རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བརྩེ་བའི་སྐུ་མདུན་ཞེས་པའི་བརྗོད་གཞིའི་ཐོག་བོད་རིགས་རང་ལོ་ ༡༨ མན་གྱིས་བྲིས་པའི་རི་མོའི་བརྩམས་ཆོས་ ༩༠ འགྲེམས་སྟོན་བྱེད་མུས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༥ ནས་ ༡༥ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཀཱ་མ་ལ་དྷེ་ཝི་ (Kamaladevi Complex) ཞེས་པའི་འགྲེམས་སྟོན་ཁང་ཞིག་ཏུ། ༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ (Foundation for Universal Responsibility of His Holiness the Dalai Lama) དང་ཁ་དོག་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་སྲུང་གཙི་དང་བསྟུན། ༧མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་དང་ཕྱག་རྟགས་མཚོན་སླད། བརྩེ་བའི་སྐུ་མདུན་ (Dear Kundun) ཞེས་པའི་བརྗོད་གཞིའི་ཐོག་བོད་རིགས་རང་ལོ་ ༡༨ མན་གྱི་རི་མོའི་བརྩམས་ཆོས་གྲངས་ ༩༠ འགྲེམས་སྟོན་གནང་བཞིན་འདུག
དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཁ་དོག་མཐུན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་གྲས་སུ་ཡོད་པའི་རི་མོ་བ་བཀྲ་ཤིས་ཉི་མ་ལགས་སུ་འགྲེམས་སྟོན་གྱི་སྐོར་དྲིས་པར་ཁོང་གིས། འགྲེམས་སྟོན་འདིའི་བརྗོད་གཞིར་བརྩེ་བའི་སྐུ་མདུན་ཞེས་རྗོད་ཀྱི་ཡོད་ཅིང་། སྤྱིར་བཏང་འགྲེམས་སྟོན་འདི་གོ་སྒྲིག་བྱས་པའི་སྐབས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཡིན་པའི་བོད་རིགས་རང་ལོ་ ༡༨ མན་གྱི་སློབ་ཕྲུག་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟིགས་ཚུལ་གང་འདྲ་ཡིན་པའི་བརྗོད་གཞིའི་ཐོག་རི་མོ་བྲིས་པ་རྣམས་བསྡུ་རུབ་བྱས་ཏེ་ཁྱོན་རི་མོ་ ༧༠༠ ལྷག་འབྱོར་བྱུང་། དེའི་ནང་ནས་རི་མོ་མི་འདྲ་བ་ ༩༠ བདམས་ཏེ། ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འགྲེམས་སྟོན་བྱེད་བཞིན་ཡོད། ད་བར་འགྲེམས་སྟོན་དེའི་ནང་གཟིགས་མོ་བ་གྲངས་ ༥༠༠ ཙམ་ཕེབས་སོང་། ཞེས་བརྗོད་བྱུང་།
གཟིགས་མོ་བ་རྣམས་ཀྱིས་རི་མོ་དེ་དག་ལ་མཐོང་ཚུལ་མི་འདྲ་བ་གང་བྱུང་ཡོད་སྐོར་ཐད་བཀྲ་ཤིས་ཉི་མ་ལགས་ཀྱིས། དུས་རྒྱུན་ནས་ཕྱིའི་རྒྱལ་ཁབ་ཁག་གི་མི་སྣ་དེ་དག་གིས་༧གོང་ས་མཆོག་ནི་ཆོས་ཀྱི་དབུ་ཁྲིད་ཅིག་ལ་ངོས་འཛིན་གནང་སྟེ། ང་ཚོ་དང་༧མགོན་པོ་གང་ཉིད་ཀྱི་དབར་ལ་རྒྱང་ཐག་རིང་པོ་ཡོད་པའི་ཐོག ང་ཚོ་དང་མཉམ་དུ་ཚོར་སྣང་སོགས་བཤད་རྒྱུའི་གོ་སྐབས་རག་གི་མེད་པའི་ཚོར་སྣང་འབྱུང་མཁན་འདུག འོན་ཀྱང་། སློབ་ཕྲུག་རྣམས་ཀྱིས་རི་མོ་དེ་དག་ལ་ལྟ་བའི་སྐབས་སློབ་ཕྲུག་དེ་དག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལྟ་ཚུལ་མི་འདྲ་བ་དང་། ངོས་འཛིན་གནང་ཕྱོགས་མི་འདྲ་བ། ཚོར་བ་མི་འདྲ་བ་ཡོད་པ་རྣམས་རི་མོའི་ལམ་ནས་སྟོན་ཐབས་བྱས་ཡོད་ཅིང་། ཁག་ཅིག་གིས་༧མགོན་པོ་གང་ཉིད་མཆོག་ལྷ་འདྲ་བོ་གཟིགས་ཀྱི་ཡོད་པ་དང་། ཁག་ཅིག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ལ་གཟིགས་པ། ཁག་ཅིག་གིས་སློག་ཕྲུག་དེ་དག་གི་གཉེན་གྲོགས་ཉེ་པོ་ཞིག་ཡིན་པའི་ཚོར་སྣང་རྣམས་རི་མོའི་ལམ་ནས་བསྟན་འདུག དེར་བརྟེན་ཕྱི་མིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཆོས་ཀྱི་དབུ་ཁྲིད་ཅིག་དང་ལམ་སྟོན་མཛད་མཁན་ཞིག་ལ་ངོས་འཛིན་གནང་གི་ཡོད་ཀྱང་། བོད་པའི་སློབ་ཕྲུག་དེ་དག་གིས་རི་མོའི་ལམ་ནས་ཚོར་བ་འདྲ་མིན་སྟོན་ཐུབ་པ་དེ་བརྒྱུད་༧མགོན་པོ་གང་ཉིད་མཆོག་ནི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཙམ་མིན་པར་སློབ་ཕྲུག་རྣམས་ལ་ཚོར་བ་འདྲ་མིན་འདུག དམིགས་བསལ་ཕྲུ་གུའི་ཚོར་བ་ནི་དུས་རྒྱུན་ནས་གཙང་མ་དང་དྲང་པོ་ཞིག་ཡིན་པ་བརྩི་སྲོལ་ཡོད་པ་ལྟར། ཚང་མས་དགའ་པོ་བྱེད་ཀྱི་འདུག ཅེས་བརྗོད་བྱུང་།
འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༡༦ བར་དྷ་ས་མེག་གྷན་དུ་ཁ་དོག་མཐུན་ཚོགས་ཀྱི་གོ་སྒྲིག་འོག ངེས་མེད་ཅེས་པའི་བརྗོད་གཞིའི་ཐོག་ནས་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་རི་མོའི་སྒྱུ་རྩལ་བ་ ༢༠ ཡི་རི་མོའི་འགྲེམས་སྟོན་བྱས་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། གཞས་པ་ཁ་རག་སྤེན་པ་ལགས། ཁ་དོག་མཐུན་ཚོགས་ཀྱི་ཚོགས་མི། དེ་བཞིན་རི་མོའི་སྒྱུ་རྩལ་བ་ཁག་ཅིག་དང་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༣ ལོ་དྷ་སར་ཁ་དོག་མཐུན་ཚོགས་ཀྱིས་རི་མོའི་འགྲེམས་སྟོན་གོ་སྒྲིག་བྱས་པའི་ནང་། རི་མོའི་སྒྱུ་རྩལ་བ་ ༡༥ ཙམ་གྱི་རི་མོ་ཡོད་པའི་ཁྲོད་ནས་རི་མོའི་སྒྱུ་རྩལ་བ་ ༡༡ གི་རི་མོ་དེ་དག་ཚོང་འགྲེམས་བྱ་རྒྱུར་དམིགས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།