རྒྱ་གཞུང་གིས་བོད་ནང་དུ་དམག་དོན་གྱི་ལས་གཞི་རྒྱ་སྐྱེད་བཏང་བ་དེས་ཧི་མ་ལ་ཡའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་། ཆུའི་བདེ་འཇགས། དེ་བཞིན་ས་ཁུལ་དེའི་བརྟན་ལྷིང་སོགས་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་།

ཉེ་ལམ་སུ་ཝེ་ཌན་ (Sweden) གྱི་རྒྱལ་ས་སི་ཊོཀ་ཧོམ་ (Stockholm) དུ་རྟེན་གཞི་བྱས་པའི་བདེ་འཇགས་དང་ཡར་རྒྱས་སྲིད་ཇུས་ལྟེ་གནས་ཁང་ (Institute for Security & Development Policy) གིས། དམག་དོན་རྒྱ་སྐྱེད་འོག་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན། བོད་ནང་དམག་དོན་རྒྱ་སྐྱེད་དང་ཁོར་ཡུག་གི་འགྱུར་ལྡོག་ (The Ecological Cost of Security: Military Development and Environmental Change in Tibet) ཅེས་པའི་བརྗོད་གཞིའི་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་འདུག
བོད་ནང་དམག་དོན་རྒྱ་སྐྱེད་དང་ཁོར་ཡུག་གི་འགྱུར་ལྡོག་ཅེས་པའི་སྙན་ཐོའི་ནང་། རྒྱ་ནག་གིས་བོད་ནང་དམག་དོན་འཕེལ་རྒྱས་དང་དམག་སྦྱོང་བྱས་དང་བྱེད་མུས་ཡིན་པའི་རྐྱེན་གྱིས། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཁོར་ཡུག་དང་། ཁུལ་དེའི་གནམ་གཤིས་འགྱུར་ལྡོག དེ་བཞིན་ཆུའི་བདེ་འཇགས་སོགས་ལ་དོ་ཕོག་ཤུགས་ཆེན་འགྲོ་ཡི་ཡོད་པ་ཐེར་འདོན་གནང་ཡོད་འདུག་ལ། སྙན་ཐོ་དེའི་ནང་། རྒྱ་ནག་གིས་བོད་ནང་དམག་དོན་གྱི་ལས་གཞི་རྒྱ་སྐྱེད་སླད་དམག་མི་ཇེ་མང་དུ་བཏང་བའི་ཐོག་དམག་སྦྱོང་ཐེངས་མང་བྱས་དང་བྱེད་མུས་ཡིན་པ་སོགས་ལ་བརྟེན་ནས་བོད་ནང་དུ་ཡོད་པའི་ཨེ་ཤ་ཡའི་འཁྱགས་རོམ་ཆེ་ཤོས་དང་། ས་འོག་གི་གཏན་འཇགས་འཁྱགས་རོམ་ (Permafrost) རྣམས་རིམ་གྱིས་གང་མགྱོགས་ཞུ་ཡི་ཡོད་པས། དམག་སྒར་དང་དམག་དོན་གྱི་ལས་རིགས་སོགས་ལ་བརྟེན་ནས་རང་བྱུང་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་མགོ་ཚུགས་ཡོད་ལ། བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་ཁུལ་གྱི་རང་བྱུང་ཁོར་ཡུག་དང་ཆུའི་བདེ་འཇགས་ཐད་ལ་ཉེན་ཁ་ཚབས་ཆེན་བཟོ་ཡི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་སོགས་གསལ་འདུག
ཡང་སྙན་ཐོའི་ནང་། འཁོར་སྐར་བརྒྱུད་པར་རིས་བྱུང་བ་ཁག་དང་ཁུལ་དེར་དངོས་སུ་ཕྱིན་ནས་བརྙན་པར་བླངས་ཡོད་པ་དེ་དག་ལ་ཞིབ་འཇུག་བྱས་པ་བརྒྱུད། གཞུང་ལམ་དང་། ཕུག་ལམ། གནམ་ཐང་སོགས་ཀྱི་འཛུགས་སྐྲུན་མང་དག་ཅིག་སྤེལ་མུས་ཡིན་པར་བརྟེན། གཏན་འཇགས་འཁྱགས་རོམ་གྱི་སའི་ནུས་བཅུད་ཇེ་ཞན་དུ་འགྲོ་ཉེན་ཤེས་རྟོགས་བྱུང་འདུག་ལ། བོད་ནི་ཨེ་ཤ་ཡའི་གཙང་ཆུ་དང་གཏེར་རྫས། འཁྱགས་རོམ་སོགས་ཀྱི་ཐོན་ཁུངས་གཙོ་བོ་ཡིན་སྟབས། རྒྱ་ནག་གིས་མུ་མཐུད་དུ་བོད་ནང་གི་རང་བྱུང་ཐོན་ཁུངས་སྔོག་འདོན་དང་། བོད་ཁུལ་གྱི་ཆུ་བོ་དང་གཙང་པོ་བཀག་བསྐྱིལ། ཆུ་རགས་གསར་རྒྱག་དང་གློག་འདོན་ས་ཚིགས་གསར་འཛུགས། དེ་བཞིན་དམག་དོན་རྒྱ་སྐྱེད་བཏང་བ་སོགས་ལ་བརྟེན་ནས། འདས་པའི་ལོ་ངོ་ ༣༠ ནང་ལོ་ལྟར་སའི་དྲོད་ཚད་ ༠།༡ ནས་ ༠།༥ (0.50C) བར་འཕར་གྱིན་ཡོད་པའི་རྐྱེན་གྱིས་ས་འོག་གཏན་འཁྱགས་ (permafrost) དེ་བཞུར་ནས་སྲ་བརྟན་དུ་གནས་མི་ཐུབ་པ་མ་ཟད། རྒྱ་ནག་གིས་དམག་དོན་གྱི་ལས་དོན་རྒྱ་བསྐྱེད་དེ། རང་བྱུར་ཁོར་ཡུག་ལ་དོ་ཕོག་བྱུང་བ་ཙམ་དུ་མ་ཟད། གོ་ལའི་ཚ་དྲོད་ལ་གནོད་ཚབས་ཆེ་བའི་དྲོད་ཁང་ཕྱིར་ཤོར་ཏེ། ཆུའི་མ་ལག་ལ་གནོད་སྐྱོན་ཤུགས་ཆེན་ཐེབས་རྒྱུའི་ཉེན་བརྡའང་བཏང་འདུག
དེ་བཞིན་བདེ་འཇགས་དང་ཡར་རྒྱས་སྲིད་ཇུས་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་མཉམ་འབྲེལ་གྱིས། རྒྱ་ནག་གཞུང་གིས་གནད་དོན་དེའི་ཐད་ཕྱི་གསལ་ནང་གསལ་བྱེད་དགོས་གལ་ཆེ་བ་དང་བོད་ནང་དམག་དོན་གྱི་ལས་གཞི་རྒྱ་ཆེན་སྤེལ་བའི་རྐྱེན་གྱིས་རྒྱལ་མཚམས་ལས་བརྒལ་བའི་ཤུགས་རྐྱེན་ཐེབས་རྒྱུའི་ཉེན་བརྡ་གཏོང་གི་ཡོད་སྐོར་སོགས་བརྗོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་བོད་ནང་དམག་དཔུང་བསྡུ་རུབ་དང་དམག་དོན་གྱི་ལས་གཞི་རྒྱ་སྐྱེད་བཏང་དང་གཏོང་མུས་ཡིན་པ་དེ་ནི་ཕྱི་ནང་གཉིས་ཀའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་ཡང་ཕྱི་ཕྱོགས་ནས་བལྟས་ན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཐོག པེ་ཅིན་གྱིས་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་གནས་ས་ཁུལ་ཞིག་དང་། ༢༠༢༠ ལོར་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་བྱུང་སྟེ། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་མཚམས་ཀྱི་རྩོད་རྙོག་བྱུང་ཡུལ་ཞིག་ཡིན་པས་གནས་སྟངས་ཛ་དྲག་པོ་ཞིག་ཏུ་གྱུར་ཡོད་ལ། ནང་ཁུལ་དུ་དམག་མིའི་གྲངས་འབོར་ཇེ་མང་དུ་བཏང་བ་དེས་པེ་ཅིན་གྱིས་བོད་མིའི་ངོ་བོ་དང་། རིག་གཞུང་རྩ་མེད་གཏོང་ཐབས་དང་། ལྷག་པར་དུ་བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་སོགས་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཇེ་ཆེར་གཏོང་གིན་ཡོད་པ་མངོན་གསལ་རེད། ཅེས་བརྗོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།