རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་ལ་ཨ་སྒོར་ཐེར་འབུམ་ ༡༦༧། ༨ ཀྱི་འགྲོ་གྲོན་བཏང་ནས་འཛམ་གླིང་གི་ཆུ་རགས་ཆེ་ཤོས་དེ་གསར་རྒྱག་བྱེད་མུས་ཡིན་པར་ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་ཁག་ལ་སེམས་ཁྲལ་འཕར་མ་ཞིག་བཟོས།

ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གི་སྲིད་བློན་ལི་ཆང་ ( Li Qiang ) ཟེར་བ་ཡོང་སྟེ་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་ ༡༦༧། ༨ ཀྱི་འགྲོ་གྲོན་བཏང་ནས་བོད་མེ་ཏོག་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་གསར་རྒྱག་གི་ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་མགོ་བཙུགས་ཡོད་ཅིང་། དེས་རྒྱ་གར་དང་བྷང་ལ་དྷེ་ཤི་སོགས་སུ་ཆུ་ལོག་གི་འཇིག་པ་ཡོང་རྒྱུར་ཉེན་ཁ་ཆེན་པོ་ཡོད་འདུག
རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་གསར་རྒྱག་བྱེད་མུས་ཡིན་པའི་གློག་འདོན་ཆུ་རགས་དེར་འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་ལས་ཀྱང་ཆེ་བའི་ཆུ་རགས་ཤིག་ཡིན་ཞིང་། ཉུང་མཐར་ཡང་མི་གྲངས་ས་ཡ་ ༡།༤ ལྷག་ས་གནས་ནས་གནས་སྤོར་བྱ་དགོས་ཁེལ་བ་མ་ཟད། དེའི་ལོ་རེར་གློག་ཚད་ཀེ་ལོ་ཝཊི་(kilowatt) ཐེར་འབུམ་ ༣༠༠ ལ་འཐོན་རྒྱུའི་རེ་བ་བཅང་མུས་ཡིན་པས། ད་ལྟ་བོད་ནང་གི་གློག་འདོན་ས་ཚིགས་ཆེ་ཤོས་སུ་གྱུར་བའི་འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་དང་བསྡུར་ན་ལྡབ་གསུམ་ལྷག་གིས་ཤུགས་ཚད་ཆེ་བ་ཡོད་འདུག
ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་ ༨༨ ལྷག་གི་འགྲོ་གྲོན་བཏང་ནས་བོད་ཀྱི་འབྲི་ཆུར་འགག་གསུམ་གློག་འདོན་ས་ཚིགས་བཙུགས་ཏེ། ཕྱོགས་ཡོངས་ནས་མི་མང་གི་འཚོ་བ་ཡར་སྐྱེད་དང་སྔར་ལས་ལྷག་པའི་མཐུན་རྐྱེན་སྦྱོར་སྤྲོད་བྱས་ཡོད་ལུགས་ཀྱི་དྲིལ་བསྒྲགས་མང་དག་ཅིག་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་བཙུགས་རྗེས། ཁུལ་དེར་ཆུ་ལོག་དང་། རི་ཉིལ། ཡུལ་ཚོ་མང་པོ་ཆུས་སྣུབ་པའི་གནས་ཚུལ་རིམ་པ་ཐོན་ཡོད་པས། ཁུལ་དེར་ཆགས་པའི་གྲོང་སྡེ་མང་པོ་ཞིག་ཉེན་གཡོལ་དང་གནས་སྤོར་དུ་མི་འགྲོ་ཀ་མེད་གྱུར་ཡོད་ལ། དེ་བཞིན་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་གསར་རྒྱག་བྱས་པའི་དབང་གིས། ཁུལ་དེར་རི་ཉིལ་དང་ཆུ་ལོག དེ་བཞིན་མི་མང་གི་འཚོ་བ་ལའང་དཀའ་ངལ་མི་ཉུང་བ་ཞིག་ཕྲད་དང་འཕྲད་མུས་ཡིན། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༠༠ ནས་ད་བར་རྒྱ་ནག་གཞུང་གིས་འབྲི་ཆུ་དང་། ཡར་ཀླུང་གཙང་པོ། རྨ་ཆུ། རྒྱལ་མོ་རྔུལ་ཆུ། སེངྒེ་གཙང་པོ་བཅས་སུ་ཆུ་གློག་ཁང་གསར་རྒྱག་གི་འཆར་གཞི་སྒྲིག་ཟིན་པའི་བརྒྱ་ཆ་ ༣༨ དང་། འཆར་གཞི་སྒྲིག་བཞིན་པའི་བརྒྱ་ཆ་ ༤༠། འཛུགས་སྐྲུན་གྱི་ལས་གཞི་སྤེལ་མུས་ཡིན་པའི་བརྒྱ་ཆ་ ༢༦། བཟོ་སྐྲུན་ཟིན་པའི་བརྒྱ་ཆ་ ༥༤ བཅས་ཡིན་པའི་ཁོངས། ད་བར་བོད་ནང་དུ་ཆུ་རགས་གྲངས་ ༥༤ གསར་རྒྱག་ཟིན་པ་དང་ཆུ་རགས་གྲངས་ ༢༦ འཛུགས་སྐྲུན་བྱེད་མུས་ཡིན།

བོད་མཐོ་སྒང་ནས་བཞུར་བའི་ཡར་ཀླུང་གཙང་པོ་ནི་འཛམ་གླིང་གི་ཆེས་རིང་བའི་རྒྱུག་ཆུ་དགུ་པ་དེ་ཡིན་ལ། གཙང་པོ་དེ་བོད་ནས་རྒྱ་གར་བྱང་ཤར་ཁུལ་དང་། དེ་བཞིན་བྷང་གྷ་ལ་སོགས་སུ་བཞུར་ནས་མཐའ་མར་མཐའ་ཡས་རྒྱ་མཚོར་འདྲེས་ཤིང་། དེའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་ ༣༠༠༠ དང་། ཟབ་ཚད་ལ་རྨི་ ༣༠ ནས་ ༡༣༥ བར་འདུག་ལ། བོད་ནས་རྒྱ་གར་དང་། བྷང་གྷ་ལར་བཞུར་བའི་གཙང་པོ་དེ་ནི་ཉུང་མཐར་ཡང་མི་གྲངས་ས་ཡ་ ༤༠༠ ལྷག་གི་འཚོ་རྟེན་དུ་གྱུར་ཡོད་པ་རེད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༨ དང་། ༢༠༠༧། ༢༠༡༣། ༢༠༡༥། ༢༠༡༩། ༢༠༢༠ བཅས་སུ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་བདུན་གསར་རྒྱག་བྱས་ཟིན་ཡོད་སྟབས། འདི་ལོར་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་དང་། རྒྱ་གར་བྱང་ཤར་ཁུལ་གྱི་བློན་ཆེན་རྣམས་ཀྱིས་རྒྱ་ནག་གཞུང་གི་རྒྱ་དཀར་ནག་གཉིས་བར་ཆུའི་རྩོད་རྙོག་དང་འགལ་འདུ་མི་ཡོང་བའི་སླད། ཆུ་རགས་དང་འབྲེལ་བའི་རེ་སྐུལ་དང་ཉེན་བརྡ་མང་དག་ཅིག་བཏང་མིན་ལ་མ་ལྟོས་པར། ད་ལྟ་རྒྱ་ནག་གིས་དངོས་སུ་ཆུ་རགས་གསར་རྒྱག་གི་ལས་དོན་གཉེར་མགོ་བཙུགས་ཡོད་སྟབས། ཆབ་སྲིད་ཆེད་མཁས་པ་ཁག་ཅིག་གིས། ཡར་ཀླུང་གཙང་པོ་ནི་བོད་ནས་རྒྱ་གར་དུ་བཞུར་གྱིན་ཡོད་པས། དེ་ནི་འབྱུང་འགྱུར་རྒྱ་དཀར་ནག་གཉིས་ཀྱིས་ཆུའི་རྩོད་རྙོག་སློང་ས་གཙོ་བོར་གྱུར་ཉེན་ཡོད་པའི་ཁར། རྒྱ་ནག་གིས་ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་ཁག་ལ་ཆུས་དམག་འཁྲུག་རྒྱག་ཉེན་ཡོད་པའི་ཚོད་དཔག་ཀྱང་བྱེད་ཀྱིན་འདུག
རྒྱ་ནག་གཞུང་གིས་བོད་ནས་རྒྱ་གར་དུ་བཞུར་བའི་གཙང་པོ་དག་ལ་ཆུ་རགས་གསར་རྒྱག་གི་ལས་དོན་གཉེར་དང་གཉེར་མུས་ཡིན་པ་ལྟར། ཕྱི་ལོ་ ༢༠༠༠ ལོར་བོད་ཀྱི་ཡིད་འོང་གཙང་པོའི་ཆུ་རགས་གས་འཐོར་བྱུང་ནས། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཐེངས་འགར་ཆུ་ལོག་གི་འཇིག་པ་བྱུང་ཡོད་ལ། ཕྱི་ལོ་ ༢༠༢༦ ལོར་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་ཆུ་རགས་གསར་རྒྱག་སླད་གཙང་པོ་རེ་ཞིག་བཀག་པའི་གནས་ཚུལ་ཐོན་སྐབས་ཀྱང་རྒྱ་གར་གཞུང་གིས་རྒྱ་ནག་གི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་ཡོད། ཡར་ཀླུང་གཙང་པོར་ཆུ་རགས་གསར་རྒྱག་བྱས་པ་དེས། རྒྱ་གར་དང་བྷང་ག་ལར་ཆུ་ལོག་དང་། གཙང་པོ་སྐམ་ཉེན་ཡོད་པས། དེས་རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་ ༡།༣ ཀྱི་ཚེ་སྲོག་དང་འཚོ་གནས་ལ་གནོད་འཚེ་ཐེབས་ཀྱི་ཡོད་པ་རེད།
ཡར་ཀླུང་གཙང་པོ་བོད་ནས་རྒྱ་གར་ནང་བཞུར་རྗེས་བྷར་མ་བྷུ་ཏ་ར་ཞེས་འབོད་ཅིང་། དེ་ནི་རྒྱ་གར་ནང་བཞུར་མུས་ཡིན་པའི་གཙང་པོ་རིང་ཤོས་གཉིས་པ་དེ་ཡིན་ལ། རྒྱ་གར་བྱང་ཤར་ཁུལ་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་། ཨ་སམ། ན་གྷ་ལེན་ཌི། ནུབ་བྷེང་གྷལ། འབྲས་ལྗོངས། མེ་གྷ་ལ་ཡ་(Meghalaya) སོགས་སུ་སྤྱི་ལེ་ ༩༡༦ ལྷག་བཞུར་ནས་བྷང་ག་ལར་རྒྱུག གཙང་པོ་དེ་ནི་རྒྱ་གར་གྱི་ཚོང་དོན་དང་དཔལ་འབྱོར། ཞིང་ལས་ཡར་སྐྱེད་སོགས་ལ་འབྲེལ་ལམ་ཟབ་ཅིང་། རྒྱ་གར་གྱིས་གཙང་པོ་དེར་གློག་འདོན་ཆུ་གློག་ས་ཚིགས་བཞི་འཛུགས་སྐྲུན་གྱིས་བྱང་ཤར་ཁུལ་གྱི་མངའ་སྡེ་ཁག་ལ་གློག་གི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཀྱིན་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན།