དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སྐབས་ ༡༩ པའི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས། ཟུང་དྲུང་བསྟན་འཛིན་བློ་བཟང་ལགས་བཅས་རྒྱུན་ལས་བདུན་བདམས་འདུག
གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསར་འདེམས་གནང་། ༢༠༢༥།༡༠།༠༥ གཞོན་ལྷན་གྱི་པར།
ཁ་སང་ཕྱི་ཟླ་ ༡༠ ཚེས་ ༥ ཉིན་དྷ་ཤོད་བོད་ཁྱིམ་གྱི་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པའི་ལས་ཉིན་མཐའ་མར་འོས་བསྡུའི་འགན་འཛིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཤེས་རབ་འོད་གསལ་ལགས་དང་ཆོས་སྐྱིད་ལགས་རྣམ་པ་གཉིས་ཕེབས་ཏེ། སྐབས་བཅུ་དགུ་པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་འདེམས་གནང་བ་བརྒྱུད། དབུས་རྒྱུན་སྐབས་སྔོན་མའི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ལ་འོས་གྲངས་ ༧༨ དང་། བསྟན་འཛིན་བློ་བཟང་ལགས་སུ་འོས་གྲངས་ ༧༨། དབུས་རྒྱུན་སྐབས་སྔོན་མའི་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་སུ་འོས་གྲངས་ ༧༦། མཚམས་གཅོད་ལགས་ལ་འོས་གྲངས་ ༧༡། ཐུབ་བསྟན་ཚེ་རིང་ལགས་ལ་འོས་གྲངས་ ༦༢། བསྟན་འཛིན་ཚེ་འཕེལ་ལགས་ལ་འོས་གྲངས་ ༣༨། ངག་དབང་དཔལ་འབྱོར་ལགས་ལ་འོས་གྲངས་ ༣༥ ཐོབ་སྟེ་རྒྱུན་ལས་དུ་བདམས་པ་དང་། ཚོགས་ཐོག་ནས་འོས་ཤོག་འཕངས་ཏེ་ཚེ་རིང་ཆོས་འཕེལ་ལགས་ཚོགས་གཙོ་དང་། བཀྲ་ཤིས་རྟགས་རྒྱས་ལགས་ཚོགས་གཞོན། བསྟན་འཛིན་བློ་བཟང་ལགས་སྤྱི་ཁྱབ་དྲུང་ཆེ་རུ་བདམས་ཏེ་ལས་འཁུར་དམ་འབུལ་ཞུས་ཡོད་འདུག
སྐབས་ ༡༩ པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱིས་གཞོན་ལྷན་གྱི་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་གཏན་འབེབ་བྱས་ཡོད་པ་དེ་ལག་བསྟར་བྱ་རྒྱུ་གཙོ་བོ་ཆགས་ཀྱི་ཡོད། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གོང་དུ་བཀུར་རྒྱུ་དང་པོ་ཆགས་ཡོད། གཞོན་ལྷན་གྱི་དམིགས་ཡུལ་གཉིས་པ་ཆོལ་ཁ་དང་ཆོས་ལུགས་དབྱེ་མེད་ཀྱི་ཐོག་ནས་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱ་རྒྱུ་དེ་རེད། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུ་དེ་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་གཙོ་བོ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཞིག་ཡིན་དུས། བོད་ཀྱི་བདེན་མཐའ་མ་གསལ་བར་དུ་གཞོན་ལྷན་གྱི་སྒྲིག་གཞིའི་ཐོག་རང་བཙན་གྱི་འཐབ་རྩོད་བརྒྱུད་ནས་ལས་འགུལ་སྤེལ་རྒྱུ་ཡིན། གཞོན་ལྷན་གྱི་སྒྲིག་གཞིའི་དགོངས་དོན་ལྟར་༧གོང་ས་མཆོག་ལ་གུང་བཀུར་དང་། བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཞུས་པའི་ཐོག་ནས་བོད་ཀྱི་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱ་རྒྱུར་སྐབས་ ༡༩ པའི་ངོས་ནས་དམ་བཅའ་བརྟན་པོ་ཡོད། དེ་བཞིན་རྒྱ་གཞུང་ལ་རང་བཙན་གྱི་ལས་འགུལ་སྤེལ་ནས་འཐབ་རྩོད་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།
ཚོགས་ཆེན་ཐེངས་ ༡༩ པའི་ཚོགས་ཆེན་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པར་གཞོན་ལྷན་ནས་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་ཆེད༸མགོན་པོ་གང་ཉིད་མཆོག་ནས་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་གལ་ཆེའིི་གསལ་བསྒྲགས་བཀའ་དྲིན་བསྐྱངས་གནང་མཛད་པར་ཐུགས་རྗེ་ཆེ་ཞུའི་ཞུ་སྙན་འབུལ་རྒྱུ་དང་། རྒྱ་གཞུང་ལའང་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ཐེ་ཇུས་བྱེད་དབང་གང་ཡང་མེད་པའི་བསྒྲགས་གཏམ་ཞིག་སྤེལ་རྒྱུ་དང་། ༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་ངོ་སྤྲོད་དང་། རྒྱལ་བའི་མཛད་རྣམ་<<བོད་དང་བོད་མིའི་མགྲིན་ཚབ>>ཅེས་པའི་བགྲོ་གླེང་ཞུ་རྒྱུ། ལྷག་དཀར་ཉིན་༧སྐུའི་མཛད་འཕྲིན་དང་བཀའ་སློབ་དྲ་ལམ་ཏུ་ཁྱབ་སྤེལ་ཞུ་རྒྱུ། ༸མགོན་པོ་གང་ཉིད་༸སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཆེད་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་ཡོང་རྒྱུར་གཞོན་ལྷན་ནས་འབོད་སྐུལ་ཞུ་རྒྱུ་དང་། ༸མགོན་པ་ོ་གང་ཉིད་མཆོག་ལ་མཚན་སྨད་དང་དགོངས་གཞིར་ལོག་འགྲེལ་བྱེད་མཁན་སྐྱ་སེར་ཕོ་མོ་རྒན་གཞོན་དང་། ཕྱི་ནང་གི་སྤྱི་སྒེར་མཐོ་དམན་བྱུང་རིགས་ལ་གཞོན་ལྷན་དབུས་ས་གཉིས་ནས་དུས་ཐོག་ཏུ་ངོ་རྒོལ་བསྒྲགས་གཏམ་ནན་པོ་སྤེལ་རྒྱུ། བོད་ནང་རྒྱ་གཞུང་གི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་གཙོས་ཆོས་དང་རིག་གཞུང་གི་གནས་བབ་ཧ་ཅང་ཛ་དྲག་ཏུ་འགྱུར་བཞིན་པར་བརྟེན་གཞོན་ལྷན་དབུས་ས་གཉིས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཛ་དྲག་གི་གོ་རྟོག་ལས་འགུལ་སྤེལ་རྒྱུ་དང་། ཤེས་ཡོན་ལྟེ་གནས་ཁང་ཁག་ནས་དམིགས་བསལ་འགན་རྐང་བཞེས་ཀྱིས་ཤུགས་སྣོན་སྔར་ལྷག་སྐྱོན་རྒྱུར་འབོད་སྐུལ་ཞུ་རྒྱུ། རྒྱ་གཞུང་གིས་བོད་དང་བོད་མིའི་ངོ་བོ་དང་། སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུར་དམིགས་ཏེ་མི་རིགས་མཐུན་སྒྲིལ་དགོས་གལ་ཁ་ལ་ཁྱེར་ནས། རྒྱ་སྐད་ཁོ་ན་སྤྱོད་དགོས་པའི་ཁྲིམས་འཆར་ངན་པ་ཞིག་བཙན་དབང་གིས་ལག་བསྟར་བྱེད་འཆར་ཡོད་པ་དེར་ཚོགས་ཆེན་འདིའི་ཐོག་ནས་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་རྒྱུ་སོགས་གྲོས་ཆོད་དོན་ཚན་ ༢༦ གཏན་འབེབ་གནང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།