བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་བརྟན་བཞུགས་ཆེད་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་འདུག

དེ་རིང་ཕྱི་ཚེས་ ༡༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པ། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་བརྒྱད་དང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་གཅིག་བཅས་ཀྱི་དད་ལྡན་དོན་གཉེར་ཅན་ ༣༠༠ ལྷག་ལ་མཇལ་ཁ་བསྩལ་ཡོད་པ་དང་། མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཆེད་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་འདུག
མཇལ་ཁ་གྲུབ་མཚམས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་མཇལ་ཁའི་སྐོར་ལ་འདི་གའི་གསར་འགོད་པར། ཐེངས་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་མཁན་གཙོ་བོ་ཡུ་རོབ་ཀྱི་རྒྱལ་ཁབ་བརྒྱད་དང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་གཅིག་བཅས་ཀྱི་དད་ལྡན་པ་ཚོས།ཕྱི་ལོ་ ༢༠༡༦ ལོ་བཟུང་ནས་ཇོ་ནང་དུས་འཁོར་ལུགས་ཀྱི་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་ཆོས་བདུན་ལ་ལོ་དགུ་ཙམ་ཉམས་ལེན་བྱས་ཏེ་ད་ལོ་མཐར་ཕྱིན་ཡོད་པ་དང་། ད་ལན་༧གོང་ས་མཆོག་གི་གསེར་ཞལ་ལ་མཇལ་བའི་གོ་སྐབས་ཤིག་ཐོབ་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་ཞལ་བསྒྲུབ་ཀྱི་བསྟན་པར་ཐུགས་བརྩེ་ཆེན་པོ་གནང་གི་ཡོད་ལ། སྦྱོར་བ་ཡན་ལག་དྲུག་གི་སྐོར་ལ་ཤུགས་རྒྱག་དགོས་པའི་བཀའ་ཡང་ནས་ཡང་དུ་གནང་གི་ཡོད། སྤྱིར་བཏང་ཉམས་ལེན་བྱེད་མཁན་ཕྱི་རྒྱལ་གྱི་མི་ཡིན་ཡང་། དད་འདུན་དང་སྙིང་སྟོབས་ཧ་ཅང་ཡག་པོ་འདུག ཁོང་ཚོའི་ནང་དུ་ཉམས་ལེན་གྱི་རྟགས་མཚན་ཡོད་མཁན་དེ་འདྲ་ཡོང་གི་འདུག ༧གོང་ས་མཆོག་གི་ཐུགས་དགྱེས་པ་དང་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་བསྒྲུབ་པའི་མཆོད་པའི་ཚུལ་དུ་ཡར་སྙན་ཞུ་ཞུས་པ་དང་མཉམ་དུ་མཇལ་ཁར་བཅར་བ་ཞིག་ཡིན། ༧གོང་ས་མཆོག་ནས་དེའི་སྐོར་གྱི་སྙན་ཞུ་ལ་ཧ་ཅང་ཡག་པོ་གཟིགས་སོང་། ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་པོ་གནང་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།
དེ་རིང་མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ ༣༡ གིས་མཇལ་བཅར་ཞུས་ཡོད་པ་དང་། འདི་གའི་གསར་འགོད་པར་ཚོགས་པ་དེའི་ཚོགས་གཙོ་བླ་མ་བཀྲ་ཤིས་ཆོས་རྒྱལ་ལགས་ཀྱིས། མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ལས་འགུལ་སྤེལ་དགོས་དོན་ནི་བོད་དང་རྒྱ་གར་གཉིས་བར་གྱི་ས་མཚམས་ཀྱི་འབྲེལ་བ་དེ་དམིགས་བསལ་ཞིག་ཆགས་ཡོད་པ་རེད། ཚོགས་པ་འདི་ནི་ཕྱི་ལོ་ ༡༩༩༧ ལོ་ནས་མགོ་བཙུགས་ཏེ་ལོ་མང་པོ་ཕྱིན་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མོན་རྟ་དབང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཧ་ཅང་ཐུགས་སྨོན་གནང་བྱུང་། ང་ཚོའི་ཚོགས་པ་འདིས་ནམ་རྒྱུན་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་བྱེད་བཞིན་ཡོད། ད་ལན་མཇལ་ཁ་བཅར་མཁན་ཁྲོད་མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་མང་པོ་ཡོད། ཚོགས་མི་རྣམས་ཀྱིས་ཚོགས་པའི་ངོས་ནས་མཇལ་ཁ་ཞུ་རོགས་དགོས་པའི་རེ་བ་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་སུ་འབྲེལ་བ་ཞུས་ཏེ་བཅར་བ་ཡིན། དེ་རིང་མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་ཕུལ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བྱང་ཤར་ཚན་པའི་འགན་འཛིན་དབུ་མ་འཕྲིན་ལས་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། ཐེངས་འདིར་མོན་རྟ་དབང་གི་འཕགས་བོད་མཛའ་འབྲེལ་ཚོགས་པས་ད་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་དང་འབྲེལ་ནས་བརྟན་བཞུགས་བསྟར་འབུལ་ཞུ་ཐུབ་གནང་བ་དེ་ལྟར་བྱུང་མེད་ཀྱང་། མནྜལ་རྟེན་གསུམ་ཕུལ་ནས་མཇལ་བཅར་ཞུས་ཡོད་འདུག མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པ་ནི་བོད་དོན་ཐོག་ཡུན་རིང་པོར་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་ཞིག་ཡིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





