ་ཚོད་ ༦ པའི་རྗེས་ནས་ཟ་ཁང་དང་ཚོང་ཁང་། ཆང་ཁང་སོགས་སྒོ་འབྱེད་མི་ཆོག་པ་སོགས་ཀྱི་བཀའ་རྒྱ་ནན་པོ་བཏང་ཡོད་འདུག
དེ་འབྲེལ་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ཉེ་ལམ་རེབ་གོང་དུ་གནས་སྡོད་བྱེད་མཁན་གྱི་ཡུལ་མི་ཁག་ཅིག་ལ་ཉེས་རྡུང་བཏང་ཡོད་ཅིང་། ཉིན་མཚན་མེད་པར་དྲག་དམག་ཤུགས་ཆེན་འགྲེམས་འཇོག་བྱས་ཏེ། གཞུང་ལམ་དུ་ཉེན་རྟོག་པའི་རླངས་འཁོར་ཕར་རྒྱུག་ཚུར་འོང་བྱས་ཏེ་མང་ཚོགས་ཀྱི་སེམས་ལ་སྡུག་བསྔལ་ཚད་མེད་བཏང་དང་གཏོང་བཞིན་འདུག ཅེས་བརྗོད་འདུག ཡང་འབྲེལ་ཡོད་ཅིག་གིས། རེབ་གོང་ལ་དམ་དྲག་འདུག ཚོང་ཁང་སོགས་སུ་སྔོག་བཤེར་གཏོང་གི་འདུག་ཟེར། འོན་ཀྱང་། གནས་ཚུལ་ཅི་ཞིག་ལྷག་མིན་གསལ་བོ་བཤད་པར་ཞེད་སྣང་བྱེད་ཀྱིན་འདུག ཅེས་བརྗོད་བྱུང་།
བོད་ཟླ་དྲུག་པ་ནི་རེབ་གོང་གི་ས་ཆར་དབྱར་སྟོན་དང་དྲུག་པའི་ཀླུ་རོལ་གྱི་སྲོལ་རྒྱུན་རིག་གནས་དེ་དག་ལ་རོལ་བའི་སྐབས་ཤིག་ཡིན་ཡང་། འདི་ལོར་རྒྱ་གཞུང་གིས་ལུགས་སྲོལ་དེ་དག་མེད་པར་བཟོ་ཐབས་བྱེད་ཀྱིན་ཡོད་པར་བརྟེན། མི་མང་སེམས་ཁམས་སྡུག་གི་ཁེངས་ནས་བསྡད་ཡོད་ནའང་། ད་དུང་མང་ཚོགས་ཀྱིས་མུ་མཐུད་དུ་དྲུག་པའི་ཀླུ་རོལ་འཚོག་ཐུབ་པར་འབད་བརྩོན་དང་རེ་བ་ཤུགས་ཆེན་བྱེད་ཀྱི་འདུག
སྤྱིར་བོད་ཀྱི་ས་ཆ་སོ་སོར་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་ཕུན་སུམ་ཚོགས་པ་ཡོད་ཅིང་། དེ་དག་ནི་མེས་པོ་རིམ་བྱོན་ནས་བརྒྱུད་དེ་བོད་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་དང་རིན་ཐང་ལྟ་བ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། རེབ་གོང་ས་ཆ་ལའང་ལྷ་སྒྲུང་དང་གཏམ་རྒྱུད། ལ་གཞས། སྟོན་བཤད། བསང་མཆོད། འབྲས་དཀར། ཟློས་གར།འཆམ། རྟ་རྒྱུག་སོགས་དམངས་ཁྲོད་རིག་གནས་གྱ་ནོམ་པ་ཡོད་པ་དང་། དེ་དག་ལས་ས་ཆ་གཞན་དང་ཐུན་མོང་མ་ཡིན་པ་ནི་དྲུག་པའི་ཀླུ་རོལ་ཞེས་པ་དེ་ཡིན་འདུག་ལ། རེབ་གོང་གི་བོད་མི་ཚོས་ཧོར་ཟླ་དྲུག་པ་ནི་ལྷ་ཟླ་ཆེན་མོ་ཞེས་མཆོད་པ་དང་རྩེད་མོ་སྣ་ཚོགས་ཀྱི་སྒོ་ནས་ལྷ་ཀླུ་གཉན་གསུམ་དགྱེས་པར་བྱེད་པ་ན་དྲུག་པའི་ཀླུ་རོལ་ཞེས་འབོད་པ་དང་། ཡང་ཁག་ཅིག་གིས་ཧོར་ཟླ་དྲུག་པ་ནི་རེབ་གོང་ས་ཆར་ལོ་ཏོག་སྨིན་པའི་དུས་བཟང་ཡིན་པས། བོད་མི་རྣམས་ཀྱིས་རྟེན་འབྲེལ་གྱི་ཆེད་དུ་གཟབ་ཆས་སྤྲས་ཏེ་གླུ་ལེན་གར་འཁྲབ་བྱེད་སྲོལ་དར་བས་དྲུག་པའི་གླུ་རོལ་ཞེས་འབོད་སྲོལ་འདུག སྡེ་བ་འགས་ཧོར་ཟླ་དྲུག་པའི་ཚེས་ ༧ ནས་མགོ་འཛུགས་བྱེད་ཀྱི་ཡོད་ཀྱང་། དུས་ཆེན་འདི་ལོ་རེའི་ཧོར་ཟླ་དྲུག་པའི་ཚེས་ ༡༧ ནས་ ༢༦ བར་སྲུང་གཙི་ཞུ་ཡི་ཡོད་པ་དང་། རེབ་གོང་གི་དྲུག་པའི་ཀླུ་རོལ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་། ས་གནས་བོད་མི་ཚོས་ངོས་འཛིན་ཡོད་པ་དང་། སྲོལ་རྒྱུན་འདི་ལྟ་བུ་མེད་པར་བཟོ་བ་ནི་བོད་མིའི་ངོ་བོ་མེད་པར་བཟོ་བའི་དམིགས་ཡུལ་ངན་པ་ཞིག་ཡིན་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།