<<བོད་དང་བོད་མིའི་མགྲིན་ཚབ་>>བཀླགས་པའི་བརྗེད་ཐོ།

རྩོམ་པ་པོ། འབྲིང་བ་འཇིགས་མེད།
རྩོམ་ཁུངས། བོད་ཀྱི་དུས་བབ།
དང་པོ།
༄༅།། དཔེ་དེབ་ཀློག་སྐབས་གལ་ཆེའི་དོན་གནད་དང་འབྲེལ་བའི་དམིགས་བསལ་གྱི་ཚིག་དག་ལ་རྟགས་འགོད་པའམ་ཕབ་བཤུ་བྱེད་པ་སོགས་ཀྱི་ལམ་ནས་བརྗེད་ཐོ་འབྲི་སྲོལ་ཡོད་པ་ལྟར། འདིར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་རྣམ་<<བོད་དང་བོད་མིའི་མགྲིན་ཚབ་>>ཅེས་པའི་ཕྱག་དེབ་མཇལ་བའི་སྐབས་དེའི་ནང་གི་གསུང་ཚིག་གནད་ཆེ་བ་ཁག་ཅིག་བརྗེད་ཐོའི་ཚུལ་དུ་ཟུར་བཏོན་ཕྱོགས་བསྒྲིགས་དང་འབྲེལ། རང་དང་སྐལ་བ་མཉམ་པ་དག་ལ་བསམ་ཚུལ་བརྗེ་རེས་ཕྲན་བུ་བྱེད་འདོད་བྱུང་། མཛད་རྣམ་འདིའི་ནང་དུ་བསམ་གཞིགས་བྱེད་དགོས་སའི་གནས་མང་པོ་ཡོད་པ་ལས། རང་ཉིད་ལ་མཚོན་ན་དམིགས་བསལ་གྱིས་བསམ་གཞིགས་ནན་ཏན་བྱེད་དགོས་ས་ཞིག་ནི།
“ངོས་ནས་རིགས་པས་བརྟགས་ཏེ་མཐའ་སྡོམ་རྒྱག་ཐུབ་པ་ནི་འདི་ལྟ་སྟེ། སྐབས་ཤིག་ལ། རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་རྒྱུའི་འདུན་པ་དང་འདོད་པ་བཅོས་མིན་བྱུང་ཡོད་སྲིད་མོད། འོན་ཀྱང་རྒྱ་ནག་གི་དབུ་ཁྲིད་ཚོར་དེ་དངོས་སུ་ལག་བསྟར་བྱེད་པའི་སྙིང་སྟོབས་མེད་ལ། དེ་ལ་དགོས་ངེས་ཆབ་སྲིད་ཀྱི་འདུན་པ་ཡང་མེད་པ་དེ་རེད།”
ཅེས་པའི་གསུང་ཚིག་དུམ་བུ་འདི་རེད། འདི་ནི་བོད་རྒྱ་འབྲེལ་མོལ་གྱི་རིམ་པ་(ཕྱི་ལོ་ ༡༩༧༩ ནས་ ༡༩༨༩ བར་དང་། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བྱུང་བའི་འབྲེལ་མོལ་གྱི་རིམ་པ་)སྔ་ཕྱི་དེ་དག་གིས་བོད་ཀྱི་དཀའ་རྙོག་སེལ་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པའི་སྐོར་ལ་༸གོང་ས་མཆོག་ནས་མཐའ་སྡོམ་མཛད་པ་ཞིག་རེད།
གསུང་ཚིག་འདི་ནི། འདས་པའི་བོད་རྒྱ་འབྲེལ་མོལ་གྱི་རིམ་པ་དེ་དག་གིས་བོད་ཀྱི་དཀའ་རྙོག་སེལ་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ་ཞེས་པའི་དྲི་བ་ཞིག་རང་ཉིད་ཀྱི་ཡིད་ལའང་སྔར་ནས་ཡང་ཡང་འཁོར་བཞིན་ཡོད་པ་དེའི་ལན་དུ་གྱུར་པས་དམིགས་བསལ་དོ་སྣང་ཆེན་པོ་བྱུང་ལ། གསུང་ཚིག་དུམ་བུ་འདི་ལ་མཛད་རྣམ་རང་དུ་དམིགས་བསལ་གྱིས་འོག་ཐིག་འཐེན་ནས་རྟགས་བརྒྱབ་འདུག་པའང་འདི་གལ་གནད་ཆེ་ཤོས་དེ་ཡིན་ཞེས་པའི་བརྡ་མཚོན་ཡིན་པ་འདྲ། གསུང་འདིའི་སྙིང་དོན་ནི། བོད་ཀྱི་དཀའ་རྙོག་སེལ་མ་ཐུབ་པའི་རྒྱུ་མཚན་ནི་རྒྱ་ནག་གི་དབུ་ཁྲིད་ཚོར་ཐུག་ཡོད་ཅིང་། དེའང་རྒྱ་ནག་གི་དབུ་ཁྲིད་ཚོར་བོད་དོན་ཐག་གཅོད་བྱེད་པའི་སྙིང་སྟོབས་དང་ཆབ་སྲིད་ཀྱི་འདུན་པ་མེད་པ་དེ་རེད།
ཡང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་གྱི་ངོ་བོ་བསྒྱུར་ཅིང་གོ་བརྗེས་པའང་བོད་ཀྱི་དཀའ་རྙོག་སེལ་མ་ཐུབ་པའི་རྒྱུ་མཚན་ཞིག་ཏུ་སྣང་སྟེ། ༸གོང་ས་མཆོག་ནས། “ དཀའ་ངལ་གཙོ་བོ་དེ། རྒྱ་ནག་གཞུང་གི་ཕྱོགས་ནས་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་མ་གཏོགས་བོད་ཀྱི་གནད་དོན་ཟེར་བ་མེད་ལུགས་བརྗོད་ཀྱི་ཡོད། འོན་ཀྱང་དོན་དངོས་ནི། ངོས་ནས་ཁོ་བོ་སྒེར་གྱི་སྐོར་དགོས་འདུན་བཏོན་པ་གང་ཡང་མེད། གནད་དོན་ནི་བོད་མི་རིགས་དང་། དེའི་རིག་གཞུང་དང༌། སྐད་ཡིག ཆོས་ལུགས། དེ་བཞིན་ཉམས་ཆག་འགྲོ་སྐྱེན་པའི་སྐྱེ་ཁམས་ཁོར་ཡུག་བཅས་ཀྱི་མདུན་ལམ་ལ་ཐུག་ཡོད་པ་རེད།” ཅེས་གསུངས།
དེ་ལྟ་ནའང་རྒྱུ་མཚན་གྱི་གཙོ་བོ་ནི་རྒྱ་ནག་གི་དབུ་ཁྲིད་ཚོར་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་མེད་པ་དེ་ཁོ་ན་ཡིན་ཚུལ་སླར་ཡང་བཀའ་གནང་གསལ།“བློ་ཕམ་པ་ཞིག་ལ། པེ་ཅིང་གཞུང་ནས་ང་ཚོས་(དབུ་མའི་ལམ་གྱི་སྒོ་ནས)་བཏོན་པའི་གྲོས་འཆར་འདིའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དོན་གནད་ལ་དོ་གལ་གནང་མ་སོང་། འདི་ནི་ངོས་ཀྱིས་བསམས་ན། པེ་ཅིང་གི་དབུ་ཁྲིད་ཚོས་གྲོས་འཆར་གྱི་དོན་གནད་མགོ་མ་ཚོས་པས་མ་ཡིན་པར། རྒྱ་ནག་གི་དབུ་ཁྲིད་ཚོར་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་དོ་ནན་མེད་པ་དེ་ཁོ་ནར་ཐུག་པ་རེད་སྙམ།” ཞེས་གསུངས།
གཉིས་པ།
འོ་ན་ཆབ་སྲིད་ཀྱི་འདུན་པ་ཞེས་པ་དེ་ག་འདྲ་ཞིག་ཡིན་ནམ་ཞེ་ན། བོད་ཀྱི་དཀའ་རྙོག་འདི་ནི་བོད་ཀྱི་བདག་དབང་དང་འབྲེལ་བའི་ཆབ་སྲིད་ཀྱི་དཀའ་རྙོག་ཅིག་ཡིན་པས། ཆབ་སྲིད་ཀྱི་འགྲོ་ལུགས་ཤིག་གི་སྒོ་ནས་དཀའ་རྙོག་འདི་སེལ་ཐབས་བྱེད་དགོས་པ་སྨོས་མེད་ལ་བརྟེན། དབུ་མའི་ལམ་གྱི་སྒོ་ནས་རྒྱ་བོད་འགྲིགས་འཇགས་བྱུང་ཚེ་རྒྱ་ནག་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་ས་ཁོངས་གཅིག་གྱུར་ལ་ཕན་ཞིང་། བོད་ཐོག་དབང་བསྒྱུར་ཁྲིམས་མཐུན་ཅན་དུ་འགྱུར་བ་དང༌། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་འབྲེལ་ལམ་དང་ཆེ་མཐོང་ཇེ་ལེགས་སུ་འགྲོ་བ་སོགས་ཕྱི་ནང་གཉིས་ཀ་ནས་རྒྱ་ནག་རང་ཉིད་ལ་ཁེ་ཕན་མང་པོ་ཡོད་པའི་དོན་དངོས་འདི་ལ་ངོས་འཛིན་གཏིང་ཟབ་དང་འབྲེལ། ཁེ་ཕན་དེ་དག་གི་ཆེད་བོད་ཀྱི་དཀའ་རྙོག་བསལ་ནས་རྒྱ་བོད་གཉིས་ཀར་ཐུན་མོང་དུ་ཞི་བདེ་མཉམ་གནས་ཀྱི་ཁྱིམ་ཚང་ཞིག་བསྐྲུན་འདོད་ཀྱི་བསམ་པ་སྟེ། དེ་ལྟའི་ཆབ་སྲིད་ཀྱི་གཟིགས་རྒྱ་ཡངས་པོ་དང་འབྲེལ་བའི་འདོད་འདུན་རྣམ་པར་དག་པ་ཞིག་ལ་སྐབས་འདིའི་ཆབ་སྲིད་ཀྱི་འདུན་པ་ཞེས་བརྗོད་དགོས་སྙམ།
གསུམ་པ།
རྒྱ་ནག་གི་དབུ་ཁྲིད་ཚོར་ཆབ་སྲིད་ཀྱི་འདུན་པ་དེ་ཡོད་ན་བོད་ཀྱི་དཀའ་རྙོག་འདི་སེལ་ཐུབ་བམ་ཞེ་ན། དེ་ལ་༸གོང་ས་མཆོག་ནས། “ཅི་སྟེ་རྒྱ་ནག་གི་དབུ་ཁྲིད་ཚོར་ཆབ་སྲིད་ཀྱི་འདུན་པ་དང་མིག་རྒྱང་ལྡན་པ་བྱུང་ན། བོད་མིའི་རེ་འདོད་བསྒྲུབ་རྒྱུ་དེ་ཙམ་དཀའ་ལས་ཁག་པོ་མིན་པར་ངོས་ནས་ད་ལྟའང་ཡིད་ཆེས་བྱེད་ཀྱི་ཡོད།” ཅེས་གསུངས།
བོད་མིའི་རེ་འདོད་ནི། རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ནང་ཆོས། ཁོར་ཡུག་བཅས་དང་ལྡན་པའི་མི་རིགས་ཁྱད་པར་བའི་ངོ་བོར་མུ་མཐུད་གསོན་གནས་ཐུབ་པ་བྱ་རྒྱུ་དེ་ཡིན་ཏེ། ༸གོང་ས་མཆོག་ནས། “ང་ཚོའི་རྩ་བའི་དམིགས་ཡུལ་ནི། བོད་མི་རྣམས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་བཅས་ལྡན་པའི་མི་རིགས་ཤིག་གི་ངོ་བོར་སྲུང་སྐྱོབ་ཐོག་འཚོ་གནས་ཐུབ་པ་བྱ་རྒྱུ་དེ་ཡིན།”ཞེས་དང་། “(དབུ་མའི་ལམ་གྱི་)སྲིད་བྱུས་འདིའི་སྙིང་པོ་ནི། བོད་མཐོ་སྒང་གི་ས་སྟེང་དུ་བོད་མི་རྣམས་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཁོར་ཡུག ནང་ཆོས་བཅས་དང་ལྡན་པའི་མི་རིགས་ཁྱད་པར་བའི་ངོ་བོར་མུ་མཐུད་གསོན་གནས་ཐུབ་པའི་སྒྲོམ་གཞི་ཚད་ཐུབ་ཅིག་འཚོལ་སྒྲུབ་བྱ་རྒྱུ་དེ་ཡིན།”ཞེས་དང་། “རང་ངོས་ནས་ཀྱང་དོན་དངོས་སུ་རང་ཅག་བོད་མིར་གལ་གནད་ཆེ་ཤོས་དེ་ནི། བོད་མི་རིགས་དང་དེའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་དང་། སྲིད་པ་ཆགས་པ་ནས་འབྲེལ་བ་ཆགས་པའི་ཐུན་མོང་མ་ཡིན་པའི་བོད་མཐོ་སྒང་གི་སྣོད་ཀྱི་བཀོད་པ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པའི་ངེས་པ་གསལ་པོ་ཐོབ།”ཅེས་གསུངས།
བོད་མིའི་རེ་འདོད་འདི་ཇི་བཞིན་བསྒྲུབས་ཚེ་རྒྱ་བོད་ཁ་བྲལ་འགྲོ་མི་དགོས་པར་མཉམ་གནས་ཐུབ་པ་ཡོང་ཚུལ་ཡང་༸གོང་ས་མཆོག་ནས། “ཅི་སྟེ་ང་ཚོ་བོད་མི་རྣམས་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང༌། ཆོས་ལུགས། ལོ་རྒྱུས་ཀྱི་ཤུལ་བཞག་ཡོད་པའི་མི་རིགས་ཤིག་ཡིན་པ་གཞིར་བཟུང་། མི་རིགས་ཀྱི་ཐོབ་ཐང་དང་། ཆེ་མཐོང་། དགོས་མཁོ་ཁག་ལ་བརྩི་བཀུར་བཅོས་མ་མ་ཡིན་པ་ཞིག་བྱུང་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ནང་དུ་ང་ཚོ་འཚོ་གནས་ཐུབ་པའི་ལམ་ཞིག་རྙེད་རྒྱུར་ངོས་རང་ཡིད་ཆེས་ཡོད།” ཅེས་གསུངས།
དེ་ལས་ལྡོག་སྟེ། གལ་སྲིད་རྒྱ་ནག་གཞུང་གིས་བོད་མིའི་རེ་འདོད་དམ་དམིགས་ཡུལ་འདི་རྒྱ་ནག་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མི་མཐུན་པར་ངོས་འཛིན་བྱས་ཚེ། བོད་ཀྱི་དཀའ་རྙོག་འདི་མི་རབས་མང་པོའི་རིང་སེལ་མི་ཐུབ་ཚུལ་ཡང་བཀའ་གསལ་པོར་ཕེབས་ཡོད་པ་ནི། ”ཅི་སྟེ་མཐའ་མར་པེ་ཅིང་གཞུང་ནས། བོད་མིའི་གཞི་རྩའི་དམིགས་ཡུལ་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་ཐབས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་ན། བོད་ཀྱི་གནད་དོན་དེ་མི་རབས་མང་པོའིི་རིང་ཐག་གཅོད་མ་ཐུབ་པར་དཀའ་རྙོག་གི་ངོ་བོར་གནས་རྒྱུ་ངེས་པ་རེད།”ཅེས་གསུངས།
དེ་བཞིན་དུ་རྒྱ་ནག་གིས་ཡ་ལན་མ་བྱས་པའམ་ཡང་ན་ཐག་གཅོད་མ་ཐུབ་པ་ལྟ་བུས་བོད་ཀྱི་དཀའ་རྙོག་མུ་མཐུད་ལྷག་ཚེ་བོད་མི་ཚོས་དེ་བློས་གཏོང་བྱེད་ས་ཡོད་དམ་ཞེ་ན་མེད་དེ། “བོད་ཀྱི་སྐོར་ཆ་བཞག་ན། ང་ཚོའི་གནད་དོན་དེ་ནི་འཆི་དང་གསོན་གྱི་འགག་ལ་ཐུག་པ་དེ་ཡིན་སྟབས་བློས་གཏོང་བྱེད་ས་མེད། བློས་གཏོང་བྱེད་པ་ནི་ཡི་ཆད་རིང་ལུགས་རེད།” ཅེས་བཀའ་སྩལ།
བཞི་པ།
གནད་འགག་ཐུག་ས་གཙོ་བོ་སྟེ། ཇི་སྲིད་རྒྱ་ནག་གི་དབུ་ཁྲིད་ཚོར་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་མ་སྐྱེས་པ་དེ་སྲིད་དུ་དབུ་མའི་ལམ་གྱི་སྒོ་ནས་བོད་ཀྱི་དཀའ་རྙོག་སེལ་མི་ཐུབ་པ་དེ་ལྟ་བས་ན། བོད་ཀྱི་དཀའ་རྙོག་འདི་སེལ་བ་ལ་རྒྱ་ནག་གི་དབུ་ཁྲིད་ཚོར་ཆབ་སྲིད་ཀྱི་འདུན་པ་དེ་ངེས་པར་དུ་སྐྱེ་རུ་འཇུག་དགོས་པ་དང་། དེ་བསྐྱེད་པའི་ཐབས་ཅི་ཞིག་ཡོད་དམ་ཞེ་ན། དེ་ལ་ཐབས་འདི་དང་འདི་ཡོད་ཅེས་གསལ་པོ་ཞིག་ཞུ་བའི་རྔོ་མི་ཐོགས་ནའང་། གཤམ་གསལ་༸གོང་ས་མཆོག་གི་གསུང་ཚིག་དུམ་བུ་འདི་དག་ལ་རྒྱ་ནག་གི་དབུ་ཁྲིད་ཚོས་བསམ་ཞིབ་ནན་ཏན་གནང་ཐུབ་པ་ཞིག་བྱུང་ན་ཕན་ཐོགས་ཆེན་པོ་འབྱུང་ངེས་སྙམ།
༡༽ རྒྱ་ནག་རང་གི་མདུན་ལམ་དང་ཁེ་ཕན་ལ་འབྲེལ་བ་ཡོད་པ།
“སྐབས་ཐོབ་ཀྱི་དྲི་བ་ནི། (རྒྱ་ནག་རྒྱལ་ཁབ་)དེས་ཕྱི་ནང་གཉིས་ཀར་དྲག་རྩུབ་ཀྱི་དབང་ཤུགས་སྤྱོད་རྒྱུའི་ལམ་དེ་འདེམས་སམ། ཡང་ན་འཛམ་གླིང་གི་སྡིངས་ཆའི་ཐོག་སྒྲུབ་ཕྱོགས་ལས་དོན་གྱི་སྣེ་འཁྲིད་མཁན་གྱི་གྲལ་དུ་ཞུགས་ཏེ། འཛམ་གླིང་ཞི་བདེ་དང་། གནམ་གཤིས་འགྱུར་ལྡོག དབུལ་ཕོངས་ངལ་སེལ་ལྟ་བུའི་འགྲོ་བ་མི་སྤྱིའི་དཀའ་ངལ་ལ་གདོང་ལེན་ཐོག་འགན་ཁུར་ལེན་པའི་ལམ་ཕྱོགས་སུ་འགྲོ་གི་རེད་ཅེས་པ་དེ་ཡིན། དྲི་བ་འདི་ནི་གནད་འགག་ཅན་ཞིག་ཆགས་ཡོད། དེང་གི་དུས་སུ་རྒྱ་ནག་རྒྱལ་ཁབ་དེ་ལམ་གྱི་བཞི་མདོ་ལྟ་བུར་གནས་ཡོད་ཅིང་། དེས་ལམ་ཕྱི་མ་དེ་གདམ་རྒྱུ་ནི། འཛམ་གླིང་ཁྱོན་ཡོངས་ཀྱི་ཁེ་ཕན་ཙམ་མ་ཟད། རྒྱ་ནག་མི་མང་རང་གི་ཁེ་ཕན་ཡང་ཆགས་ཡོད། མདོར་བསྡུས་ན། འདི་ནི་རྒྱ་ནག་རང་ཉིད་ཀྱི་རྒྱལ་ཁབ་དང་མི་མང་གི་ངོ་བོའི་གནད་དོན་དང་འབྲེལ་བའི་དོན་སྙིང་དེ་ཆགས་ཡོད། དེར་བརྟེན་ཅི་སྟེ་རྒྱ་ནག་གིས་ཡུན་རིང་གནས་པའི་བོད་ཀྱི་དཀའ་རྙོག་དེ། གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་ཞིག་བྱུང་ན། དེས་རྒྱ་ནག་རང་གི་མི་མང་དང་འཛམ་གླིང་ཡོངས་ལ། རྒྱ་ནག་རྒྱལ་ཁབ་ཀྱིས་གདམ་ཀའི་ལམ་གཉིས་ལས་ཕྱི་མ་དེ་འདེམས་བཞིན་ཡོད་པའི་མཚོན་དོན་ཤུགས་ཆེན་པོ་ཞིག་ཆགས་རྒྱུར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། དེ་འོང་བར་རྒྱ་ནག་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ཚང་དགོས་པའི་ཆ་རྐྱེན་ནི། མིག་རྒྱང་རིང་པོ་དང་། བློ་སྟོབས་ཆེན་པོ། ཕན་སེམས་གཞིར་བྱས་པའི་གུ་བཤངས་ཀྱི་བསམ་བློ་ཡོད་དགོས་པ་བཅས་རེད།” ཅེས་དང་།
“ བོད་ཀྱི་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ཞིག་རྙེད་ཐུབ་པ་བྱུང་ན། དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལའང་ཁེ་ཕན་ཆེན་པོ་ཡོང་རྒྱུར་ཐེ་ཚོམ་མེད། དེའི་ཐད་གལ་གནད་ཅན་གྱི་ཁེ་ཕན་ཆེ་ཤོས་ནི། བོད་མཐོ་སྒང་དུ་ད་ལྟ་ཡོད་མུས་ཀྱི་རྒྱ་ནག་གི་དབང་བསྒྱུར་དེ་ཁྲིམས་མཐུན་ཅན་དུ་བསྒྱུར་ཐུབ་རྒྱུ་ཡིན་ཞིང་། དེ་ལྟ་བུའི་ཁྲིམས་མཐུན་གྱི་གནད་དོན་དེ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ། མི་རིགས་མང་པོ་རང་མོས་ངང་ཁྱིམ་ཚང་གཅིག་ནང་མཉམ་ཞུགས་བྱས་ནས་གྲུབ་པའི་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབས་དང་། རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་ཧ་ཅང་མཁོ་གལ་ཆེན་པོ་ཆགས་ཡོད།” ཅེས་གསུངས།
༢༽ ཁོར་ཡུག་གི་བདེ་ཐང་དང་འབྲེལ་བ་ཡོད་པ།
“ཁོར་ཡུག་གི་བདེ་ཐང་ནི། བོད་པ་དང་རྒྱ་མི་གཉིས་ཀས་གཅིག་གྱུར་དུ་སེམས་ཁུར་བྱེད་དགོས་པའི་དོན་གནད་ཅིག་ཆགས་ཀྱི་ཡོད་སྟབས། ཉམས་ཆག་འགྲོ་སླ་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད། འཆར་གཞི་ལྡན་པའི་མཉམ་རུབ་ཀྱི་འབད་བརྩོན་དང་། དེ་ཡང་རྒྱུན་སྲིང་ཐུབ་པ་ཞིག་ཡོང་བར་ངོས་ནས་རེ་བ་བྱེད་བཞིན་ཡོད།”ཅེས་དང༌། “ང་ཚོ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གིས། རང་བྱུང་ཁམས་དང་མཐུན་གནས་བྱ་རྒྱུ་རྩལ་འདོན་བྱེད་པ་ལྟར། བོད་མི་ཚོར་དབང་ནུས་ལྡན་པ་བྱུང་ཚེ། བོད་མཐོ་སྒང་གི་ཉམས་ཆག་འགྲོ་སླ་བའི་ཁོར་ཡུག་ལ་ཡང་སྲུང་སྐྱོབ་ཐུབ་རྒྱུ།”ཞེས་གསུངས།
༣༽ རྒྱལ་སྤྱིའམ་འགྲོ་བ་མི་སྤྱིའི་ཁེ་ཕན་དང་འབྲེལ་བ་ཡོད་པ།
“ངོས་ནས་བོད་དང་བོད་མི་རིགས་སྐྱོབ་ཐབས་སུ་འབད་བརྩོན་ཡུན་རིང་བྱས་པའི་བརྒྱུད་རིམ་ནང་། ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། ནང་བསྟན་གྱི་བསླབ་བྱ་སྲོག་ཏུ་ཞུགས་ཤིང་སྲིད་པའི་དཔལ་ཡོན་ལྡན་པའི་བོད་འདི་གསོན་གནས་ཐུབ་པ་བྱ་རྒྱུ་ནི། ང་ཚོ་བོད་མི་ཁོ་ན་ཙམ་མ་ཡིན་པར། རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལ་གལ་འགངས་ཧ་ཅང་ཆེན་པོ་ཡིན་པ་སྔ་ས་ནས་ངོས་འཛིན་ཐུབ་པ་བྱུང་།” ཞེས་དང་། “དེའི་ཐོག བོད་སྲུང་སྐྱོབ་བྱ་རྒྱུ་དེ་ནི། བྱམས་སྙིང་རྗེ་རྩ་བར་བྱས་ཤིང་། འགྲོ་བ་མིའི་རིགས་ཡོངས་ལ་ཕན་བདེ་བསྐྲུན་པའི་ནུས་པ་ཡོད་པའི་རིག་གཞུང་ཞིག་གསོན་གནས་དང་དར་འཕེལ་ཡོང་མིན་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད།”ཅེས་དང་། “སྲོལ་རྒྱུན་རིག་གཞུང་དེའི་སྙིང་པོ་ལྟ་བུར་ཆེད་གཉེར་གྱིས་རྩལ་འདོན་བྱེད་ས་ནི། ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཕན་ཚུན་ལྟོས་གྲུབ་ཡིན་པའི་ཚུལ་དེ་དང་། འགྲོ་བ་མིའི་ཐུན་མོང་གི་རང་བཞིན་ཤེས་པ་གཞིར་བྱས་ཏེ་གཞན་ཕན་སྙིང་རྗེའི་བློ་རྩལ་འདོན་བྱེད་པ་དེ་གཉིས་རྨང་གཞིར་བྱས་ཏེ། ཀུན་ལ་བདེ་སྐྱིད་འབྱུང་བའི་གཞི་ཡ་རབས་སྤྱོད་བཟང་གི་ལམ་ནས་མི་ཚེ་སྐྱེལ་ཐབས་སྟོན་པ་དེ་ཡིན།” ཞེས་དང་། “བོད་ཀྱི་ཤེས་ཡོན་དང་སྙིང་རྗེ་རྩ་བར་བཞག་པའི་རིག་གཞུང་གི་ནང་དུ། འགྲོ་བ་མིའི་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་གོང་མཐོར་སྤེལ་ནུས་པའི་གཅེས་ནོར་ཕྱུག་པོ་ཡོད་པར་ཁོ་བོས་སེམས་གཏིང་ནས་ཡིད་ཆེས་བྱེད་ཀྱི་ཡོད། གོང་གི་རྒྱུ་མཚན་དེ་དག་གི་དབང་གིས། བོད་དང་བོད་མིའི་འཚོ་གནས་དེ་ནི། འགྲོ་བ་མིའི་རིགས་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད།”ཅེས་གསུངས།
༤༽དེ་དང་ཆབས་ཅིག་བོད་མི་ཚོས་ཀྱང་རང་གི་བཟང་སྤྱོད་དང་བདེན་སྟོབས། སེམས་ཤུགས། ཆིག་སྒྲིལ་སོགས་ཉམས་མེད་རྒྱུན་འཁྱོངས་དང་། ལྷག་པར་བཙན་གནོན་བྱེད་མཁན་ཚོར་ཡང་མི་གཅིག་གྱུར་གྱི་འདུ་ཤེས་མ་བརླག་པ་བྱེད་དགོས་པ།
“ད་ཆ་བོད་མིར་ལྷག་ལུས་ཀྱི་ནུས་སྟོབས་ཉག་གཅིག་པོ་དེ་ནི། དྲང་བདེན་བཟང་སྤྱོད་ཀྱི་རྩ་དོན་དང་། བདེན་པའི་སྟོབས་ཤུགས་གཉིས་པོ་དེ་ལས་གཞན་གང་ཡང་ལྷག་མེད།” ཅེས་དང་། “ང་ཚོ་བོད་མི་ཚོའི་ངོས་ནས་གང་བྱེད་དགོས་རེད་ཟེར་ན། རང་གི་དམིགས་ཡུལ་གསལ་པོར་ངོས་བཟུང་བ་རྩ་བར་བྱས་པའི་ངང་རྒྱུད་རིང་པོ་དང་། བཟློག་ཏུ་མེད་པའི་སེམས་ཤུགས། རྡོག་རྩ་ཆིག་སྒྲིལ། སྙིང་སྟོབས་བཅས་རེད།”ཅེས་དང་། “ང་ཚོར་བཙན་གནོན་བྱེད་མཁན་ཚོར་ཡང་མི་གཅིག་གྱུར་གྱི་འདུ་ཤེས་མ་བརླག་པར་བྱེད་དགོས། གང་ཡིན་ཞེ་ན། མཐའ་མ་ཁོང་ཚོའི་རྒྱུད་ཀྱི་མི་གཅིག་གྱུར་གྱི་འདུ་ཤེས་དེའི་སྟེང་ནས་གནས་ཚུལ་འགྲིག་འཇགས་ཐུབ་པ་ཞིག་འོང་གི་རེད།”ཅེས་གསུངས།
དོན་ཚན་དེ་བཞི་ནི་མཛད་རྣམ་འདིའི་ནང་ནས་མཇལ་བའི་རྒྱ་ནག་གི་དབུ་ཁྲིད་ཚོར་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་བསྐྱེད་པའི་ཐབས་དང་འབྲེལ་བའི་དོན་གནད་གཙོ་གལ་ཆེ་བ་དག་སྟེ། འདི་དང་འདི་ལྟ་བུའི་ཐབས་གཞན་གང་དང་གང་ཡོད་དཔྱོད་ལྡན་དག་གིས་དཔྱད་གླེང་གང་ཟབ་གནང་རྒྱུ་ནི་དུས་ལ་བབ་པའི་ལས་ཀྱི་དམ་པར་སྣང་ཞིང་། དེའང་འཚེ་མེད་ཞི་བའི་ལམ་གཞིར་བཟུང་བའི་ཐབས་ཚུལ་ཞིག་ཡིན་དགོས་པ་ནི་ལྟ་སྨོས་ཀྱང་ཅི་འཚལ།
ལྔ་པ།
བོད་དང་རྒྱ་ནག རྒྱལ་སྤྱི་བཅས་ཀྱི་ཁེ་ཕན་དང་གལ་འགངས་དེ་དག་གསལ་རྟོགས་ཀྱིས་དྲངས་པའི་ཆབ་སྲིད་ཀྱི་འདུན་པ་ཞིག་གི་སྒོ་ནས་མཐའ་མར་ཐག་གཅོད་གནང་སྟངས་ནི།
༸གོང་ས་མཆོག་ནས། “སྤྱིར་ངེད་ཚོའི་དམིགས་ཡུལ་ནི། གྲོས་མོལ་གྱི་ལམ་ནས་གཉིས་མོས་ཀྱི་ཐག་གཅོད་ཡོང་བ་བྱ་རྒྱུ་དེ་ཡིན་པར་བརྟེན། དེ་དོན་འགྲུབ་པ་ལ་མཐའ་མ་རྒྱ་བོད་གཉིས་མཉམ་དུ་བསྡད་ནས་གྲོས་བསྡུར་བྱེད་དགོས་པ་ཆགས་ཡོད།”ཅེས་དང་། “ངོས་ནས་དུས་རྟག་ཏུ། བོད་མིའི་མ་འོངས་མདུན་ལམ་གྱི་མཐའ་མའི་ཐག་གཅོད་དེ། དོན་གྱི་བདག་པོ་བོད་མི་མང་གིས་བྱ་རྒྱུ་ལས། ཏཱ་ལའི་བླ་མས་བྱ་རྒྱུ་ཞིག་མིན་ལ། དེ་བཞིན་དུ་པེ་ཅིང་གཞུང་གིས་ཀྱང་བྱ་རྒྱུའི་དོན་དག་ཅིག་མ་རེད་ཅེས་བརྗོད་ཀྱི་ཡོད།”ཅེས་གསུངས་པ་ལྟར། རྒྱ་བོད་གཉིས་གྲོས་མོལ་གནང་བ་བརྒྱུད་མཐའ་མའི་ཐག་གཅོད་ནི་བོད་མི་མང་གིས་བྱ་དགོས། གལ་ཏེ་རྒྱ་ནག་གི་དབུ་ཁྲིད་ཚོར་ཆབ་སྲིད་ཀྱི་འདུན་པ་དེ་མ་སྐྱེས་ཚེ་བོད་རྒྱའི་བར་དུ་གྲོས་མོལ་འབྱུང་དཀའ་ལ། བྱུང་ཡང་གྲུབ་འབྲས་མི་སོན་པས། དེའི་ཚེ་བོད་མི་མང་གིས་“ཡི་ཆད་རིང་ལུགས་ཀྱི་བློས་གཏོང་”མི་བྱེད་པར། “དྲང་བདེན་བཟང་སྤྱོད་ཀྱི་རྩ་དོན་དང་། བདེན་པའི་སྟོབས་ཤུགས་གཉིས་པོར་” བརྟེན་ནས་ཐབས་ལམ་གཞན་ཞིག་འཚོལ་སྲིད་པ་དང་། བོད་མིའི་མ་འོངས་པའི་གནས་བབས་ཀྱང་གཞན་ཞིག་ཏུ་འགྱུར་སྲིད་དོ། །