ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ་ཟུར་བ་ཏུའུ་ཙེས་ལྐོག་རྔན་རྒྱ་སྒོར་ཁྲི་ ༨༡༩༡ ལྷག་བླངས་བའི་ནག་ཉེས་འོག་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཞི་ཅིན་ཕིན་གཞུང་གིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བ་སོགས་ཀྱི་ནག་ཉེས་འོག་ཁྲིམས་ཆད་གཅོད་ཀྱིན་ཡོད་པ་ལྟར། ཕྱི་ཟླ་ ༧ ཚེས་ ༢༩ ཉིན་རྒྱ་ནག་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ་ཟུར་བ་ཏུའུ་ཙེས་ལྐོག་རྔན་རྒྱ་སྒོར་ཁྲི་ ༨༡༩༡ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ། ལོ་ ༡༥ རིང་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ཁྲི་ ༨༠༠ ཡིས་ཉེས་ཆད་བཅད་ཡོད་པ་མ་ཟད་རྒྱུ་ནོར་གཞུང་བཞེས་བཏང་ཡོད་འདུག
ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཏུའུ་ཙེས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༥ ལོའི་བར་ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ་དང་། གྲོང་ཁྱེར་གྱི་མགོ་འཛིན་ལས་ཚབ། གྲོང་ཁྱེར་གྱི་མགོ་འཛིན། གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཡིག ཐོན་ལེ་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཡིག ནང་སོག་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས། ཐུན་ལེ་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཡིག་སོགས་ཀྱི་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ་མི་སྒེར་གྱི་ཁེ་ལས་དང་། ལས་གྲྭ་འགན་ལེན། གོ་གནས་སྤར་བ། ཁེ་ཕན་དོན་གཉེར་ཟེར་བ་སོགས་བྱས་ནས་ལྐོག་རྔན་ཁྱོན་རྒྱ་སྒོར་ཁྲི་ ༨༡༩༡ ལྷག་བླངས་ཡོད་པའི་ནག་ཉེས་བཙུགས་འདུག
འདས་ལོའི་ཕྱི་ཟླ་ ༤ པའི་ནང་ཏུའུ་ཙེ་རྒྱ་ནག་གི་གཞུང་འབྲེལ་ལས་གནས་ནས་ཕྱིར་ཕུད་བྱས་ཡོད་པ་དང་། ཕྱི་ཟླ་ ༡༠ ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱས་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༦ ཉིན་ཧྲེན་དབྱང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ཐོག་ཁྲིམས་རར་འདྲི་གཅོད་བྱས་ཡོད་འདུག
ཏུའུ་ཙེ་ནི་ཕྱི་ལོ་ ༡༩༥༥ ལོར་ནང་སོག་ཐོ་ཁི་ཐོ་རུ་སྐྱེས་ཡོད་ཅིང་། ནང་སོག་དགེ་འོས་སློབ་ཆེན་གྱི་རྒྱའི་སྐད་ཡིག་སྡེ་ཚན་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས་ཏེ། ནང་སོག་གི་དམར་ཤོག་སློབ་གསོ་ཟེར་བའི་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས། ནང་སོག་རང་སྐྱོང་ལྗོངས་དམར་ཤོག་དྲིལ་བསྒྲགས་ཁང་ཟེར་བའི་འགན་འཛིན་དང་། ཨི་ཁི་ཇུ་ལིག་དྲིལ་བསྒྲགས་ཁང་གི་མགོ་ཁྲིད། ཨོར་ཏོས་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ། གྲོང་ཁྱེར་གྱི་མགོ་ཁྲིད་གཞོན་པ། ཏུང་ལིའོ་གྲོང་ཁྱེར་རྒྱུན་ལས་དྲུང་ཡིག་བྱས། ཕྱི་ལོ་ ༢༠༠༨ ལོར་སྐབས་བཅུ་གཅིག་པའི་རྒྱ་ནག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བྱས། ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ པར་ནང་སོག་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་རྒྱུན་ལས་སུ་བསྐོ་གཞག་བྱས། ཕྱི་ལོ་ ༢༠༡༥ ལོར་ནང་སོག་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་མགོ་ཁྲིད་གཞོན་པར་བསྐོ་གཞག་བྱས། འདས་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་རྒྱ་ནག་གི་རྒྱལ་ཁབ་ལྟ་ཞིབ་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཁང་གཉིས་ཀྱིས་ཞིབ་བཤེར་བྱེད་མགོ་བཙུགས།
དེ་བཞིན་འདས་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་ཞིན་ཀྲོའུ་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ནང་སོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དམར་ཤོག་དྲུང་ཆེ་དང་འགན་འཛིན་ཟུར་པ་ཧུའུ་དབྱི་ཧྥེང་གིས་ལྐོག་རྔན་རྒྱ་སྒོར་ཁྲི་ ༥༡༨༡ བླངས་པའི་ནག་ཉེས་བཙུགས་ཏེ་མི་ལོ་ ༡༤ ལ་བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་ས་ཡ་གསུམ་དང་འབུམ་གཉིས་ཀྱི་ཉེས་ཆད་བཅད་ཡོད་འདུག དེ་བཞིན་འདས་ལོའི་ཕྱི་ཟླ་ ༣ ནང་། རྒྱ་ནག་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པ་ཟེར་བས། ནང་སོག་རང་སྐྱོང་ལྗོངས་ཟེར་བའི་ཐུའུ་མོ་ཐེ་གཡས་ཆི་དམར་ཤོག་ཚོགས་པའི་དྲུང་ཡིག་དང་། པའོ་ཐོའུ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ། ཐུང་ལེའོ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ། ཐུང་ལེའོ་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཡིག་སོགས་ཀྱི་མགོ་ཁྲིད་ལི་ཅེ་ཞང་ཟེར་བས་ལྐོག་རྔན་རྒྱ་སྒོར་བྱེ་བ་ ༨ དང་ས་ཡ་ ༨ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ་ཚེ་བཙོན་གྱི་ཁྲིམས་ཆད་དང་། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བཏང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།