བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལར་བར་རྐང་འཁོར་སྐོར་སྐྱོད་བྱེད་བཞིན་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་མགོ་འཛུགས་ཏེ་གདན་ས་ཆེ་ཁག་སེ་འབྲས་དགེ་གསུམ་དང་། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་བརྒྱུད་བཞུགས་སྒར་དྷ་རམ་ས་ལ་བར་བོད་དོན་ཐོག་རྐང་འཁོར་སྐོར་སྐྱོད་ཐེངས་བདུན་པ་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཕྱི་དྲོ་ ༢།༣༠ ཙམ་ལ་འཇམ་དབྱངས་བསྟན་འཛིན་ལགས་གྷུ་ཇ་རཱ་ཐ་མངའ་སྡེའི་སུ་རཱ་ཐི་(Surat )གྲོང་ཁྱེར་ནས་བྷ་རོ་ཌ་(Baroda) འགྲོ་བཞིན་འདུག འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོར་བཞུགས་སྒར་དྷ་རམ་ས་ལར་འབྱོར་འཆར་ཡོད་འདུག
ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་སྐོར་ལ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་མགོ་འཛུགས་ཏེ་བཞུགས་སྒར་དྷ་རམ་ས་ལ་བར་རྐང་འཁོར་སྐོར་སྐྱོད་བྱེད་བཞིན་ཡོད་ཀྱང་། བར་སྐབས་མ་ཧཱ་ར་ཤི་ཌི་ར་མངའ་སྡེའི་ཝེ་ནི་(Wani, Maharashtra) ཞེས་པའི་ས་ཆ་དེར་འབྱོར་སྐབས་ལམ་ཁར་ཆར་ཆུའི་དཀའ་ངལ་གྱིས་གཟུགས་པོར་ན་ཚ་(Typhoid) བྱུང་བས། སྨན་པའི་ལམ་སྟོན་བཞིན་ནང་དུ་ལོགས་ཏེ་ཟླ་གཉིས་རིང་སྨན་བཅོས་བྱས་ནས་རྐང་འཁོར་སྐོར་སྐྱོད་མཚམས་འཇོག་དགོས་བྱུང་བ་རེད། གཟུགས་པོ་ཡག་པོ་དྲགས་རྗེས་ཝེ་ནི་ནས་སླར་ཡང་རྐང་འཁོར་སྐོར་སྐྱོད་མགོ་བཙུགས་པ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།
ཁོང་གི་ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ཀྱི་དམིགས་ཡུལ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་སླད་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་པར་བཀའ་དྲིན་ཆེ་ཞུ་དང༌།ྋསྐུའི་གོ་སྟོན་སྲུང་གཙིར་དམིགས་ཏེ་མཆོད་མཇལ་དང་སྐུ་ཚེ་ཡུན་རིང་བརྟན་ཆེད་སྨོན་ལམ་གསོལ་འདེབས་ཞུ་རྒྱུ། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གི་ཡུལ་མི་རྣམས་ལ་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་། འཕགས་བོད་གཉིས་ཀྱི་འབྲེལ་ལམ། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གོ་རྟོགས་སྤེལ་རྒྱུ། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་ལ་མཐུན་འགྱུར་རོགས་རམ་ཚད་མཐོ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་བཅས་ཡིན་འདུག

དེ་བཞིན་ཁོང་གི་རྐང་འཁོར་སྐོར་སྐྱོད་ཁྲོད་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲད་དེ་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙོས་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་ཀློད་གྲོལ་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་འོག རྒྱ་ནག་དམར་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་ཡོང་བར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ། རང་རིགས་གཞོན་སྐྱེས་ཚོ་གཙོ་བྱས་པའི་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ནས་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་སྔར་ལྷག་དགོས་པའི་རེ་སྐུལ་བཅས་ཞུས་འདུག
རང་ལོ་ ༦༥ ཡིན་པའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ནི་རྡེ་ར་ལྡུན་ནས་ཡིན་པ་དང་། ཕ་དམ་པའི་རེ་བ་ལྟར་བོད་སྤྱི་པའི་རྩ་དོན་ཆེད་ཧུར་ཐག་གནང་མཁན་ཞིག་ཡིན་འདུག་ལ། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་ས་མཚམས་བར་དུ་སྦག་སྦག་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ནང་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག བཞུགས་སྒར་དྷ་རམ་ས་ལ་མེག་གྷན་ཁྲོམ་གཞུང་ནས་རྡོ་རྗེ་གདན་བར་དུ་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་དང་པོ་སྤེལ་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་གཞིས་ཆགས་ནས་ཨུ་ཊར་ཁན་ཌི་མངའ་སྡེའི་རྡེ་ར་ལྡུན་བདེ་སྐྱིད་གླིང་བར་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད་ཐེངས་གཉིས་པ་སྤེལ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ པའི་ནང་རྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ལྡི་ལི་བར་སྤྱི་ལེ་ ༢༥༠ རྐང་འཁོར་སྐོར་སྐྱོད་ཐེངས་གསུམ་པ་དང་། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༥ པའི་ནང་ལ་དྭགས་མཁར་གདོང་ལ་ནས་དྷ་རམ་ས་ལའི་བར་སྤྱི་ལེ་ ༨༠༠ རྐང་འཁོར་སྐོར་སྐྱོད་བཞི་བ། དེ་བཞིན་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་མི་རབས་གསར་པས་སྣེ་ཁྲིད་དེ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་མི་ལོ་ཧྲིལ་པོ་ ༣༧ འཁོར་བའི་དུས་དྲན་དང་སྟབས་བསྟུན། ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་བར་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་ལྔ་པ། དེ་བཞིན་རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་ནས་མགོ་བཙུགས་ཏེ་སིམ་ལ་ནས་མ་ནཱ་ལི་བར་དང་། དྷ་རམ་ས་ལ་ནས་ལྡི་ལིའི་བར་དུ་བོད་དོན་ཞི་བའི་གོམ་བགྲོད་ཐེངས་དྲུག་པ་བཅས་གནང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།