མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸རྒྱལ་བའི་ཡང་སྲིད།

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། བློ་བཟང་ཆོས་འབྱོར།(ཤར་ཕྱོགས་ཁུག་རྟ།)
རྩོམ་ཁུངས། བོད་ཀྱི་དུས་བབ།

༈ ཇི་སྐད་དུ། སེམས་ཅན་ཀུན་གྱི་བྱ་བ་ལ།། ཁྱེད་ནི་དུས་ལས་མི་འདའ་བས།། མཛད་པ་རྟག་ཏུ་དོན་མཛད་པ།། མི་བསྙེལ་ཁྱེད་ལ་ཕྱག་འཚལ་ལོ།།

 དང་པོ། སྔོན་གླེང་།

༄༅།། ཉེ་སྔོན་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན། འདི་ལོའི་ཟླ་ ༥ ཚེས་ ༢༡ ལ་མཛད་གྲུབ་པའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་རྒྱུན་མཐུད་ཕེབས་རྒྱུ་ཞལ་བཞེས་སྩལ་ཐོབ་བཀའ་དྲིན་བསྐྱངས་པའི་བཀའ་ཡིག་སྲིད་གསུམ་ཟིལ་གནོན། ༸རྒྱལ་བ་སྐུ་དངོས་ཀྱིས་གསལ་བསྒྲགས་མཛད་པའི་བརྙན་ལ་མཇལ་རྗེས། དམ་ལྡན་གཞིས་བྱེས་ལྷ་མི་རྣམས་སྐྱེ་ཀུན་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་༸རྒྱལ་བ་ན་རིམ་གྱི་རྣམ་པས་མུ་མཐུད་མཉེས་བཞིན་རྗེས་འཛིན་ཞལ་བཞེས་བསྐྱར་ནན་ཐོབ་པ་ཡིན་སྟབས། བཀྲ་ཤིས་དགའ་བའི་དཔལ་ནི་བསྒྲུན་དུ་མེད་ཅིང། ཆབས་ཅིག་དམ་ལྡན་བོད་མི་ཚོར་བསྒྲུབ་བྱའི་དོན་ཡང་གཉིས་ལས་མེད་པ་གསལ་བོ་ཆགས། གཅིག སྤྱི་སྒེར་གྱི་ལས་དོན་ཆེ་ཕྲ་གང་ཡང་༸རྒྱལ་བའི་བཀའ་དགོངས་དང་འགལ་མེད་ཤར་བསྐྱོད་སྔར་ལྷག་དམ་དོན་བྱ་རྒྱུ་དང་། གཉིས། སྐྱེ་བ་རྗེས་མ་རྣམས་སུ་ཡང་༸གང་གི་མཛད་ཆེན་འཁོར་ལོས་བསྒྱུར་པའི་དཀྱིལ་འཁོར་ཆེན་པོར་མི་ལུས་ཙམ་དང་བོད་མི་ཙམ་མིན་པར། དལ་འབྱོར་གྱི་ཆོས་རྣམས་ཡོངས་རྫོགས་ཚང་བའི་བོད་མིའི་ལུས་ཤིག་ཐོབ་སྟེ། ཞབས་འདེགས་རླབས་ཆེན་ཐུབ་ངེས་ཀྱི་ཚོགས་གསོག་སྐལ་བཟང་གོ་སྐབས་དུས་ལྟར་ལེན་རྒྱུ། རླབས་ཆེན་གྱི་ཚོགས་བསགས་དེ་གཉིས་ལ་འབད་རྒྱུ་ཕུད། ད་ལྟའི་ཆར་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་དོན་གཞན་གང་ཡང་མེད། ལྷག་པར་༸གོང་ས་མཆོག་གི་ཡང་སྲིད་སྐོར་སྐད་ཆ་བཤད་རན་པའི་དུས་ཚོད་ཁྱོན་ནས་སླེབས་མེད་ཀྱང་། བོད་མི་རིགས་ལ་༸གོང་ས་མཆོག་ལས་གལ་ཆེ་བ་གཞན་མེད་པ་ལོང་པས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེར་སོང་གཤིས། ད་ལྟའི་ཆར་ཞུ་འོས་ཤིང་རན་པ་འགའ་ལྷང་ཙམ་ཞུས་ན།

གཉིས། ངོས་འཛིན།

ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་གཙོས། ཐ་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལས་ཀྱང་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ནི་བོད་མི་རིགས་ལ་གལ་འགངས་ཤིན་ཏུ་ཆེ་བ་ཡིན་པ་འཇིག་རྟེན་ཧྲིལ་པོར་གསལ་བོ་ཆགས་ཡོད། བོད་བརྒྱུད་ནང་བསྟན་གྱི་མདུན་ལམ་སྤྱི་དང་། བོད་ཀྱི་ཆོས་བརྒྱུད་སོ་སོའི་བསྟན་པའི་འཕེལ་རྒྱས། བོད་མི་རིགས་ཀྱི་སྐད་དང་རིག་གཞུང་། ཆིག་སྒྲིལ། ལར་ཞེན། སྙིང་སྟོབས། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཕབ་རྒྱུན་ཁྲིམས་མཐུན་བོད་མིའི་སྒྲིག་འཛུགས་ཀྱི་བརྟན་གནས། ནུབ་ལ་དྭགས་ནས་ཤར་མོན་བར་གྱི་ཧི་མ་ལ་ཡའི་རི་བརྒྱུད་དུ་འབོད་པ་རྣམས་ཀྱི་ཆོས་དང་སྐད་ཡིག ཡུལ་གྱི་གོམས་པའི་གཤིས་ལུགས། རྒྱལ་སྤྱིའི་སྟེང་གི་ནང་པ་ཡོངས་ཀྱི་གནས་བབ་བཅས་པ་སྲ་བརྟན་ཕུགས་འཕེར་ཡོང་མིན་གྱི་ཡལ་འདབ་མཐའ་དག་༸གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་གྱི་རྩ་བ་དཔག་བསམ་གྱི་ལྗོན་བཟང་ཁོ་ནར་བརྟེན་སྟབས། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་དང་པོར་གསལ་བ་བཞིན། ༸གོང་ས་མཆོག་ལས་བོད་དང་བོད་རིགས་ཡོངས་ཀྱི་རྩོད་མེད་སྲོག་རྟེན་དུ་གྱུར་བ་གཞན་མེད་པ་ངོས་འཛིན་གསལ་བོ་དགོས་པ་ཡིན།

གསུམ། ༸གོང་ས་ཆེན་པོས་ཡང་སྲིད་སྐོར་ལམ་སྟོན་གང་མཛད་ཁག

༡། བཙན་བྱོལ་དུ་འབྱོར་མ་ཐག་ནས་འབྱུང་འགྱུར་ཏཱ་ལའི་བླ་མས་དབུ་ཁྲིད་པའི་གཞུང་དང་དེའི་ཡང་སྲིད་རྒྱུན་མཐུད་དགོས་མིན་མང་ཚོགས་ཀྱིས་ཐག་གཅོད་བྱ་དགོས་པ་རིམ་གསུངས་མཛད་དེ། བྱིས་པ་ལག་འཁྲིད་ལྟར་བོད་མི་ཚོའི་བློ་ན་རྒྱས་རིམ་དང་བསྟུན་གནང་མཛད།

༢། ངོས་ཀྱི་མི་ཚེ་འདིར་བོད་དོན་བདེན་མཐའ་མ་གསལ་ཚེ་ཡང་སྲིད་རང་དབང་ལུང་པ་ཞིག་ཏུ་སྐྱེས་ངེས་ཤིང་བུད་མེད་ཅིག་གི་རྟེན་དུའང་སྐྱེ་སྲིད། ཡང་སྲིད་ཡོང་དགོས་དོན་སྐུ་གོང་མའི་ལས་དོན་རྗེས་སྐྱོང་བྱ་ཆེད་ཡིན་པ་བཅས་གསལ་གསུངས་མཛད།

༣། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང་། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་མིན་བསྐྱར་ཞིབ་བྱ་འཆར་ཡིན་པ་ཡོངས་བསྒྲགས་མཛད།

༤། རྒྱལ་དབང་སྐུ་ཕྲེང་རྗེས་མའི་སྐོར་དོགས་གཞི་འཁྱོག་བཤད་བྱ་ཡུལ་མེད་པའི་ཚིག་ཐག་ཆོད་པོའི་ལམ་སྟོན་གསལ་པོ་ཞིག་ངོས་རང་ལུས་སེམས་གཉིས་ཀ་ཧ་ཅང་བདེ་ཐང་ཡོད་པའི་སྐབས་འདིར་ངེས་པར་བྱེད་དགོས་པར་གཟིགས་པ་བཞིན་རིམ་གནང་མཛད།

༥། བོད་གཞུང་མང་ཚོགས་ཆེན་དང་། ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་ཁག། ཧི་མ་ལ་ཡའི་རི་རྒྱུད། ཆེན་པོ་ཧོར་དང་རུ་སུའི་ཁོངས་ཀྱི་ནང་པའི་ཡུལ་དགོན། རྒྱ་ནག་སྐམ་ས་སོགས་རྒྱ་རིགས་དང་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གི་དད་ལྡན། འཛིན་སྐྱོང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་མཚོན། གཙོ་བོ་གཞིས་ལུས་བོད་མི་དད་ལྡན་སེར་སྐྱ་སྤྱི་སྒེར་མང་པོས་ ༢༠༡༡ ལོར་ཡང་སྲིད་སྐོར་གྱི་བཀའ་ཡིག་ཕེབས་པ་ནས་ཕྱི་ལོ་ ༢༠༢༥ བར་ཏེ་མི་ལོ་ ༡༤ རིང་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་ཡང་ཡང་བཏབ་པ་བཞིན། རྒྱལ་དབང་གི་སྐུ་ཕྲེང་རྒྱུན་མཐུད་སྔར་སྲོལ་བཞིན་གནང་རྒྱུའི་བཀའ་བཞེས་ཟབ་མོ་སྤྱི་བོའི་མཛེས་རྒྱན་དུ་སྩལ།

༦། ནམ་ཞིག་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ། དེའི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་སྔར་སྲོལ་བཞིན་བྱེད་དགོས་པའི་ལམ་སྟོན་གསལ་པོ་མཛད།

༧། ཡང་སྲིད་ངོས་འཛིན་གྱི་མཚམས་ལ་ཉེ་དུས་“ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལ་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་པ།”གསལ་གསུངས་མཛད།

གོང་གསལ་བཀའ་སློབ་དང་བཀའ་ཡིག་རིམ་པར་སྩལ་ཁོངས་དོན་ཚན་ ༥ པའི་བར་ཆ་ཚང་ཕྱག་བསྟར་གྲུབ་ཟིན་པ་ལྟ་བུ་ཆགས་ཡོད།

བཞི་པ། ཡང་སྲིད་འཚོལ་ལུགས་སྲོལ་རྒྱུན་ནང་ཅི་ཡོད།

བོད་ཀྱི་སྤྲུལ་སྐུའི་ངོས་འཛིན་བྱེད་སྲོལ་དུ། ཤེས་རྒྱུད་གཅིག་པའི་སྤྲུལ་སྐུ་དང་། ལས་སྨོན་གྱིས་འབྲེལ་བའི་སྤྲུལ་སྐུ། བཀའ་བབས་པའམ་བྱིན་གྱིས་བརླབས་པའི་སྤྲུལ་སྐུ། མ་འདས་སྤྲུལ་སྐུ། གདུང་རྒྱུད་སྤྲུལ་སྐུ་སོགས་ཡོད་ཅིང་། གདུང་རྒྱུད་སྤྲུལ་སྐུ་ནི་དུས་ཚོད་ཡོལ་ཟིན་པའམ། རྗེས་ལུས་ཅན། དེང་ཡིད་ཆེས་བྱེད་མཁན་ཆེས་ཉུང་དུ་འགྲོ་བཞིན་ཡོད་པ་དང། མི་མང་གི་དད་འདུན་གྱི་དགོས་མཁོའི་རེ་བའང་ཚད་འཕེར་སྐོང་ཐུབ་ཀྱི་མེད། དེ་ནི་མི་མང་གི་ཤེས་ཡོན་ཡར་རྒྱས་ཕྱིན་པ་དང་སྦྲགས་ཆོས་པ་སྤུས་དག་ཚུལ་ཁྲིམས་ཚུལ་བཞིན་སྲུང་མཁན་ཇེ་མང་དུ་འགྲོ་རྒྱུའི་རེ་བས། ཆོས་བྱེད་དགེ་འདུན་པའི་གྲལ་མགོར་བུད་མེད་བསྟེན་མཁན་གྱི་བླ་སྤྲུལ་སྡོད་པ་མང་པོས་བློས་འཆུན་དཀའ་བར་སོང་། དེ་རིགས་ཉུང་ངུ་ནས་མེད་པ་ཆགས་ཏེ་རྒྱལ་བསྟན་སྤྱི་དང་། འདུལ་བསྟན་སྲ་བརྟན། བསྟན་རྩ་དགེ་འདུན་གྱི་འདུས་སྡེ་རིན་པོ་ཆེའི་འདུལ་ཁྲིམས་གཙང་མ་ཡོང་དགོས་གལ་གྱི་སྤྱི་སྨན་ཤ་ཚའི་བསམ་བློ་འདི་བོད་མི་ཕལ་མོ་ཆེར་ཡོད་པ་རེད་སྙམ།

ཡང་སྲིད་ངོས་འཛིན་བྱེད་ལུགས་སྲོལ་རྒྱུན་དུ་འཇགས་པ་རྣམས་ལས་གཙོ་ཆེ་ཤོས། གོང་མའི་འདའ་ཁའི་ཞལ་གདམས་དང་། ལམ་སྟོན་ནམ་བརྡ་མཚོན་བསྟན་པ། ཡང་སྲིད་སོ་སོས་ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱི་གཏམ་ཚད་འཕེར་བཤད་པ། གོང་མའི་ཅ་དངོས་དང་ཉེ་འཁོར་ངོས་འཛིན་བྱས་པ། ཚད་ལྡན་གྱི་སྐྱེས་བུ་དམ་པར་ཐུགས་དམ་བརྟགས་ཞུ། གཞུང་བསྟེན་ལྷ་སྲུང་ཁག་ལ་བཀའ་ལུང་ཞུ་བ། ཟན་རིལ་བསྒྲིལ་བ། ལྷ་མོའི་བླ་མཚོར་མཚོ་མཇལ་བརྟག་དཔྱད་ཞུ་བ་སོགས་སྣ་མང་ཡོད་པ་ལས།

༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་ངོས་འཛིན་གནང་ལུགས་སྔོན་སྲོལ་བཞིན་བྱ་རྒྱུ་ལས། རྒྱ་ནག་གི་ངན་གཡོའི་རེ་འདུན་ལྟར་གསེར་བུམ་ཁ་འཁྱེར་སྲིད་དོན་གྱི་དགོས་མཁོ་ལྟར་རྩ་ནས་འགྲོ་མི་དགོས་པ་དོན་གྱི་བདག་པོས་ ༢༠༢༥ ཟླ་ ༧ ཚེས་ ༢ ལ་ཡོངས་བསྒྲགས་མཛད་པའི་བཀའ་ཡིག་ཏུའང་བསྐྱར་ནན་གནང་ཡོད།

ལྔ་པ། སྔར་སྲོལ་ཞེས་པ་གང་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ཕེབས་སྟངས་ནི། སྐུ་གོང་མ་ཞིང་གཞན་དུ་གཤེགས་རྗེས། སྐབས་ཐོག་སོ་སོའི་འགན་འཁུར་པས་ཆོས་ཕྱོགས་ཀྱི་རྩད་གཅོད་ཞུ་ལམ་སྟེ། མཁས་གྲུབ་གཉིས་ལྡན་བླ་མ་ཚད་ལྡན་ལ་ལུང་ཞུ། ལྷ་མོའི་བླ་མཚོར་མཚོ་མཇལ་བརྟག་ཞུ་དང་། གཞུང་བསྟེན་ཆོས་སྐྱོང་ཁག་ལ་ལུང་ཞུ། སྔོན་གནས་རྗེས་དྲན་དང་ཅ་དངོས་ཉེ་འཁོར་ངོས་འཛིན་སོགས་རྟགས་མཚན་ཁྱད་པར་ཅན་ལ་གཞིགས་ཏེ་ཐག་གཅོད་གནང་ལམ་ནི་སྔར་སྲོལ་ཡིན་ཡང་། ༸གོང་ས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ “རྡོ་རྗེ་འཆང་ཏཱ་ལའི་བླ་མའི་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་འཚོར་འབོད་པའི་གཏམ།” ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་ཕེབས་པའི་ནང་། ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་དེར་འགན་འཁུར་པ་རྣམས་ལ། “ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང་”ཞེས་གསལ་བོ་ཕེབས་ཡོད་སྟབས། སྐུ་ཕྲེང་སྔ་མ་དག་གི་མཛད་རྗེས་གཅིག་ཏུ་བསྡོམས་པའི་༸རྒྱལ་མཆོག་ཁམས་གསུམ་དབང་འདུད་གསུངས་སྲོལ་ཡོད་པ་བཞིན། སྐུའི་ཡང་སྲིད་ཐད་ཀྱང་དུས་ཀྱི་དགོས་མཁོ་དང་། རྒྱ་ནག་གི་གཡོ་ཇུས་ལ་གཞིགས་ཏེ། དེའི་འགན་འཁུར་བྱེད་པོའི་དབང་ལྡན་འགན་ལྷན་ལ་སྐབས་མཚམས་ཡིག་འཇོག་གམ། བརྙན་ལམ་ནས་ལམ་སྟོན་གསལ་བོ་ཕེབས་ངེས་པར་སྙམ་ཞིང་། གཅིག་བྱས་ན་ད་ལྟ་ནས་ཐུགས་གདེང་གཏོད་སའི་སློབ་མའམ་ཐུགས་སྲས་ཁྱད་པར་དུ་འཕགས་པ་གཅིག་གཉིས་ལ་བཀའ་མངགས་ཀྱང་གནང་ཡོད་སྲིད།

དྲུག་པ། རྒྱ་ནག་གི་གཡོ་ཇུས་རེ་སྟོང་དུ་འགྱུར་ངེས་པ།

མན་ཇུའི་སྐབས་ནས་བཟུང་རྒྱ་ནག་གི་སྲིད་དོན་དབང་འཛིན་པ་ན་རིམ་གྱིས་བོད་ཐོག་ཐེ་བྱུས་སླད་ཆོས་དང་བླ་སྤྲུལ་སྲིད་དོན་གྱི་ལག་ཆར་བཟུང་སྟེ་གཡོ་ཐབས་རིམ་སྤེལ་བྱས་པ་དང་། གསེར་བུམ་དཀྲུགས་འདོན་ཟེར་བ་སོགས་སྤྱད་ནས་བོད་ཀྱི་བདག་དབང་ཐད་གཡོ་ཇུས་སྣ་མང་བརྩམས་ཡོད་ཀྱང་། བོད་ཕྱོགས་ནས་རྒྱུ་མཚན་ཚད་ལྡན་སྔ་ཕྱིར་ཡིག་ངག་གཉིས་ནས་དྲངས་ཏེ་དོན་དམ་གྱི་ལན་འདེབས་མེད་པའི་གནས་སུ་བསྐྱལ་ཡོད། མཆོད་ཡོན་འབྲེལ་བའི་ལོ་རྒྱུས་ཀྱི་གནས་བབ་འདི་རྩོད་པའི་ངོ་བོར་བསྒྱུར་མཁན་རྒྱ་ནག་གཞུང་ཡིན་ལ། མ་འོངས་པར་རང་གི་རྒྱལ་ཁབ་ཁོ་ནའི་ཁེ་ཕན་གྱི་ཆེད་དུ། ལྟོས་མེད་མཁྲེགས་འཛིན་དང་ཧམ་ཤེད་ཉག་ཅིག་གིས་༸རྒྱལ་དབང་གི་ཡང་སྲིད་ཅེས་ཕྲུ་གུ་ཞིག་ལ་མིང་བཙན་འདོགས་བྱ་ངེས་པ་ཀུན་གྱིས་ཚོད་དཔག་བྱེད་ཀྱང། ༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་ཏཱ་ལའི་བླ་མ་མཆོག་ནི་བོད་མི་རིགས་ཀྱི་བླ་སྲོག་གཅིག་པུ་ཡིན་སྟབས། ངན་ཇུས་གཏན་དུ་ལམ་ལྷོང་ཡོང་དཀའ། རྒྱུ་མཚན་གཅིག་རྒྱ་ནག་གཞུང་གིས་བཟོས་པའི་པཎ་ཆེན་རྒྱལ་མཚན་ནོར་བུའི་གནས་བབ་ལས་ཤེས་ཐུབ་པ་ཞིག་ཡིན། ད་ལྟ་པཎ་ཆེན་རིན་པོ་ཆེར་བཟོས་པ་རྒྱལ་མཚན་ནོར་བུ་འཚར་ལོངས་བྱུང་རིམ་བཞིན། རྒྱ་ནག་གཞུང་གིས་ཁོང་ལ་དམ་བསྒྲགས་ཇེ་ཆེ། རང་དབང་མེད་པ། ཡིད་ཆེས་མེད་པའི་ཚད་ནི་ཚང་མའི་མཐོང་གསལ་དུ་གྱུར་ཡོད་པས། རྒྱལ་མཚན་ནོར་བུས་རང་གི་གནས་སྟངས་ངོ་མ་ཤེས་མཚམས་ཅི་བྱ་ཚོད་ཐིག་རྒྱུ་ཧ་ཅང་དཀའ་བ་ཞིག་ཡིན། ད་བར་བོད་ཀྱི་ས་གནས་ཁག་ཏུ་ཕེབས་པའི་རྣམ་པ་བསྟན་པ་དག་ལའང་ས་གནས་ཀྱི་བླ་སྤྲུལ། དགེ་འདུན་པ། དད་ལྡན་མང་ཚོགས་བཅས་པ་མི་འདོད་བཞིན་དུ་ཕེབས་བསུར་བཅར་བཅུག མི་འདོད་བཞིན་དུ་ཆོས་ཞུ་རུ་བཅུག་ཡོད་པ་གསལ་བོ་ཆགས་ཡོད་པས། པཎ་ཆེན་བཙན་བཟོ་བྱས་པའི་གནས་བབ་འདི་གད་ལ་ཉེ་བའི་འབར་རྫས་ལྟ་བུ་ཞིག་ཆགས་ཡོད།

མ་འོངས་པར་ “སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་”ཞེས་དོན་གྱི་བདག་པོས་ཚིག་ཐག་བཅད་ནས་བཀའ་ཕེབས་ཡོད་པས།

རྒྱ་ནག་གཞུང་གིས་༸གོང་ས་མཆོག་སྐུ་འཚོ་བཞུགས་རིང་གི་གོ་སྐབས་བཟང་པོ་དམ་འཛིན་གྱིས་བོད་མིའི་མངོན་འདོད་སྒྲུབ་ཐབས་ཀྱི་ཡང་དག་པའི་ཐབས་ལམ་ཞིག་བཙལ་ན་ལས། དེ་མིན་༸རྒྱལ་བའི་ཡང་སྲིད་ཅེས་ཕྲུ་གུ་ཞིག་ལ་མིང་འདོགས་ཐུབ་རྒྱུ་ལྟ་ཅི། ཐ་ན་དུས་མཚམས་ལོ་དུས་གང་འདྲ་ཞིག་ཏུ་མིང་འདོག་དགོས་མིན་ཡང་ཤེས་དཀའ་བ་ཞིག་ཆགས་ངེས་སྟབས། ངལ་བ་འབྲས་མེད་ཀྱི་ལས་དོན་དག་མཇུག་བསྡུས་ཏེ། རྒྱ་བོད་མི་རིགས་གཉིས་ཀྱི་ཕུགས་རྒྱང་རིང་པོར་སྨན་པའི་ལས་ཀ་ཚད་ལྡན་ཞིག་འགོ་རྩོམ་ཐུབ་པར་ཆབས་ཅིག་སྐུལ་མ་ཡང་ཞུ་འདོད་བྱུང་།

བདུན། བོད་ཕྱོགས་ནས་སྲོལ་རྒྱུན་གང་ལྟར་ངོས་འཛིན་བྱེད་དམ།

གོང་དུ་ཞུས་པ་བཞིན། རྒྱ་ནག་གི་གཡོ་ཇུས་དང་། བོད་མི་གཙོས་དད་ལྡན་ནང་པ་ཡོངས། ལྷག་པར་བོད་མི་རིགས་ཀྱི་རྩ་དོན་དང་འཛམ་གླིང་ཞི་བདེའི་ཆེད། ༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་འགན་འཁུར་བྱེད་པོ་ལྷན་རྒྱས་ནས། སྲིད་གཞུང་གང་གིའང་ཐེ་བྱུས་མེད་པ། ཁྱད་པར་རྒྱ་ནག་གིས་༸རྒྱལ་བ་རྫུན་བཟོའི་ལས་ཀ་ལམ་དུ་མི་འགྲོ་བར་གདོང་ལེན་རྩལ་འདོན་གྱིས་དུས་ལ་དཔག་པའི་སྔར་སྲོལ་ཚད་ལྡན་ཞིག་ལག་བསྟར་གནང་རྒྱུ་ནི་གདོན་མི་ཟ་བ་རེད། སྔར་སྲོལ་ཁག་ལས་ཡོངས་གྲགས་ཡིན་པའི་ཐབས་ལམ་དང་། དེ་མིན་སྐབས་མཚམས་ཐབས་ལམ་རྣོ་ངར་ལྡན་པའང་ལག་བསྟར་བྱ་ངེས་པ་རེད།

གཅིག ལོ་མང་རྗེས་དུས་སྐབས་དེ་ལྟ་བུ་ཞིག་ཤར་མཚམས་ཡོངས་གྲགས་ཀྱི་ལམ་ནས་ལམ་སྟོན་ལྟར་གྱི་ལས་དོན་རྣམས་བསྒྲུབ་རྒྱུ་དང་།

གཉིས། ཡང་ན་དུས་སྐབས་དེར་གསང་རྒྱའི་ལམ་ནས་༸གོང་ས་ལྔ་བ་ཆེན་པོའི་སྐབས་སྡེ་སྲིད་རིན་པོ་ཆེས་གནང་བ་ལྟར་ཕྱག་བསྟར་མཛད་སྲིད། གསང་རྒྱ་མཛད་དབང་དུ་བཏང་ན། ལོ་གཅིག་གཉིས་ལས་མི་དགོས། རྒྱ་ནག་གི་གཡོ་ཇུས་ལ་གཞིགས་ན། གསང་རྒྱའི་སྲོལ་རྒྱུན་གྱི་འགྲོ་སྟངས་འདིར་བོད་མི་མང་གིས་རྒྱབ་སྐྱོར་བསམ་ཤེས་སྔར་ལྷག་གནང་ངེས་པ་ཞུ་ག་ལ་དགོས།

གསུམ། གཞན་ཡང་སྐབས་མཚམས་༸གོང་ས་མཆོག་གིས་དགག་དགོས་ལ་དགོངས་ཏེ་དམིགས་བསལ་ཐབས་ལམ་གསར་པ་འགྲོ་ཀུན་ཡིད་ཆེས་འདྲེན་པ་དེ་འདྲ་ཡང་གནང་སྲིད།

བཞི། མ་འོངས་ལོ་མང་རིང་གཅིག་བྱས་ན་རྒྱ་ནག་གཞུང་ལ་འགྱུར་བ་ཤུགས་ཆེ་ཕྱིན་ཏེ་ཕྱོགས་གཉིས་རྩེ་མཐུན་གྱི་ལམ་ནས་ཐག་གཅོད་བྱ་རྒྱུའི་ལམ་དུའང་འགྲོ་སྲིད།

ལྔ། ཡང་སྲིད་ཐག་གཅོད་ཀྱི་དོན་གྱི་བདག་པོ་༸རྒྱལ་མཆོག་རང་ཉིད་ཁོ་ན་ཡིན་སྟབས། རྒྱལ་སྤྱིའི་སྲིད་གཞུང་ཁག་གི་ངོས་འཛིན་ལ་དེ་ཙམ་ཁྱད་པར་མེད་ནའང་། ཨ་རི་གཙོས་སྲིད་གཞུང་ཁག་དང་། ནང་པའི་ཡུལ་ལུང་ཁག་གི་ཆོས་ཀྱི་སྒྲིག་འཛུགས་དང་བླ་ཆེན་ཁག གཞན་ཡང་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་པོབ་སོགས་ནས་ཀྱང་བོད་ཕྱོགས་ནས་ཐག་གཅོད་གཙང་མ་གནང་བའི་༸རྒྱལ་བའི་ཡང་སྲིད་གང་དེ་༸གོང་ས་ཏཱ་ལའི་བླ་མ་དེ་ཆོས་དད་རང་དབང་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ཀྱི་འགྲོ་སྲོལ་ཚད་ལྡན་བཞིན་གཏན་འཁེལ་མཛད་པ་ཡིན་པར་ངོས་ལེན་བརྩི་བཀུར་ཞུ་རྒྱུ་ཡིན་པ་བཤད་ག་ལ་དགོས། འཚིང་ཁ་ཤིག་ཤིག་ཡོང་ངེས།

བརྒྱད། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ལ་འགན་ཅི་ཡོད།

པཎ་ཆེན་སྐུ་ཕྲེང་བཅུ་པ་ངོས་འཛིན་སྐབས། རྒྱ་ཕྱོགས་ནས་བོད་ཀྱི་བླ་སྤྲུལ་མཚན་གནས་ཡོད་མཁན་མང་པོ་བེད་སྤྱོད་བཏང་ཡང་། རེ་ཟུང་ལས་རྒྱ་ནག་ལ་ཉན་མེད། དེ་དག་ལ་བོད་མདོ་དབུས་ཁམས་གསུམ་དུ་དོན་དམ་གྱི་ཆེ་མཐོང་གང་ཡང་མེད་པ་ཆགས་ཡོད་པ་མ་ཟད། བླ་སྤྲུལ་དེ་རིགས་འཁོར་དང་ཕྱོགས་གཏོགས་ཀྱི་ཞེན་ཁོག། དངུལ་དངོས་ཀྱི་ཐབས་ལམ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་ཆེ་མཐོང་ལྟ་བུའི་ས་ཁོད་ཕྲན་བུ་རེ་ཡོད་ན་ལས། ཁོང་ཚོའི་གྲས་བོད་མི་མང་འདུས་སྡོད་ཆེ་སར་ཞེ་ལྷོད་པོའི་ངང་འགྲོ་རྒྱུའང་ཉེན་ཁ་ཆགས་ཡོད་ལ། བོད་མི་ལར་ཞེན་ཅན་གཉིས་ནས་གསུམ་འཛོམས་ནའང་ལྐོག་ཏུ་བླ་དཔོན་དེ་རིགས་ཞབས་འདྲེན་རེད་ཅེས་ཡིག་ངག་གཉིས་ན་གཤེ་གཤེ་བཏང་དང་གཏོང་གི་ཡོད། དེང་༸རྒྱལ་བའི་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་ཚོགས་ཆུང་འདྲ་མིན་བཙུགས་པའི་ནང་བོད་ཀྱི་བླ་སྤྲུལ་རེ་ཟུང་བེད་སྤྱོད་གཏོང་འགོ་བཙུགས་ཡོད། གལ་སྲིད་དེ་དག་གིས་རྒྱ་ནག་གཞུང་གི་མངོན་འདོད་བཞིན་༸རྒྱལ་བའི་ཡང་སྲིད་ཐད་ཀུན་གཟིགས་མཆོག་གི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུར་འཁོད་པའི་ཧུར་བརྩོན་ཅན་ཇི་བཞིན་གྱི་ལས་ཀ་མུ་མཐུད་བྱས་ཚེ།

༡། བོད་ཀྱི་བླ་སྤྲུལ་སུ་ཞིག་གིས་རྒྱ་ནག་གཞུང་གི་དགོས་མཁོ་སྒྲུབ་རྐྱང་བྱས་ཚེ་དེས་བོད་མི་རིགས་ཀྱི་རྩ་དོན་གཡོ་ཚོང་བྱས་པ་ཡིན་སྟབས། གཞིས་བྱེས་བོད་མི་ཚང་མས་ཐེར་འདོན་རྣམ་འགྱུར་ཡན་པོར་མ་སོང་བ་སྟོན་དགོས།

༢། དེ་སྔ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་སྐབས། བོད་ཀྱི་བླ་སྤྲུལ་ཆེ་ཁག་ཕལ་མོ་ཆེས་རྒྱ་གཞུང་གི་དགོས་འདུན་བསྒྲུབ་ན་བོད་མི་རིགས་གཡོ་བཙོང་བྱས་པ་ཤེས་ཏེ་དགོངས་ཞུ་ཨུ་ནན་གནང་ཡོད་ལ། རང་སྲོག་གཏའ་མར་བཞག་སྟེ་ཡོངས་འཛིན་སོགས་སུ་མ་བསྡད་པ་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་ལྟ་བུ་སོགས་བྱུང་ཡོད་པ་མཁྱེན་བཞིན་དུ། བླ་སྤྲུལ་རེ་ཟུང་གིས་བོད་མི་རིགས་ཀྱི་རྩ་དོན་ལ་ལྟོས་མེད་བྱས་ཚེ། བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་སྤྱི་བསྒྲགས་ཀྱི་ལམ་ནས་ཐེར་འདོན་བྱ་རྒྱུ་དང་།

༣། དཔལ་ལྡན་བཀའ་ཤག་ནས་བླ་སྤྲུལ་དེ་རིགས་ཀྱི་ཡང་སྲིད་མ་འོངས་པར་ཡོང་ཆོག་མིན། བོད་མི་མང་གིས་བླ་སྤྲུལ་གྱི་མཚན་གནས་སྤྲོད་དགོས་མིན་སོགས་སྐབས་བབ་ལ་གཞིགས་ཏེ་ཐག་གཅོད་གསལ་བསྒྲགས་ནན་པོ་རྒྱ་ཁྱབ་ཏུ་གནང་དགོས་སོ།། །།

༢༠༢༥ ཟླ་ ༧ ཚེས་ ༢༥ ནས་འགོ་བཙུགས་ཏེ་གུང་གསེང་གི་སྐབས་དང་བསྟུན་བྲིས་པ་དགེའོ།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་འཚོག་བཞིན་པ། ༢༠༢༥།༠༩།༢༩། དུས་བབ་ཀྱི་པར།
Mobile App

གཞོན་སྐྱེས་རྣམས་ཀྱིས་བོད་པ་གཅིག་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་ནུས་པ་གཅིག་ཏུ་སྒྲིལ་བའི་འགན་འཁུར་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༨ སྔོན་ལ།
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་སྔར་ལས་བཙན་གནོན་བྱ་རྒྱུ་རེད།

ཆུ་ཚོད་ ༩ སྔོན་ལ།
China's former agriculture minister Tang Renjian (centre) received a suspended death sentence for bribery at a court in Jilin province on Sunday, Sep 28, 2025. (Photo: Changchun Intermediate People's Court)
Mobile App

རྒྱ་ནག་གི་ཞིང་ལས་བློན་ཆེན་ཟུར་བ་ཐང་རེན་ཅན་ལ་སྲོག་ཁྲིམས་བཅད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཐོག་བོད་ཀྱི་བླ་ཆེན་དང་མཁན་པོ་ཁག་ཅིག་ཕེབས་ཐུབ་མི་འདུག

༢༠༢༥/༠༩/༢༨
Front Slider

In Conversation with Manuel Bauer — Photographer of His Holiness the Dalai Lama

༢༠༢༥/༠༩/༢༧
དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།
Mobile App

དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།

༢༠༢༥/༠༩/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese