བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་རྒྱ་གར་རང་བཙན་རྐང་སྤོལ་རྩེད་འགྲན་གྱི་བཞི་མཐའི་ནང་ཚུད་འདུག་ཀྱང་མཉམ་ཞུགས་བྱེད་པར་ཧིན་སྒོར་འབུམ་བཅུ་གཉིས་ནས་བཅོ་ལྔའི་བར་དགོས་ཀྱི་ཡོད་ཀྱང་ད་བར་ཧིན་སྒོར་འབུམ་བཞི་ལས་མཁོ་བསྡུ་གནང་ཐུབ་མི་འདུག
བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག པར་ Football Forever Kalimpong ངོ་དེབ་ནས་བླངས།
ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་རྒྱ་གར་བྱང་ཤར་ཀ་ལིང་པོང་དུ། ཕྱི་ལོ་ ༢༠༢༥ ལོའི་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་སྲུང་གཙི་ཡི་རང་བཙན་རྐང་སྤོལ་རྩེད་འགྲན་ཐེངས་ ༧༩ (79th Independence cup) དེ་འཚོག་མུས་ཡིན་པ་ལྟར། བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་ཐོག་མའི་རྩེད་འགྲན་རིམ་པ་དང་། ཁ་སང་ཕམ་ཕུད་རྩེད་འགྲན་(Quarter Final) ལས་རྣམ་པར་རྒྱལ་ཏེ། བཞི་མཐའ་ (Semi final) རྩེད་འགྲན་ལ་ཚུད་ཡོད་འདུག འདི་ལོའི་རྩེད་འགྲན་དེའི་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་འདུག
དེའི་ཐད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བྱང་ཆུབ་རྒྱལ་མཚན་ལགས་ཀྱིས་ཁ་པར་བརྒྱུད་འདི་གའི་གསར་འགོད་པར། འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་གྱི་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་ཁྲོད། རྩེད་འགྲན་པ་ ༣༦ དྲག་འདེམས་བྱས་ཡོད་ཀྱང་། རྩེད་འགྲན་པ་མང་ཆེ་བ་སློབ་མ་དང་། དམག་མི། ཚོགས་སྡེ་ཁག་གི་ལས་བྱེད་ཡིན་སྟབས། དེ་དག་གི་ཁྲོད་ནས་མི་གྲངས་ ༦ མ་གཏོགས་མཉམ་ཞུགས་ཐུབ་མེད་པས། རྩེད་འགྲན་པའི་སྒུག་ཐོ་ནས་དྲག་འདེམས་བྱས་ཡིན། ཞེས་དང་། རྒྱ་གར་རྒྱལ་ཡོངས་ནང་གི་རྩེད་འགྲན་ཐེངས་རེར་མཉམ་ཞུགས་བྱེད་པར་ཧིན་སྒོར་འབུམ་བཅུ་གཉིས་ནས་འབུམ་བཅོ་ལྔ་ཡི་འགྲོ་གྲོན་གཏང་དགོས་སྟབས། འགྲོ་གྲོན་མང་ཆེ་བ་ཞལ་འདེབས་དང་། རོགས་ཚོགས་ཁག་ལ་རེ་བ་བརྒྱབ་ནས་ད་བར་འབུམ་བཞི་ཙམ་ལས་མཁོ་བསྡུ་བྱས་ཐུབ་མེད་པས། འགྲོ་གྲོན་གྱི་ཐད་ནས་དཀའ་ངལ་ཆེན་པོ་འདུག ཅེས་བརྗོད་བྱུང་།
ཡང་ཁོང་གིས། སྤྱིར་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་གི་རུ་མི་རྣམས་ལོ་ལྟར་དམག་མི་དང་། སློབ་གྲྭ་ཁག དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་ལས་བྱེད་ཡིན་ན། སོ་སོས་དགོངས་པ་ཞུས་ནས་ཡོང་བ་ལས་དམིགས་བསལ་གཞུང་འབྲེལ་གྱི་ཐོག་ནས་དགོངས་པ་མེད་པས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁག་གི་སྐབས། ཆེད་དུ་དྲག་འདེམས་བྱས་པའི་རྩེད་འགྲན་པ་ཚང་མས་མཉམ་ཞུགས་བྱ་ཐུབ་ཀྱི་མེད་པའི་དཀའ་ངལ་ཡོད་ཀྱང་། ད་ལྟ་རྩེད་འགྲན་ནང་མཉམ་ཞུགས་བྱེད་མུས་ཡིན་པའི་རྩེད་འགྲན་པ་རྣམས་ཀྱི་གནས་སྟངས་ཡག་ཐག་ཆོད་ཡོད་སྐོར་བརྗོད་བྱུང་།
བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རྩེད་འགྲན་པ་རྣམས། པར་ Football Forever Kalimpong ངོ་དེབ་ནས་བླངས།
སྤྱིར་བཏང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྩེད་འགྲན་པ་རྣམས་ཀྱིས་འདི་ལོའི་ཕྱི་ཟླ་ ༩ ནང་གནམ་གཤིས་ཕོར་བའི་རྩེད་འགྲན་གྱི་ཆེད་དུ་རྒྱ་གར་བྱང་ཤར་ཁུལ་དུ་སྦྱོང་བརྡར་བྱེད་མུས་ཡིན་པ་དང་བསྟུན། ད་ལན་གྱི་རྩེད་འགྲན་དེའི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་འདུག་ལ། དེ་བཞིན་འདི་ལོའོ་ཕྱི་ཟླ་བཅུ་གཅིག་ནང་རྒྱ་གར་བྱང་ཤར་ཁུལ་གྱི་ Governor རྐང་སྤོལ་རྩེད་འགྲན་ཁྲོད་མཉམ་ཞུགས་བྱ་འཆར་ཡོད་འདུག
རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་སྲུང་གཙི་ཡི་རྐང་སྤོལ་རྩེད་འགྲན་དེ་ནི་ལོ་ལྟར་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་རྩེ་སྲོལ་ཡོད་ཅིང་། དེ་ནི་རྒྱ་གར་བྱང་ཤར་ཁུལ་གྱི་རྐང་སྤོལ་རྩེད་འགྲན་རྙིང་གྲས་དང་སྐད་གྲགས་ཆེ་ཤོས་གྲས་ཤིག་ཡིན་ཡང་། བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་གིས་མཉམ་ཞུགས་བྱེད་ཐེངས་དང་པོ་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།