—ས་མགོ་ལོག་གནམ་མགོ་ལོག་གི་ཡུལ་སྡེ་ལ་བཀའ་དྲིན་ཆེ་བའི་འགུ་ལོག་དམ་ཆོས་དཔལ་བཟང་ལགས་སྐུ་ཞི་བར་གཤེགས་པར་རྗེས་དྲན་གྱི་རྩོམ་ཡིག
རྩོམ་པ་པོ།  མགོ་ལོག་ལྕགས་མོ།
རྩོམ་ཁུངས། བོད་ཀྱི་དུས་བབ།
ཕྱི་ལོ་ ༢༠༠༧ ལོའི་ཟླ་གསུམ་པར་ང་བཙན་བྱོལ་དུ་འབྱོར་བ་ཡིན། ང་རྒྱ་གར་དུ་མ་འབྱོར་སྔོན་ངའི་ཨ་ཕས་རྒྱ་གར་ན་ཁོ་ལ་ངོ་ཤེས་ཚེ་བསོད་ (ཁམས་ཚེ) ཟེར་བ་ཞིག་ཡོད་ཅེས་བཤད་མྱོང་ཡོད། རྗེས་སུ་ཁྱོད་ལ་དཀའ་ཁག་འཕྲད་ན་ཁོང་འཚོལ་དང་། ཁོང་མྱི་རྩ་ཅན་ཞིག་ཡིན། མི་རིག་ཁ་ཡེད་ནི་མ་རེད་ཟེར། ང་རྒྱ་གར་དུ་སླེབས་རྗེས་ཚེ་བསོད་ཟེར་བའི་ཕ་ཡུལ་གཅིག་པའི་མི་དེ་ལ་དོ་སྣང་བྱས་མོད། ཚེ་བསོད་ཟེར་བའི་མི་དེ་འདྲ་ཞིག་མི་འདུག་བསམས་བྱུང་། ཕྱི་ལོ་ ༢༠༠༧ ལོའི་དགུན་ཁར་ང་ཨ་ཁུ་དམ་ཆོས་དཔལ་བཟང་དང་འབྲེལ་འདྲིས་ཐོག་མ་བྱུང་། ངས་རྒྱུན་དུ་ཁོང་ལ་ཨ་ཁུ་ཟེར་ནས་འབོད་ཀྱིན་ཡོད། དེ་ནི་སེམས་ཐག་ཉེ་བའི་ཐོག་ནས་འབོད་སྟངས་ཤིག་ཡིན། ང་ཚོའི་ཕ་ཡུལ་ནས་རབ་བྱུང་བའམ་གྲྭ་པ་རྒན་པར་དེ་ལྟར་འབོད་བཞིན་ཡོད། སྐབས་དེར་ཨ་ཁུས་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནང་ཕྱག་ལས་གཉེར་བཞིན་འདུག ཨ་ཁུ་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ ༡༩༩༤ ལོ་ནས་ཀིརྟིའི་་བྱེས་པ་གྲྭ་ཚང་དུ་དགེ་རྒན་གྱི་ཕྱག་ལས་ལོ་བཞི་བྱས་པ་ཁོང་གི་ལོ་རྒྱུས་ནང་མཇལ་རྒྱུ་ཡོད། ཨ་ཁུས་ཤ་མི་ཟ་ཕྱིར་ཀིརྟི་རིན་པོ་ཆེ་དང་ཚན་ཞབས་རིན་པོ་ཆེས་རྒྱུན་དུ་མར་ཆུར་དང་། རྩམ་པ། གྲོ་མ་སོགས་ཨ་ཁུ་ལ་གནང་བའི་སྒྲུང་མང་པོ་གོ་མྱོང་ཡོད།
རྗེས་སུ་སྐད་ཆ་ཡར་བཤད་མར་བཤད་བྱས་རྗེས་གསལ་པོར་ཤེས་རྟོགས་བྱུང་བ་ནི་ངའི་ཨ་ཕའི་ངོ་ཤེས་རྙིང་པ་ཚེ་བསོད་དམ་ཁམས་ཚེ་ཟེར་བ་ནི་ཨ་ཁུ་དམ་ཆོས་ཡིན་པ་ར་སྤྲོད་གསལ་པོར་བྱུང་། ངའི་ཨ་ཕ་དང་ཨ་ཁུ་དམ་ཆོས་དཔལ་བཟང་གཉིས་ཡུལ་དུས་ཁོར་ཡུག་གཅིག་གི་མི་ཡིན་པ་དང་། འཚོ་བའི་སྐྱིད་སྡུག་གཅིག་གི་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན། དུས་ཀྱི་འགྱུར་ལྡོག་དང་འཚོ་བའི་བརྒྱུད་རིམ་གཅིག་ནས་ནར་སོན་པའི་མི་གཉིས་ལ་མཚོན་ན། བསམ་བློའི་འཁྱེར་ཕྱོགས་དང་ཕུགས་ཀྱི་འདུན་མ་གཅིག་ཡིན་པ་ལྟར་ཁོང་གཉིས་སྤྱིའི་ཆ་ནས་འདྲ་བོ་འདུག་ནའང་བྱེ་བྲག་གི་ཆ་ནས་མི་འདྲ། ངའི་ཕ་རྒན་བསམ་དཀར་སྡིག་རྒན་ཞིག་ཡིན། བརྣབ་སེམས་དང་གནོད་སེམས་ཀྱི་ཀུན་སློང་མེད་ནའང་རི་དྭགས་སོགས་བརྔོན་རྒྱུར་དགའ་ལ་དེ་ནི་ཁོ་རང་གི་འཚོ་བའི་ཁྲོད་ཀྱི་སྤྲོ་སྣང་ཆེ་ཤོས་ཤིག་ཡིན། ངའི་ཨ་ཕ་འཚོ་བའི་ཁྲོད་ཀྱི་ཀྱག་ཀྱོག་གི་ལམ་ཕྲན་གང་ལ་འཕྲད་ཀྱང་གདོང་གི་འཛུམ་མདངས་ཡལ་མྱོང་མེད་ནའང་བྱ་གཞག་ཅི་ཞིག་སྒྲུབ་ཀྱང་ཧུར་བརྩོན་དང་། ཨུ་ཚུགས་ཀྱི་སེམས་ཤུགས་མེད་མཁན་ཞིག་ཡིན། ཨ་ཁུ་དམ་ཆོས་དཔལ་བཟང་ནི་དེ་ལས་ལྡོག་ཏེ་བསམ་པ་དཀར་ལ་དགེ་སེམས་ཆེ་བ། བྱ་གཞག་གང་ལ་ཞུགས་ཀྱང་ཧུར་བརྩོན་དང་། ཨུ་ཚུགས་ཀྱིས་མཐར་བསྐྱལ་ཐུབ་མཁན་གྱི་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་ཡིན། ཨ་ཁུ་དམ་ཆོས་དཔལ་བཟང་ནི་བོད་སྤྱིའི་རིག་གནས་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ལོ་རྒྱུས། རྩོམ་འབྲི། ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་ནས་མི་ཚེ་སྐྱེལ་མཁན་གྱི་ཤེས་ཡོན་པ་ཚད་ལྡན་ཞིག་ཡིན་པ་བཤད་ཆོག་ཆོག་ཡིན། ཨ་ཁུ་ཁོང་ལ་བརྩམས་ཆོས་རིགས་མི་འདྲ་བ་ཁ་ཤས་ཡོད།
གཅིག ༼འགུ་ལོག་གི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསང་དུད་སྟོད་ཆ།༽
༼འགུ་ལོག་གི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསང་དུད་སྨད་ཆ།༽
རྩོམ་པ་པོ། འགུ་ལོག་དམ་ཆོས་དཔལ་བཟང་།
༧གོང་ས་མཆོག་ནས་མགོ་ལོག་གི་ལོ་རྒྱུས་འབྲི་ཐུབ་ན་ཤིན་ཏུ་ལེགས་པ་དང་འགྲོ་གྲོན་སྐུ་སྒེར་ནས་འགན་ལེན་ཐུབ་པའི་བཀའ་གནང་རྗེས། ཕྱི་ལོ ༢༠༠༠ ལོའི་ཕྱི་ཟླ་ ༡༢ ཚེས་ ༤ ལ་སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེས་དབུ་འབྱེད་གནང་བའི་དཔེ་དེབ་གཉིས་ལ་ཁྱོན་བསྡོམས་ལེའུ་ཉེར་གཉིས་ཡོད། ཕ་ཡུལ་མགོ་ལོག་གི་རིག་གནས་གསར་བརྗེའི་སྐབས་ཤི་རྨས་སོང་བ་དང་། གནོད་རྐྱེན་ཅི་རིགས་ཐེབས་སྐོར་གཙོ་བོར་བཟུང་ནས་ཕ་ཡུལ་གྱི་ཡ་ང་བའི་སྐྱིད་སྡུག་ཞིབ་འབྲི་བྱས་ཡོད།
གཉིས། ༼གནས་སྐོར་ལམ་ཡིག༽
རྩོམ་པ་པོ། འགུ་ལོག་དམ་ཆོས་དཔལ་བཟང་།
ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་ཝེའི་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ཧྲིལ་པོ་ ༡༥ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་གྱིས་གནས་བསྐོར་ལམ་ཡིག་དང་། གནས་སྐོར་གྱི་བརྙན་འཕྲིན་འོད་སྡེར་དབུ་འབྱེད་གནང་། བསྟན་འཛིན་བདེ་ལྡན་ལགས་ཀྱིས་རྒྱ་ཡིག་ལ་བསྒྱུར། འབྲུག་བཟའ་འབུམ་རམས་པ་མུ་ནག་ཤེས་དབྱིན་བསྒྱུར་བྱས་ཡོད། སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་དགོངས་འཆར་སློབ་སྟོན་གནང་བ་ལྟར། གནས་སྐོར་ལམ་ཡིག་གི་བརྙན་འཕྲིན་འོད་སྡེར་ཚར་ ༣༠༠ བཟོས་ནས་དཔར་དུ་བསྐྲུན། གནས་སྐོར་ལམ་ཡིག་འདི་ཨ་ཁུའི་དཔེ་དེབ་ནང་གི་ཆེས་བྲིན་ཤོས་དང་། དད་ལྡན་གནས་མཇལ་བ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། བར་ལམ་ཞིག་ནས་རྒྱ་གར་རྡོ་རྗེ་གདན་དང་། ཝཱ་ར་ཎ་སཱི་སོགས་ནས་བོད་པ་དང་། རྒྱ་གར་གྱི་དཔེ་དེབ་ཚོང་ཁང་སོགས་ནས་ཨ་ཁུས་བརྩམས་པའི་གནས་སྐོར་ལམ་ཡིག་འབོར་ཆེན་བཙོང་གི་ཡོད་པ་མིག་མཐོང་ལག་ཟིན་བྱུང་ནའང་། ཨ་ཁུས་རང་གི་དྲིན་ཆེན་ཕ་མ་གཉིས་ཀྱི་གཙོས་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་ཀྱི་དགེ་རྩ་དང་། དགེ་སྦྱོར་གནས་སྐོར་བ་ཁོ་ནའི་ཆེད་དུ་དམིགས་ཡོད་པས་དེབ་ཀྱི་བདག་དབང་ཐད་ནས་རྩོད་རྙོག་ཅི་ཡངབསླངས་མེད།
གསུམ། ༼ས་སྤྲེལ་ཞི་རྒོལ་ཆེན་མོ་གླེང་བ།༽
རྩོམ་པ་པོ། འགུ་ལོག་དམ་ཆོས་དཔལ་བཟང་། རྭ་བདེ་ལེགས།
ཕྱི་ལོ ༢༠༡༨ ལོའི་ཟླ་ ༡༠ ཚེས་ ༢༢ ཉིན་འགྲེམས་སྤེལ་བྱས། ས་སྤྲེལ་ཞི་རྒོལ་(ཧོང་ཁྲིན་)གྱི་ལས་འགུལ་བྱུང་ནས་(༡༩༦༨-༢༠༡༨)ལོ་ངོ་ཧྲིལ་པོ་༥༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་མཆོད་འབུལ་རྒྱས་པ་ཞིག་ཨ་ཁུ་དམ་ཆོས་དཔལ་བཟང་དང་རྭ་བདེ་ལེགས་གཉིས་ཀྱིས་བཀོད་སྒྲིག་ཞུ་རྗེས། ཟི་ཁྲོན་ཞིང་ཆེན་དང་། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་ཟེར་བའི་ཁུལ་བཞིའི་ནང་གི་རྫོང་ཁག་ ༡༨ ནང་མི་མང་ཁྲི་ ༡༠ ཡིས་ཡར་ལངས་ངོ་རྒོལ་བྱས་པའི་གནས་ཚུལ་ཤེས་རྟོགས་ཡོངས་ཆེད་ཧོང་ཁྲིན་ལ་དངོས་སུ་ཞུགས་མྱོང་བའི་གནས་ཚུལ་རྒྱས་བྲིས་བྱས་ཡོད། ཁོང་རྣམ་པ་གཉིས་ཀྱིས་ཐུགས་འགན་བླངས་ནས་བོད་བསྟན་སྲིད་ཆེད་རང་གི་གཅེས་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་དགེ་རྩར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྗགས་སྨིན་ཆེད་ཧིན་སྒོར་ ༡༠༠༠༠ ཕུལ་ཡོད་ལ། གྲྭ་བཙུན་སྔགས་གསུམ་ལ་སྐུ་ཡོན་ཧིན་སྒོར་ ༡༠༠ རེ་དང་། ཚོགས་མང་ལ་མང་ཇ་བཅས་བཏང་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༠ ཚེས་ ༢༢ ཉིན་བཞུགས་སྒར་ཁུལ་ནས་ཧོང་ཁྲིན་དྲག་གནོན་བྱས་པའི་སྐོར་གསར་འགོད་གསལ་བསྒྲགས་དང་བགྲོ་གླེང་འཚོགས་ཡོད།
བཞི། ༼མི་ཚེ་གཅིག་ལ་སྐྱིད་སྡུག་གསུམ།༽
རྩོམ་པ་པོ། འགུ་ལོག་དམ་ཆོས་དཔལ་བཟང་།
དཔེ་དེབ་འདི་ལ་འཇིག་རྟེན་གསར་རྙིང་། དུས་ལོག་བྱུས་ལོག རང་དབང་གི་ལམ་བུ་བཅས་ས་བཅད་ཆེན་པོ་གསུམ་ཡོད། ཁོང་གི་མི་ཚེའི་ལོ་རྒྱུས་ནི་ཚགས་པར་དང་བརྙན་འཕྲིན་བརྒྱུད་ནས་མཁོ་བསྡུ་བྱས་པ་ཙམ་མ་ཡིན་པར། མངར་སྐྱུར་ཚ་གསུམ་གྱི་བྲོ་བ་མངོན་སུམ་ཉམས་སུ་མྱོང་བའི་མི་རྒན་ཞིག་གི་དྲན་ཐོ་ཡིན། འདི་ལས་ལྷག་པའི་ལོ་རྒྱུས་ཀྱི་དཔང་པོ་གང་ན་ཡང་མེད་པས། ཕ་ཡུལ་མགོ་ལོག་གི་ས་ཁུལ་དུ་མི་བསད་རྒྱུ་འཕྲོག རྡུང་རྡེག་མུག་མནར། བཙོན་འཇུག་དམར་གསོད་ཀྱི་ལོ་ཟླའི་བརྒྱུད་རིམ་དང་། ཚེ་མཇུག་སྐྱབས་བླ་མའི་ཞབས་ལ་དབུ་གཏུགས་ནས་དམ་པའི་ཆོས་ལ་ཉམས་ལེན་བྱས་པའི་བརྒྱུད་རིམ་རྒྱས་བྲིས་བྱས་ཡོད། བོད་ཀྱི་དུས་འགྱུར་ཁྲོད་ཀྱི་དཀའ་སྡུག་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་མཁན་ཞིག་ཡིན་ཚེ་མ་བཀླག་ཐབས་མེད་ཀྱི་དཔེ་དེབ་ཅིག་ཡིན།
༼ ཨ་ཀ་མ།༽
རྩོམ་པ་པོ། འགུ་ལོག་དམ་ཆོས་དཔལ་བཟང་།
ཨ་ཁུ་དམ་ཆོས་དཔལ་བཟང་གི་མི་ཚེའི་ནང་གི་བརྩམས་ཆོས་མཐའ་མ་ཡིན། སྙན་ངག་ཚིག་བཅད་ཤོ་ལོ་ཀ་ ༡༡༣ ཀྱི་བདག་ཉིད་ཅན་འདི་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་ལོ་ ༨༩ ལ་ཕེབས་པའི་རབ་གནས་ཆུ་ཡོས་གནམ་ལོ་གསར་ཚེས་ལ་མགོན་པོ་གང་ཉིད་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ལོ་གསར་ལེགས་སྐྱེས་སུ་བྲིས་པ་ཞིག་ཡིན་པ་དང་། ཁོང་གི་བློས་ཐུབ་ཀྱི་ཆོས་གྲོགས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་སྣང་བ་མཆོག་གིས་སྦྱིན་བདག་གནང་ཡོད། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ པའི་ནང་ཨ་ཁུས་ཕྲན་ལ་རེ་བ་བཏོན་པ་བཞིན་ངས་དབྱིན་ཡིག་ནང་ཕབ་བསྒྱུར་བྱ་རྒྱུ་ཁས་ལེན་བྱས། ཕྱི་ལོ་ ༢༠༢༤ ཟླ་ ༡༠ ནང་༧སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེས་བཀའ་འགྱུར་ལྗགས་ལུང་ལ་ཨ་ཁུ་མ་ཕེབས་པའི་སྔོན་ལ་ངས་ཡིག་བསྒྱུར་ཚར་བ་དང་ཆ་ཚང་ཨ་ཁུ་ལ་ཕུལ་རྗེས། ཞུ་དག་བྱེད་མཁན་ཡག་པོ་ཞིག་ལ་བསྐྱར་དུ་བསྟན་དགོས་པ་གྲོས་མཐུན་བྱུང་ཡོད། ཡིན་ནའང་དུས་ཚོད་ཀྱི་དབང་གིས་བསྒྱུར་དེབ་དེ་ཨ་ཁུ་ཁོང་ཚེ་ལས་མ་འདས་པའི་སྔོན་ལ་པར་བསྐྲུན་བྱ་ཐུབ་མེད།
ཨ་ཁུ་དམ་ཆོས་དཔལ་བཟང་ནི་ཕྱི་ལོ ༡༩༩༨ ལོའི་ཟླ་ ༨ པ་ནས་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་གྱི་ལས་བྱེད་དངོས་ཆགས་པ་དང་ཕྱི་ལོ ༢༠༡༨ ལོའི་ཟླ་ ༡ པོའི་ཚེས་༡ ཉིན་ལས་བྱེད་རྒན་ཡོལ་ཐོབ་ཡོད། ཡིན་ནའང་བོད་ཀྱི་དཔེ་མཛོད་ཁང་གི་སྒྲིག་གཞི་ལྟར་ན་ཞབས་ལོ་ཧྲིལ་པོ ༢༠ མ་ཟིན་པས་རྒན་ཕོགས་དང་ཁང་བ་ཐོབ་མེད། མི་ལོ་ཧྲིལ་པོ་ ༢༠ ཙམ་གྱི་བར་དུ་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་གྱི་ལས་རོགས་རྩོམ་སྒྲིག་པ་ཚོ་དང་ལྷན་དུ་ལོ་རྒྱུས་དཔེ་དེབ་<<སྒེར་ཟུང་ཁང་གི་གཡོག་ནས་བོད་ཀྱི་བཀའ་བློ་ཁྲི་པ་བར་གྱི་ལོ་རྒྱུས་བཤད་པ།>> <<ཕོ་ལྷའི་མི་རྒྱུད་རིམ་པའི་སྲིད་ཞུའི་བྱུང་བ་བརྗོད་པ་སྲོང་པོའི་གཏམ།>> <<མཁས་དབང་བར་ཞི་ཡབ་ཆེན་ཕུན་ཚོགས་དབང་རྒྱལ་གྱི་རྣམ་ཐར།>><<བོད་ཀྱི་བུ་མོ།>> <<ཞི་དྲག་གི་སྲི་ཞུ་བསྒྲུབས་པའི་བརྗེད་བྱང་།>> <<མི་ཚེའི་མྱོང་ཚོར་གསལ་བར་བཤད་པ།>> <<བཤུལ་རིང་མི་ཚེའི་བྱུང་རབས་གནད་བསྡུས།>> <<གཞུང་ཞབས་མི་སྣ་ཁག་ཅིག་གི་ལོ་རྒྱུས་ཕྱོགས་བསྡེབས།>> <<མི་ཚེའི་ལོ་རྒྱུས་སྲོང་པོར་བཤད་པ་སྒྱུ་མའི་རོལ་རྩེད།>> <<མཐོང་ཐོས་མྱོང་ཚོར་ལོ་རྒྱུས།>> <<བོད་ཀྱི་ཡུལ་ལུང་ཁག་ཅིག་གི་ལོ་རྒྱུས་ཕྱོགས་བསྡེབས།>> <<བོད་དབུས་འཕན་པོའི་ཆགས་བབས་ལོ་རྒྱུས་ཕྱོགས་བསྡེབས།>> <<༧རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང། རྭ་སྒྲེང་དགོན་གྲོང་གི་ལོ་རྒྱུས།>> <<གནའ་རབས་བོད་ཀྱི་གླུ་གར་སོགས་ལོ་རྒྱུས་ཕྱོགས་བསྡེབས།>> <<རྒྱལ་དབང་སྐུ་ཐོག་གཉིས་ཀྱི་ཞབས་ཞུའི་སྐལ་བཟང་ལོངས་སུ་སྤྱད་པའི་ལོ་རྒྱུས་ཚིག་ཐོ་བདེ་འགྲོའི་ཐེམ་སྐས་ཞེས་བྱ་བ།>> <<མི་ཚེའི་མྱོང་གཏམ་ལོ་རྒྱུས་ཁག་ཅིག>> <<ལོ་རྒྱུས་གནད་བསྡུས།>> <<རྒྱལ་ཁབ་ཤོར་བའི་ཕ་བུའི་བདེ་སྡུག་འབེལ་གཏམ་ལོ་རྒྱུས།>> <<སྦག་ས་ཆོས་སྒར་ཐོས་བསམ་ཐར་འདོད་གླིང་ཚུགས་རིམ་ལོ་རྒྱུས།>> <<མི་ཚེའི་རིང་བོད་སྤྱི་དོན་ཆེད་ཞི་དྲག་ལས་འགན་བླངས་རིམ།>> <<མི་ཚེའི་ངང་ཚུལ་གསལ་བར་བཤད་པ།>> <<མེས་པོའི་ཞལ་རྒྱུན་ཕྱོགས་བསྡུས།>> <<བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་གཞུང་རྒྱུག་མི་སེར་དཀྱུས་མ་ཞིག་གི་ལོ་རྒྱུས།>> <<བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས།>> <<དགེ་སློང་བསྟན་འཛིན་ཆོས་དར་ལགས་དང་འབྲེལ་ཡོད་ལོ་རྒྱུས་ཁག་གཅིག>> <<མང་ཡུལ་སྐྱིད་གྲོང་ཡུལ་ལུང་གི་ལོ་རྒྱུས་གནད་བསྡུས།>> སོགས་དཔེ་དེབ་སུམ་ཅུ་ལྷག་རྩོམ་སྒྲིག་གི་ཕྱག་ལས་རྒྱ་ཆེན་བྱས་ཡོད།
ཕྱི་ལོ ༡༩༩༨ ལོ་ཟླ་ ༨ ཚེས་ ༡ ཉིན་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་བྱེད་སྐབས་ཨ་ཁུ་དམ་ཆོས་དཔལ་བཟང་ཚོགས་མི་གཙོ་གྲས་ཤིག་ཡིན། ད་བར་དུ་ཨ་ཁུས་ལས་རོགས་ཚོ་དང་མཉམ་དུ་རྩོམ་སྒྲིག་གི་ལས་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཡོད་པ་དང་<<༸ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་མཆོག་གི་སྲིད་ཕྱོགས་ཀྱི་མཛད་འཕྲིན་གཙོ་བོར་བརྗོད་པ་བདེན་པའི་རང་མདངས་གསལ་བའི་མེ་ལོང༌།>> དང་། <<དད་གདུང་ཉི་ཟླའི་མཆོད་ཕྲེང་།>> <<གསོལ་འདེབས་རྡོ་རྗེའི་གཡར་དམ།>> <<ཀྱག་ཀྱོག་ཆེ་བའི་བཞུད་ལམ་དང༌། འོད་སྟོང་འབར་བའི་མི་ཚེ།>> <<མདོ་སྨད་ཆོལ་ཁས་དོལ་རྒྱལ་སྐོར་ལ་བསྒྲགས་གཏམ།>> <<དོལ་རྒྱལ་གྱི་བྱུང་རིམ་དང་རྙོག་གླེང་ལ་དཔྱད་པ་གཡའ་སེལ་མེ་ལོང་།>> <<ས་བྱི་ཞི་རྒོལ་ཆེན་མོ>> <<གནམ་ས་གོ་འབྱེད།>> <<འཇིག་རྟེན་མིག་འབྱེད།>> <<ལྕགས་ཡོས་བཙན་རྒོལ་མེ་ལྕེ།>> <<གཞིས་བཞུགས་ཤེས་ཡོན་པ་ཚོས་ས་བྱི་ཞི་རྒོལ་ལ་ལྟ་བ།>> <<རྒྱལ་རོང་ཟླ་བ་ཚེ་རིང་གི་མི་ཚེའི་ལོ་རྒྱུས།>> <<༸པཎ་ཆེན་སྣང་བ་མཐའ་ཡས།>> <<རྒྱལ་ཁབ་གསུམ་གྱི་དམག་མི་ཞིག>> <<བོད་ཀྱི་ཁྲག་དང་མིག་ཆུའི་ལོ་རྒྱུས་ལ་བརྒྱུས་པའི་རྒྱ་ལོ་དོན་གྲུབ་ཀྱི་མི་ཚེ།>> བཅས་ད་བར་རྩོམ་སྒྲིག་དང་བསྐྱར་དཔར་བྱས་པ་ཁྱོན་དེབ་གྲངས་བཅོ་ལྔ་ལྷག་རྩོམ་སྒྲིག་བྱས་ཡོད།
ཕྱི་ལོ་༢༠༠༡ ཟླ་༣ ཚེས་༧ ཉིན། ཨ་ཁུ་དམ་ཆོས་དཔལ་བཟང་ལ་སྐུ་སྒེར་ཡིག་ཚང་གི་བཀའ་ཡིག་བོད་ཆོལ་ཁ་གསུམ་གྱི་རུས་མཛོད་ལོ་རྒྱུས་འཚོལ་བསྡུ་དང་འབྲེལ་རྩོམ་སྒྲིག་གི་འགན་ཁུར་དགོས་པའི་བཀའ་སློབ་སྤྱི་ཕེབས་ལྟར། རང་རང་གནས་ཡུལ་ལུང་ཚན་སོ་སོའི་རིགས་རུས་ཆོ་འབྲང་དང་། ལོ་རྒྱུས་སྟེང་གི་དངོས་བྱུང་འཕོ་འགྱུར། རྒྱུས་མངའི་ངག་རྒྱུན་ཤོད་སྲོལ་ཁུངས་ཐུབ་རྣམས་དང་། ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་མཁོ་སྤྲོད་དང་སྦྲགས། སྤྱི་དོན་ཕྱར་གྲུ་མཉམ་འདེགས་ཀྱི་ཚུལ་དུ་མཐུན་འགྱུར་རྒྱབ་སྐྱོར་གང་དྲག་གནང་སྐྱོང་ཡོང་བ་ཞུས་སྟབས། ཕྱི་ལོ ༢༠༠༣ ལོ་ཟླ་ ༨ ཚེས་ ༡ ཉིན་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་རྩོམ་སྒྲིག་ལས་འགོ་བརྩམས། ལས་རོགས་མཁན་པོ་འཇུ་བསྟན་སྐྱོང་། ཙོང་ཁ་བསྟན་འཛིན་བདེ་ལྡན། ཚེ་བརྟན་རྒྱལ། དེ་ལྟར་ལོ་ལྔ་ལྷག་རིང་རྒྱུ་ཆ་གང་འཚམས་ཕྱོགས་བསྒྲིགས་ཐུབ་པ་བྱུང་ཡོད་ནའང་མཐུན་རྐྱེན་རོགས་རམ་ཐད་ནས་དཀའ་ངལ་བྱུང་སྟབས་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༤ ཚེས་ ༡༨ ཉིན་༸སྐུ་སྒེར་ཡིག་ཚང་གི་བཀའ་བཞིན་ལས་མཚམས་བཞག ཡིན་ནའང་ལོ་རྒྱུས་སྤྱིའི་སྔོན་འགྲོའི་དེབ་གཉིས་རྩོམ་སྒྲིག་བྱས་ཟིན་པ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་མི་འགྱངས་བར་འགྲེམས་སྤེལ་བྱ་འཆར་ཡོད།
ཨ་ཁུ་དམ་ཆོས་དཔལ་བཟང་གིས་མི་སྒེར་རོགས་རམ་དང་སྤྱི་ཚོགས་ཞབས་ཞུའི་སྐོར་ནས་ཆ་ཚང་བྲིས་ན་རྩོམ་ཡིག་འདི་རྙོག་འགྲོ་ཕྱིར། དམིགས་བསལ་ཁ་ཤས་ཤིག་བརྗོད་ན་ཕྱི་ལོ་ ༢༠༡༥ ལོའི་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གྱ་སྟོན་སྐབས་ཀྱི་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་’’མཛད་ཐང་མཐོང་བ་དོན་ལྡན།’’ལ་ཁྱོན་མཛད་ཐང་བཅོ་ལྔ་ཡོད། མཛད་ཐང་ཆ་ཚང་གཅིག་ལ་ཧིན་སྒོར་ ༡༥༠་༠༠༠ དང་། ཁྱོན་མཛད་ཐང་བཅོ་ལྔ་ལ་ཧིན་སྒོར་འབུམ་ཉི་ཤུ་རྩ་གཉིས་དང་ལྔ་ཁྲིའི་(༢༌༢༥༠༌༠༠༠) སྦྱིན་བདག་ཆ་ཚང་ཨ་ཁུ་དམ་ཆོས་དཔལ་བཟང་གི་ཕ་ཡུལ་གྱི་ཉེ་འབྲེལ་གཙོའི་འབྲེལ་ཡོད་ཚོ་བརྒྱུད་ནས་མ་དངུལ་བསྡུ་རུབ་བྱས་རྗེས་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ལ་གཙང་ཕུལ་བྱས།
ཕྱི་ལོ་ ༢༠༡༧ ལོར་བཀའ་ཤག་སྐབས་བཅོ་ལྔ་པ་དང་མགོ་ལོག་ཨ་སྐྱོང་ཁང་གསར་ཚང་སྦྱིན་བདག་གཙོ་གྲས་བྱས་ནས་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་གནས་མཆོག་རྡོ་རྗེ་གདན་ནས་གསུངས་སྐབས་ཨ་ཁུ་དམ་ཆོས་དཔལ་བཟང་གིས་ཐུགས་འགན་གཙོ་བོ་བཞེས་ནས་བོད་ཕྱི་ནང་གི་ཁང་གསར་རུ་སྡེའི་གནད་ཡོད་རྣམས་ལ་འབྲེལ་གཏུགས་བྱས་མཐར་ཧིན་སྒོར་འབུམ་བརྒྱ་ལྷག་(༡༠༠༌༠༠༌༠༠༠) གིས་འཁོར་དབང་ཆེན་ཐེངས་ ༣༤ པ་ལ་ཡོན་བདག་བྱས་ཐུབ་པའི་སྐལ་བ་ཐོབ་ཡོད།
ཨ་ཁུ་དམ་ཆོས་དཔལ་བཟང་གིས་རྒྱུན་དུ་གསུང་བཞིན་པ་ནི་རྒྱལ་བ་དོན་གྱི་བདག་པོའི་དགོངས་པ་གཉིས་ཕན་དབུ་མའི་ལམ་ཡིན་ཞིང་། མགོན་པོ་གང་ཉིད་ཀྱིས་དུས་གསུམ་གསལ་གཟིགས་ལ་བསླུ་བ་མེད་པའི་ཡིད་ཆེས་བརྟན་པོ་ཡོད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་སྲིད་བྱུས་ཀྱང་དབུ་མའི་ལམ་ཡིན་པ་རེད། དེ་ནི་ངའི་ལྟ་གྲུབ་ཡིན་ལ་ལངས་ཕྱོགས་ཀྱང་ཡིན། གལ་སྲིད་ནོར་འཆུག་སོང་ནའང་འགྱོད་པ་སྤུ་ཙམ་མེད་ཟེར། ཕྱི་ལོ ༢༠༠༨ ལོའི་ཟླ་ ༢ ཚེས་ ༡༥ ཉིན་ཨ་ཁུ་དམ་ཆོས་དཔལ་བཟང་དང་ཁོང་གི་སྒེར་གྲོགས་སྐོར་ཞིག་གིས་དབུ་མའི་ལམ་མི་མང་ལས་འགུལ་ཁང་བཙུགས་པ་དང་། ཨ་ཁུ་ཁོ་རང་གི་སྒེར་གྱི་འགྲོ་གྲོན་བཏང་ནས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་མི་འདྲ་བ་སུམ་ཅུ་སོ་དྲུག་གི་མི་མང་ལ་དབུ་མའི་ལམ་གྱི་བྱུང་རིམ་དང་། དབུ་མའི་ལམ་གྱི་ཐབས་ལམ། དབུ་མའི་ལམ་གྱི་དམིགས་ཡུལ། དབུ་མའི་ལམ་གྱི་གྲུབ་འབྲས་སོགས་ངོ་སྤྲོད་བྱས་འདུག
ལྟོགས་སྐོམ་གྱི་ལོ་ཟླའི་ཁྲོད་མུག་གླུ་ལེན་པའི་དུས་ནས་བཟུང་རང་དབང་གི་འཚོ་བ་ནས་ཚེ་ཡི་འཕེན་པ་མ་རྫོགས་བར་དུ་ཨ་ཁུས་རུས་པ་བཏུས་ནས་ཡོང་སྒོ་བཙལ་མྱོང་བའི་འཚོ་བ་མིག་གིས་མཐོང་བ་དང་། དམར་གསོད་ཀྱི་འཇིགས་སྐྲག་མགོ་ལ་ལྷུང་བ། འཐད་རྩོད་ཀྱི་ཞྭ་ནག་གཡོགས་པ། བཟོ་ཁང་བཙུགས་པ། འདྲ་པར་གྱི་ལས་ཀ་གཉེར་བ། སྦག་སྦག་ཉོས་པ། ཁྱིམ་ཐབ་བཟུང་བ། རབ་ཏུ་བྱུང་བ། རྩོམ་སྒྲིག་གི་ཕྱག་ལས་གཉེར་བ། ཚོགས་སྡེ་བཙུགས་པ་སོགས་མ་བྱས་པ་གཅིག་ཀྱང་མེད། ངས་རྒྱུན་དུ་ཨ་ཁུ་དམ་ཆོས་དཔལ་བཟང་ནི་མགོ་ལོག་གི་རྒྱལ་ལོ་དོན་འགྲུབ་རེད་ཟེར་བཞིན་ཡོད། ངའི་ཕ་ཡུལ་མགོ་ལོག་ན་ཨ་ཁུའི་དུས་སྐབས་ཀྱི་མི་ཞིག་ལ་མཚོན་ན་ཨ་ཁུ་ལྟ་བུའི་ཕྱག་ལས་སྣ་ཚོགས་བྱས་མྱོང་མཁན་མེད་པ་དང་ཁོང་ལྟ་བུའི་སྐྱིད་སྡུག་སྣ་ཚོགས་ཀྱི་འཚོ་བ་རོལ་མྱོང་མཁན་དཀོན་པོ་ཡིན།
ངས་རྒྱུན་དུ་ཨ་ཁུ་དང་གླེང་མོལ་བྱེད་སྐབས་དོན་སྙིང་ལྡན་པའི་མི་ཚེ་ཟེར་ན་ཁོང་ལྟ་བུ་ཞིག་ཡིན་རྒྱུ་རེད་སེམས་བཞིན་ཡོད། ཆོས་སྡེ་ཆེན་པོའི་གྲལ་མཐའ་དང་སློབ་གྲྭའི་སྒོ་ཐེམ་བརྒལ་མ་མྱོང་མཁན་ངའི་ཨ་ཕ་དང་བོད་ཀྱི་ཆོས་རིག་ལ་ཚེ་གང་ཞབས་ཞུ་དང་དམ་པའི་ཆོས་ལ་ཉམས་ལེན་བྱས་ནས་མི་ཚེ་རྫོགས་པའི་ཨ་ཁུ་དམ་ཆོས་གཉིས་ལ་ཧ་ཅང་འདྲ་ས་ཞིག་ཡོད་པ་ནི་དུས་འགྱུར་སྐབས་ཀྱི་གཉའ་གནོན་དང། མུ་གེ། སྡུག་བསྔལ་སོགས་མགོ་ཐོག་ཏུ་ཡོང་ཡོད་པ་དང་། ཡ་ང་བའི་ཕ་ཡུལ་གྱི་ལོ་ཟླའི་དྲན་ཤིང་རིང་མོ་སེམས་སུ་བརྐོས་ནས་སྐྱབས་བླ་མའི་ཞབས་པད་གཅིག་ལ་དབུ་གཏུགས་ནས་མི་ཚེའི་སྙིང་བོ་འཚོལ་བ་དང་རང་གི་རི་སྡེ་ལ་བསམ་པ་དཀར་པོ་བཅངས་པ་དེ་ཡིན།
ངའི་ཕ་རྒན་ཐང་བུ་ཞིག་ཡིན། ཁོས་ཁྱིམ་ཁ་གཅིག་གི་ཕ་མ་མགོ་འཛོམས་ཀྱི་སྐྱིད་ཀྱི་འཚོ་བར་རོལ་མྱོང་མེད། ང་ཆུང་དུས་ནས་ཨ་ཕའི་ཕ་རྒན་དེ་བུ་རྒོད་ཅིག་ཡིན་པ་དང་། ངའི་ཨ་ཕ་ལ་ཕ་གཅིག་ཅན་གྱི་སྤུན་མཆེད་གཅིག་ཡོད་པ་ཧོང་ཁྲན་སྐབས་རྒྱ་ལག་ནས་བཀྲོངས་སོང་བའི་གནས་ཚུལ་གོ་མྱོང་ཡོད། ཨ་ཁུའི་ལོ་རྒྱུས་མི་ཚེ་གཅིག་ལ་སྐྱིད་སྡུག་གསུམ་ཞེས་པའི་ནང་དུ་ཞིབ་བྲིས་བྱས་པ་ལྟར་ན་ (གྲུ་བ་བསོད་ནོར་ ༡༩༥༨ ལོར་བཙོན་ཁང་ལ་བཟུང་ནས་ཚྭ་འདམ་བཙོན་ཁང་ནང་གྲོངས། དགེ་སློང་ཐར་ལམ་ ༡༩༥༨ ལོའི་སྟོན་མཇུག་ཏུ་འཇུ་བཟུང་བྱས་ཀྱང་ཁྲིམས་ཐག་བཅད་མེད། ༡༩༦༩ ལོའི་ཟླ་དང་པོའི་ཚེས་འགོར་སྨར་གྱི་སྐུ་ཁོག་ཏུ་སི་ཁྲོན་གུང་དམག་གིས་བཀྲོངས།) གྲུ་བ་བསོད་ནོར་ཟེར་བ་དེ་ངའི་ཨ་ཕའི་ཕ་རྒན་དང་། དགེ་སློང་ཐར་ལམ་ཟེར་བ་དེ་ངའི་ཨ་ཕའི་ཕ་གཅིག་ཅན་གྱི་སྤུན་མཆེད་དེ་ཡིན། དུས་རྒྱུན་ཨ་ཁུ་ལྷན་དུ་ཁ་བརྡ་བྱེད་སྐབས་འཇིག་རྟེན་དཀར་ངོགས་ནས་མཐོང་མྱོང་མེད་པའི་ཤ་ཁྲག་གི་འབྲེལ་བ་ཅན་དེ་ཚོ་ངོ་ཤེས་ཀྱིན་འདུག་པ་མ་ཟད། བཙན་པོའི་བླ་རྐང་བཙོང་མ་མྱོང་བའི་མེས་པོ་ཚོའི་ཞབས་རྗེས་དྲན་ཡོང་།
ཞིང་གཤེགས་དམ་པ་ཨ་ཁུ་དམ་ཆོས་དཔལ་བཟང་གི་རང་གི་མི་ཚེའི་བྱུང་བ་བྲིས་ཡོད་པའི་ལོ་རྒྱུས་དཔེ་དེབ་མི་ཚེ་གཅིག་ལ་སྐྱིད་སྡུག་གསུམ་ཟེར་བའི་ནང་དུ་ (ངས་ཁ་འཛིང་ཕྲན་བུ་བྱས་མྱོང་བ་ལས་མི་ལ་རྡུང་རེས་བྱས་མྱོང་མེད)ཅེས་བྲིས་འདུག ངས་ཨ་ཁུ་དམ་ཆོས་དཔལ་བཟང་ངོ་ཤེས་དུས་ཁོང་དགུང་ལོ་དྲུག་ཅུ་ལྷག་རེད་འདུག སྐབས་དེར་ངས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་ལས་ཀ་བྱེད་བཞིན་ཡོད། ལས་ཁུངས་གྲོལ་རྗེས་མཁན་པོ་འཇུ་བསྟན་སྐྱོང་ངེད་གཉིས་ཨ་ཁུ་ཡོད་སར་འགྲོ་རྒྱུ་ནི་རྒྱུན་འཇགས་སུ་སོང་ཡོད། ཨ་ཁུས་སྐད་ཆ་ཅི་ཞིག་བཤད་རུང་ང་དེའི་ལྡོག་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་རྒྱུ་ནི་ངས་ལས་ཀ་ལྟ་བུ་ཡིན། ཨ་ཁུ་དང་མཉམ་དུ་ཁ་རྩོད་ཅི་ཙམ་བྱས་རུང་ཁོང་ཁྲོ་ལངས་པའི་རྣམ་འགྱུར་ཙམ་ཡང་མཐོང་མྱོང་མེད། ཨ་ཁུས་དཀར་ཟས་རྐྱང་པ་རོལ་བཞིན་ཡོད་པས་ཁོའི་ཐབ་ཐོག་ནས་ཤ་བཙོ་མི་ཆོག་ཅེས་ང་ཚོ་ལ་རྒྱུན་དུ་བཤད་བཞིན་ཡོད། ངས་སྐོར་ལོག་བཤད་ནས་ཤ་བཙོ་མི་ཆོག་ན་ཁྱོའི་ནང་ལ་གོམ་པ་མི་སྤོ་ཞེས་རྩོད་པ་བརྒྱབ་པ་གྲངས་ཀ་མེད། དུས་ཆེན་དང་ལོ་སར་སྐབས་སུ་ཨ་ཁུ་དང་། མཁན་པོ་འཇུ་བསྟན་སྐྱོང་། ཡུལ་སྡེ་གཅིག་པའི་གྲོགས་པོ་ཚོ་རྟག་པར་མཉམ་དུ་འཛོམས་ནས་སྤྲོ་སྐྱིད་གཏོང་བཞིན་ཡོད་སྟབས་མཚམས་རེར་ཨ་ཁུ་མཆོད་ཁང་དུ་ཉལ་རྗེས་ང་ཚོས་རོགས་པ་མང་པོ་སྐད་བཏང་ནས་ཆང་བཏུང་བ་དང་། སྐད་ཆེན་པོ་བརྒྱབ་ནས་ཨ་ཁུ་གཉིད་ཡག་པོ་ཁུག་བཅུག་མེད་ནའང་ཁོ་རྩ་བ་ནས་ཁོ་ཁྲོ་ལངས་མྱོང་མེད། ངས་རོགས་པ་ཚོར་ནམ་ཞིག་ང་ཚོ་ཨ་ཁུ་ནང་བཞིན་ལོ་བདུན་ཅུར་སླེབས་ན་དེ་འདྲའི་གུ་ཡངས་དང་སྣང་བ་སྐྱིད་པོ་ཨེ་ཡོད་ཟེར་ནས་དྲིས་མྱོང་ཡོད། སྤྱིར་ལོ་རྒན་པའི་རིགས་གུ་དོག་ཡོད་པ་ཆོས་ཉིད་ཡིན་ནའང་ཨ་ཁུ་དེ་ལས་ལྡོག་སྟེ་གུ་ཡངས་དང་སྣང་བ་སྐྱིད་པོ་ཡིན་པ་ཁོ་རང་གི་ལྷད་མེད་མི་གཤིས་ཀྱི་རིན་ཐང་ཡིན་པར་འདོད།
ཕྱིར་འདང་ཞིག་བརྒྱབ་ན་ཞྭ་མགོ་ཅན་དང་ཞྭ་ལག་བཟུང་གི་གཏམ་རྒྱུད་མང་པོ་ཕ་མའི་རྩིབ་ནས་གོ་ཐོས་ཡོད་ནའང་བྱིས་དུས་ཀྱི་སྣང་བ་ལ་འཐིམས་པའི་རྫི་གླུ་བཞིན་དྲན་པའི་ངོས་སུ་ཡོད་འདུག་པ་ལས་དོན་དངོས་ཀྱི་གནད་དོན་མང་པོ་ཞིག་གི་ལོ་རྒྱུས་ཀྱི་རྩ་བ་ལ་ཐུག་ཡོད་པ་ཡིད་ལའང་དྲན་མྱོང་མེད། ཨ་ཁུའི་མི་ཚེ་གཅིག་ལ་སྐྱིད་སྡུག་གསུམ་ཟེར་བའི་དཔེ་དེབ་དེ་ཁོང་གི་ཆོས་གྲོགས་བླ་མ་བློས་གྲགས་ཀྱིས་སྦྱིན་བདག་གནང་བ་དང་ཨ་ཁུ་ཁོང་གི་མི་ཚེའི་ལོ་རྒྱུས་ཇི་བཞིན་བྲིས་ཡོད་པའི་ཤོག་ངོས་༥༠༠ ཙམ་ཡོད་པའི་དཔེ་དེབ་ཅིག་རེད། ང་དང་ཨ་ཁུ་གཉིས་ནི་དུས་རབས་མི་འདྲ་བའི་ནང་ཡུལ་སྡེ་གཅིག་ནས་ལྟེ་ཁྲག་འཕོས་ཤིང་འཚར་ལོངས་བྱུང་བའི་མི་གཉིས་ཡིན་སྟབས་དངོས་ཤུགས་བརྒྱུད་གསུམ་གྱི་འཚོ་བ་མི་འདྲ་ནའང་རང་གི་ཕ་ཡུལ་གྱི་རི་ཆུ་དང་སྤུན་ཟླ་ལ་བརྩེ་དུང་ཟུག་པ་གཅིག་འདྲ་ཡིན་པས། ཨ་ཁུའི་མི་ཚེའི་བྱུང་བ་བརྗོད་པའི་བརྩམས་ཆོས་འདིས་ང་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་དང་ལྷན་དུ་ཕ་ཡུལ་གྱི་གཙང་པོ་བརྒལ་རྗེས་རི་ཐང་དུ་གོམ་པ་སྤོས་ནས་རང་ཁྱིམ་དུ་འཁྲིད་འགྲོ་ལ་ཁྱིམ་བཟའ་ཁ་འཛོམས་པའི་གོ་ཁ་ནས་བདེ་སྐྱིད་ཀྱི་འཚོ་བ་ལ་དགོད་སྒྲ་ཡིས་མཛེས་སྡུག་བསྐྲུན་པའི་འདས་དོན་དག་ཡིད་ལ་འཁོར་ཡོང་།
ཕ་མ་ཞིག་ལ་མཚོན་ན་ཁོ་རང་གི་མི་ཚེའི་ནང་བྱུང་བའི་ལོ་རྒྱུས་དང་མྱོང་བ་བུ་རྒྱུད་ལ་བཤད་རྒྱུ་ནི་རང་གི་ཆེས་ཐོག་མའི་འོས་འགན་ཞིག་ཏུ་བརྩི་བཞིན་ཡོད་པ་ལྟར་བྱིས་དུས་སུ་ཕ་མས་ཁོ་རང་ཚོ་སྐྱེ་ས་འཚར་ས་ནས་བྱུང་བའི་དངོས་བྱུང་གཏམ་རྒྱུད་མང་པོ་བཤད་མྱོང་ཡོད། ཨ་ཁུས་ཞིབ་འབྲི་བྱས་ཡོད་པའི་ཆུང་དུས་ཀྱི་འཚོ་བ་ནི་ང་རང་གི་ཕ་མ་བརྒྱུད་ནས་གོ་ཐོས་བྱུང་བའི་གཏམ་རྒྱུད་དེ་དག་རེད་འདུག རྒྱ་དམག་སླེབས་ནས་ཡུལ་སྡེ་ལ་གཏོར་བཤིག་བྱས་ཚུལ་དང་། ཁ་ཡ་ན་ཟླ་མང་པོ་ལྟོགས་ཤི་བྱུང་ཚུལ། ཀོ་བ་ཆུ་ལ་སྤངས་རྗེས་ཁུ་བ་འཐུང་ཚུལ། རུས་པ་སྐམ་པོ་ཐབ་ལ་གདུས་ནས་རུས་ཁུ་འཐུང་ཚུལ་སོགས་ཧ་ཅང་ཡ་ང་བའི་གཏམ་རྒྱུད་མང་པོ་ཡོད། ཨ་ཁུས་རྒྱུན་དུ་ང་ཚོ་ལ་འདོད་ཆུང་ཆོག་ཤེས་ལྡན་པའི་འཚོ་བ་སྐྱོང་རྒྱུར་ཁ་ཏ་གཏོང་བཞིན་ཡོད། བག་མེད་ལོངས་སྤྱོད་ཀྱི་འཚོ་བའི་རིགས་ལ་ཨ་ཁུ་ཐུགས་མཉེས་བོ་མེད། ངས་ད་དུང་ཡིད་ལ་གསལ་ལེར་དྲན་པ་ནི་སྔོན་ཆད་རིག་གནས་གསར་རྗེའི་སྐབས་སུ་ཨ་ཁུའི་ཨ་མ་ལགས་ཀྱིས་ཁོ་སྤྱི་ཐབ་ནང་དུ་རྐུ་བྱེད་པར་བཏང་བ་དང་འཇུ་བཟུང་བྱས་མཐར་རྡུང་རྡེག་ཚད་མེད་བྱས་ཚུལ་དེ་ཡིན། ལྟོགས་ཤི་ཐེབས་མིན་གྱི་ཚད་ནས་འཚར་ལོངས་བྱུང་བའི་མི་ཞིག་ལ་མཚོན་ན་དེང་གི་གཞོན་སྐྱེས་ཚོའི་བསམ་བློ་དང་། ཀུན་སྤྱོད་ལས་བརྒལ་ཏེ་འཚོ་བའི་རིན་ཐང་དང་ཟས་གོས་ཀྱི་ལོངས་སྤྱོད་ལ་བརྩི་མཐོང་ཆེན་པོ་ཡོད་པ་མ་ཟད་ཡག་སྡུག་གི་བྱ་བ་གང་ལ་ཐུག་ཀྱང་སྙིང་སྟོབས་ཆེན་པོས་འབད་འབུངས་བྱེད་ཐུབ་པ་ནི་ཨ་ཁུ་ཁོང་གི་མི་ཚེའི་ལོ་རྒྱུས་ནས་གསལ་བོར་མཇལ་ཐུབ།
ཨ་ཁུ་དང་རྒྱུན་དུ་གླེང་མོལ་བྱེད་སྐབས་ཧ་ལམ་དྲན་པའི་ངོས་ནས་བརྗེད་བཞིན་པའི་འདས་དོན་མང་པོ་ཞིག་གསལ་པོར་དྲན་ཡོང་། དཔེར་ན་ཁོང་གི་སྐུ་ཚེའི་ལོ་རྒྱུས་ནང་དུ་ཞིབ་བྲིས་བྱས་ཡོད་པའི་དགོང་འདོན་ནམ་གོ་འདོན་ལྟ་བུར་མཚོན་ན་ང་ཆུང་དུས་སུ་ངེད་ནང་མི་ཚང་མ་མཉམ་འཛོམས་ཐོག་དད་འདུན་གྱི་རྩ་བ་གཅིག་ཏུ་བཙུགས་ནས་ཡིད་ཆེས་དང་རེ་སྨོན་བཏུས་པའི་དུས་ཡུན་ཅིག་ཡིན། བཙན་བྱོལ་དུ་འབྱོར་རྗེས་འདིའི་རིགས་རྩ་བ་ནས་མཐོང་མྱོང་མེད་ལ་སོ་སོའི་ངོས་ནས་ཀྱང་གོ་འདོན་བྱེད་མྱོང་མེད་སྟབས་ཧ་ལམ་བརྗེད་སོང་བ་འདྲ། ཨ་ཁུས་བྲིས་པའི་མནའ་བསྐྱལ་སྟངས་སྐོར་ཡིན་ན་རང་ལ་བག་ཆགས་ཟབ་མོ་ཡོད། ང་ཆུང་དུས་སྐབས་སུ་ཕ་མས་དུས་རྒྱུན་དུ་བསྐྱལ་ན་མནའ་ཡོད་དགོས། བཤད་ན་ཚིག་ཡོད་དགོས་ཅེས་བཤད་མྱོང་ཡོད་པ་ལྟར་བག་ཆགས་ཟབ་མོ་ཡོད། རང་ཡུལ་དང་བྲལ་ནས་ལོ་མང་སོང་རྗེས་ཡོད་ཚད་སྤྱི་ཚོགས་ཀྱི་འགྲོ་སྟངས་རེད་ཟེར་ནས་ཕ་མེས་ཡང་མེས་ནས་བརྒྱུད་པའི་རྩ་ཆེན་གྱི་གོམས་སྲོལ་མང་པོ་ཞིག་རང་བཞིན་གྱིས་བརླགས་སོང་བའམ་གལ་ཆེན་དུ་མི་མཐོང་བའི་སྐྱོན་ཆེན་པོ་ཡོད་པ་ཤེས་ཐུབ། དེང་གི་དུས་འདིར་མནའ་བསྐྱལ་ན་ཡིད་ཆེས་ཆོག་པའི་རིག་གཞུང་དང། ཚིག་བཤད་ན་དོན་ལ་གནས་པའི་ཕྱི་ཐག་དེ་མེད་སོང་བ་འདྲ། མགོ་བདེ་དྲན་འཁྲུལ་གྱི་འཚོ་བ་ལ་གོམས་ནས་མི་ཡག་སྡུག་གི་ཁྱད་པར་མི་ཤེས་པའི་དུས་ཚོད་རེད།
ཨ་ཁུ་ཁོང་རང་དབང་གི་ལམ་བུ་ལ་ཞུགས་ནས་མི་ཚེའི་ཕུགས་འདུན་གྱི་ཕྱོགས་སུ་གོམ་པ་སྤོ་སྐབས་༧གོང་ས་མཆོག་གི་གསེར་ཞལ་ཐོག་མར་མཇལ་སྐབས་ཞུ་སྙིང་འདི་འདྲ་ཞིག་ཡོད། (རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་དགེ་སློང་བསྒྲུབ་རྒྱུ་ཞུས། གཞིས་བྱེས་མཉམ་འཛོམས་བྱུང་རྗེས་མགོ་ལོག་གི་ཡུལ་ནས་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆེན་ཞིག་གསུང་གནང་ཡོང་བ་ཞུས་ཡོད།) རང་གི་ཕ་ཡུལ་རྒྱབ་ཏུ་བཞག་ནས་མི་ཡུལ་གྱི་ལུང་པའི་ནང་འཚོ་གནས་ལ་འབད་བརྩོན་བྱེད་མཁན་ཞིག་ལ་མཚོན་ན་རང་གི་ཁ་རྒྱབ་ཀྱི་གནད་དོན་དེ་དང་པོར་རྩིས་ཆོག་ལ་དེ་ནི་ནོར་འཁྲུལ་ཞིག་ཀྱང་རྩ་བ་ནས་མིན། ཨ་ཁུ་དམ་ཆོས་དཔལ་བཟང་གིས་རིན་པོ་ཆེ་ལ་ཐོག་མར་ཞུས་པའི་རེ་བ་དེ་བརྩེ་དུང་གིས་བྱུགས་པའི་ཕ་ཡུལ་གྱི་བདེ་སྡུག་ཡིད་ལ་བཟུང་ཡོད་པ་དང་། ཤི་ན་རོ་བདག་དང་གསོན་ན་མི་བདག་ཡིན། ཟེར་བའི་གནའ་མྱི་རྒན་པ་ཚོའི་བཤད་པ་ལྟར་མནར་གཅོད་དང་བཙན་གནོན་ཁྲོད་འདས་གྲོངས་སུ་སོང་བའི་ཡུལ་སྡེ་གཅིག་པའི་སྐྱེ་ཕོ་མོ་དག་གི་ཤི་རུང་རྣམ་ཤེས་འཁོར་སའི་རེ་བ་དེ་རིན་པོ་ཆེའི་སྐུ་མདུན་དུ་འཁྱེར་ཡོང་བ་མ་ཡིན་ནམ། ཁོང་གི་མི་ཚེའི་མགོ་འཇུག་བར་གསུམ་དུ་རང་གི་ཕ་ཡུལ་གྱི་བདེ་སྡུག་གི་འདས་དོན་ཡོད་ཚད་ལོ་ཚིགས་ལྟར་བཤད་རྒྱུ་ཡོད་པ་དང་། གྱོད་དོན་དང་ཤི་རྨས་སོང་བ་སོགས་ཀྱི་ཆེད་དུ་བསྔོ་སྨོན་དང་སྐུ་རིམ་བསྒྲུབས་འདུག ས་གང་སོང་ཟེར་ན་འདི་སོང་། ཟས་ཅི་རག་ཟེར་ན་འདི་རག ཟེར་བའི་དཔེ་ལྟར་ཨ་ཁུ་དམ་ཆོས་དཔལ་བཟང་གིས་སྤྱི་ལ་བསམ་བློ་གཏོང་སྟངས་དང་རང་སྡེ་ལ་ཞེན་པ་དཀར་སྟངས་ནི་ཡིད་སྨོན་སྐྱེས་འོས་པ་ཞིག་ཡིན་ལ་ཕོ་རབ་ས་མཐའ་འགྲིམས་པའི་དགོས་དོན་དེ་འདྲ་ཞིག་ཡིན་རྒྱུ་རེད་འདོད།
ཨ་ཁུས་རྒྱུན་དུ་གསུངས་དོན ( ཕྲན་ལ་མཚོན་ན། དཀའ་མོའི་ཚེགས་དང་དཀོན་མོའི་ཟས་ལ་མ་བལྟས་པར་སྲོག་དམར་པོ་འབེན་ལ་བཞག་ནས་རྒྱ་གར་ལ་ཡོང་དོན་ཨ་རི་སོགས་ཕྱི་རྒྱལ་ནས་དངུལ་བཙལ་ཆེད་མིན་ལ་བོད་དོན་ཆེད་ཤུགས་རྒྱག་པའི་བསམ་བློ་འཁོར་ནས་ཡོང་བ་དེ་བས་མིན། ངའི་དམིགས་ཡུལ་གཙོ་བོ་༧ རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་སློང་གི་བསླབ་སྡོམ་ཞུས་ནས་ཆོས་པ་རྣམ་དག་ཅིག་བྱེད་རྒྱུ་དེ་ཡིན། ) སྐད་ཆ་དེ་ཁོང་གི་ལོ་རྒྱུས་ནང་དུ་ཞིབ་འབྲི་བྱས་འདུག ངས་ཨ་ཁུ་ངོ་ཤེས་པ་ནས་བཟུང་ད་བར་དུ་ཁོང་རིག་པའི་གནས་ཐམས་ཅད་ལ་མཁྱེན་མངའ་ཟབ་པའི་མཁས་དབང་ཞིག་རེད་བསམ་མྱོང་མེད། འོན་ཀྱང་ཨ་ཁུ་དམ་ཆོས་དཔལ་བཟང་ལ་གཞན་ལས་ལྷག་པའི་ཁྱད་ཆོས་མི་འདྲ་བ་མང་པོ་ཡོད། གནའ་བོའི་མེས་པོ་ཚོའི་སྙིང་སྟོབས་ཀྱི་ཐོག་ལ་དེང་གི་གཞོན་སྐྱེས་ཀྱི་བསམ་བློ་ཡོད། བློ་དཀར་གཞུང་དྲང་གི་གཤིས་ཀ་ཡོད་ལ་ལྷག་བསམ་གཏོང་ཕོད་ཀྱི་སྤོབས་པ་ཡོད། དད་པ་དང་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན་པས་རང་གི་ཐོག་མའི་དམིགས་འབེན་ལྟར་བོད་སྤྱིའི་བདེ་སྡུག་ཕྲག་ཐོག་ཏུ་བླངས་རྗེས་མི་ཚེ་གང་བོར་བློ་དཀར་གཞུང་དྲང་གི་སྲི་ཞུ་བསྒྲུབས་པ་ཁོང་འགྲོགས་འདྲེས་ལྡན་པའི་མི་ཚོའི་སེམས་ཁུངས་སུ་གསལ་ཐང་ངེར་ཡིན།
བོད་གངས་ཅན་གྱི་ས་ཁུལ་གཞན་དང་བསྡུར་ན་ཡུལ་མགོ་ལོག་ནས་ལམ་ལ་བུད་ནས་ཕྱི་ཡུལ་གྱི་ལུང་པའི་ནང་སློབ་གཉེར་བྱེད་མཁན་གྱི་ན་ཆུང་སློབ་མ་ཧ་ཅང་ཉུང་ཉུང་ཡིན་ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་བཞེས་མཁན་དེ་ལས་ཀྱང་ཉུང་ཉུང་ཡིན། ང་ལྟ་བུའི་རྒྱབ་ན་སྐྱོར་མཁན་དང་མདུན་ནས་འཐེན་མཁན་མེད་པའི་དཔུང་མེད་ཅིག་ལ་མཚོན་ན་བསམ་དཀར་གྱི་བསླབ་བྱ་དང་། ཤ་ཚའི་གཅེས་སྐྱོང་བྱས་མྱོང་མཁན་དག་རང་གི་ཕ་མ་ལྟ་བུའི་དུང་ཞེན་དང་བཀའ་དྲིན་ཆེན་པོ་ཡིན། ཨ་ཁུ་དམ་ཆོས་དཔལ་བཟང་གི་ལྷག་བསམ་དཀར་པོས་ཕྱི་ཡུལ་དུ་འཁྱམས་པའི་མགོ་ལོག་པ་ཚོ་ལ་མགོ་རྫི་དང་། ཉེ་འབྲེལ་མེད་པའི་མགོ་ལོག་གི་སློབ་ཕྲུག་ཚོར་ལོ་སར་གོ་སྒྲིག་དང་། སྒེར་ངོས་ནས་རོགས་སྐྱོར་གང་མང་གནང་བ་ང་ལྟ་བུའི་ཕ་ཡུལ་གཅིག་པའི་སློབ་གྲོགས་ཚོའི་སེམས་ངོགས་སུ་གསལ་ལྷང་ངེར་ཡིན།
སྐུ་གཤེགས་དམ་པ་ཨ་ཁུ་དམ་ཆོས་དཔལ་བཟང་ནི་རང་ཉིད་ཡིད་སྨོན་ཤོར་སའི་མི་ཞིག་ཡིན། དུས་རྒྱུན་དུ་ཨ་ཁུ་དང་མཉམ་དུ་གླེང་མོལ་བྱེད་སྐབས་ང་ལ་ཚོར་བ་འདི་འདྲ་ཞིག་སྟེར་མྱོང་ཡོད། ཨ་ཁུའི་མི་ཚེ་ནི་ཀློག་མི་ཚར་བའི་མུ་འབྲེལ་སྒྲུང་རིང་ཞིག་ཡིན། དུས་ཀྱི་འགྱུར་ལྡོག་ཁྲོད་ཀྱི་མི་ཚེའི་གླེགས་བམ་རེ་རེ་ནི་དགའ་སྐྱོ་ཟུང་འབྲེལ་ཐོག་བྲིས་པའི་འཚོ་བའི་གཏན་ཚིགས་རེ་རེ་ཡིན། སྤྱི་ཚོགས་གསར་རྙིང་གི་ཁྲོད་དུ་ཨ་ཁུས་བྱས་མ་མྱོང་བའི་ལས་ཀ་མེད་ལ། འགྲོ་མ་མྱོང་བའི་ལམ་ཁ་མེད། ཨ་ཁུ་དགུང་ལོ་གཞོན་དུས་འཁོར་བ་བཟུང་ནས་བུ་རྒྱུད་བསྐྱངས་པ་དང་། དུས་ཀྱི་འཕོ་འགྱུར་ཁྲོད་ནས་འཇིག་རྟེན་འཁོར་བའི་དགའ་སྐྱོ་ཡི་བྲོ་བ་ཆ་ཚང་མྱངས་ཡོད། བཙན་བྱོལ་དུ་འབྱོར་རྗེས་བོད་ཀྱི་རིག་གཞུང་སྐོར་ཕྱག་ལས་གནང་བ་དང་། དམ་པའི་ཆོས་ལ་ཉམས་ལེན་བྱས་ནས་སྐུ་ཚེ་རྫོགས།
རང་དབང་གི་ལམ་ལ་བུད་ཉིན་ནས་༧རྒྱལ་བ་རིན་པོ་ཆེ་དང་ཁ་ཐག་རིང་ས་ཞིག་ཏུ་མི་འགྲོ་བ་ཨ་ཁུ་དམ་ཆོས་དཔལ་བཟང་གི་འཚོ་བའི་དམ་བཅའ་དང་མི་ཚེའི་ཕུགས་འདུན་ཡིན། ལས་འཁྱུར་ངལ་གསོ་ཐོབ་རྗེས་དྷོ་ལ་རི་བོའི་མཐའ་འཁོར་ནས་ཚེ་མཇུག་གི་འཚོ་བ་དེ་ཟང་ཟིང་གི་རྙོག་འཛིང་དང་རིང་དུ་གྱེས་ནས་ཆོས་པ་རྣམ་དག་ཅིག་གི་བརྟུལ་ཞུགས་ཁྲོད། བསགས་པའི་རྒྱུ་ལ་སེར་སྣ་དང་བསྐྱངས་པའི་བུ་ཚར་འཁྲེང་ཞེན་མེད་པར་ཞི་བདེ་དང་། བག་ཕེབས་ཀྱི་དུས་ཚོད་སྐྱེལ་བཞིན་པ་ནི་ང་རང་ཆེས་ཡིད་སྨོན་ཤོར་ས་དེ་ཡིན། ད་ལོའི་ཟླ་བརྒྱད་པར་ཕོ་བ་བཤགས་བཅོས་ལེགས་འགྲུབ་བྱུང་ནའང་གློ་བའི་དབུགས་གཏོང་ལེན་ཐོག་དཀའ་ངལ་ཆེན་པོ་འཕྲད་ནས་མཐར་གནས་མཆོག་རྡ་སའི་ཕོ་བྲང་ཉེ་འཁོར་གྱི་སྨན་ཁང་ཞིག་གི་ནང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་ནའང་། ཨ་ཁུ་དམ་ཆོས་དཔལ་བཟང་དང་འབྲེལ་ཡོད་ཀྱི་ཉེ་རང་། ཕ་ཡུལ་གཅིག་པ། སློབ་ཕྲུག། ལས་གྲོགས། ཁ་ལྟ་འགྲོས་བཟང་ཚང་མས་སེམས་ཚོར་ཆེན་པོའི་ཐོག་ནས་ན་སྐབས་ནད་གཡོག་དང་། གྲོངས་རྗེས་མཆོད་འབུལ་སོགས་ཀྱི་རོགས་རམ་ཧ་ཅང་རྒྱ་ཆེན་པོ་བྱས་པ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ཆུང་དུས་ནས་སློབ་གྲྭར་འགྲིམ་མཁན་ཞིག་ཡིན་སྟབས་ཨ་ཡེས་དང། ཨ་མྱེ་ཚོ་མཉམ་དུ་བྱིས་དུས་ཀྱི་འཚོ་བ་བསྐྱལ་མྱོང་མེད། ཕ་མ་དང་ཉེ་འབྲེལ་སོགས་ལ་ཁ་གྱེས་ནས་ཕྱི་ནང་གི་སློབ་གླིང་ཁྲོད་དུ་ནར་སོན་པའི་མི་ཞིག་ལ་མཚོན་ན་ཨ་ཁུ་དམ་ཆོས་དཔལ་བཟང་ནི་རང་ཉིད་ཆེས་འབྲེལ་འདྲིས་ཆེ་བའི་མི་ལོ་ན་རྒན་ཤོས་དེ་ཡིན། ཁོང་གི་སྐུ་འགྲམ་ནས་བྱམས་བརྩེའི་འཛུམ་དཀར་བཞད་པའི་ཨ་ཡེས། ཨ་མྱེ་ཚོའི་དྲོད་ཁོལ་མཇལ་མྱོང་ཡོད། བློ་སྣ་རིང་ཞིང་ཁ་སེམས་དཀར་བའི་ཕ་ཡུལ་གྱི་མི་རྒན་པ་ཚོའི་གཤིས་ཀ་མཇལ་མྱོང་། དད་པའི་རི་བོ་བརྟན་ཞིང་ལྷག་བསམ་གྱི་རྒྱ་མཚོའི་གཏིང་ཟབ་པའི་གནའ་བོའི་མེས་པོ་ཚོའི་གཟི་བརྗིད་མཇལ་མྱོང་ཡོད། མི་ཡུལ་ནས་མཇལ་བའི་བདག་གི་དྲན་ཤིང་གསོན་པོ། ཁྱོད་ཀྱིས་སེམས་ཕུགས་ལ་ཉར་བའི་རེ་བཞག་དང་ལོ་ཟླ་ལ་བརྩེགས་པའི་བརྩེ་འདང་ཡོད་ཚད་ཕ་ཡུལ་གྱི་རི་ཀློང་ཀུན་དུ་ཁྱབ་པར་སྨོན།
 
                                 
			 



![This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]](https://tibettimes.net/wp-content/uploads/2025/10/Screenshot-2025-10-28-at-5.13.58-PM-360x180.png)