༧གོང་ས་མཆོག་ནས་ངོས་ཀྱིས་སངས་རྒྱས་ཆོས་ཀྱི་སྐོར་འགྲེལ་བཤད་བརྒྱབ་པ་དེས་བསྟན་པ་དང་འགྲོ་བའི་དོན་དུ་གང་ལ་གང་འཚམ་ཕན་ཐོགས་བྱུང་ཡོད་ཅེས་གསུངས་སོང་།

དེ་རིང་ཕྱི་ཚེས་ ༡༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མོན་ཡུལ་ན་གཞོན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མདོ་ལུགས་ཀྱི་བརྟན་བཞུགས་གསོལ་འདེབས་མཎྜལ་འདེགས་འབུལ་ཞུས་སོང་།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་༸རྒྱལ་དབང་གོང་མ་ཚོའི་ཡང་སྲིད་ལ་ངོས་འཛིན་བྱས་ཏེ་ཡོངས་འཛིན་གླིང་རིན་པོ་ཆེ་གཙོ་བོ་གནང་སྟེ་དཔེ་ཆ་མང་པོ་བལྟས་ཡོད། དེ་ནས་དུས་ལོག་ཡོང་བའི་སྐབས་སུ་རྐྱེན་ངན་གྲོགས་ལ་ཤར་ནས་རྒྱ་གར་བྱང་རྒྱུད་ཀྱི་ས་ཆར་སླེབས་པ་རེད། འཛམ་གླིང་འདིའི་སྟེང་ས་ཆ་མང་པོར་ངོས་རང་དང་འབྲེལ་བ་ཞིག་ཡོང་བསྡད་ཀྱི་ཡོད་ལ། མི་ཚོས་ཀྱང་ཧ་ཅང་དགའ་བོ་བྱེད་བཞིན་འདུག གང་ལྟར་ངོས་རང་ཕ་ཡུལ་མདོ་སྨད་ནས་སྐྱེས་ཏེ་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་ཉིན་མཚན་དུས་དྲུག་ཏུ་བསམ་ནས་བསྡད་པ་ཡིན། རྒྱ་གར་ལ་བསྡད་པའི་རིང་འགྲོ་དོན་བྱས་ཏེ་དུས་ཚོད་འདིར་བསླེབས་པ་རེད། རྒྱ་གར་རྡོ་རྗེ་གདན་གྱི་མཚོན་པའི་གནས་ཆེན་ཁག་ལ་འགྲོ་རྒྱུ་མ་ཟད། བོད་དང་རྒྱ་ནག་གི་ནང་པ་ཚོར་ངོས་རང་གིས་ཕན་ཐོགས་བྱེད་ཐུབ་པ་ཞིག་རེད་འདུག ངོས་རང་ལོ་ཆེན་པོ་སླེབས་ཡོད་ཀྱང་གཟུགས་པོ་ཧ་ཅང་བདེ་བོ་འདུག བསྟན་པའི་ཞབས་འདེགས་སྒྲུབ་རྒྱུ་དང་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་རྣམས་ལ་ཆོས་ཀྱི་སྙིང་དོན་འགྲེལ་བཤད་རྒྱག་པའི་གོ་སྐབས་ཧ་ཅང་ཡག་པོ་ཡོད་པའི་སྲོལ་ཞིག་འདུག ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ནོར་གླིང་ནས་ཐོན་ཁར་བསྟན་པ་དང་འགྲོ་བའི་དོན་དང་། ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་དོན་དུ་སྨོན་ལམ་བརྒྱབ་ནས་ཐོན་ཡོང་བ་ཡིན། གཙང་པོ་བརྒལ་ཡོང་དུས་ངོས་རང་གི་སེམས་ཏོག་ཙམ་སྐྱོ་བོ་བྱུང་། ཡིན་ནའང་། ཀོ་གྲུ་གཏོང་མཁན་ཚོས་ངོས་ལ་སེམས་གསོ་མང་པོ་བཏང་སྟེ། ༸རྒྱལ་བ་རིན་པོ་ཆེ་གནས་སྐབས་རིང་ལྷ་ས་ནས་ཐོན་དགོས་པ་ཆགས་ཀྱི་ཡོད་པ་རེད་དེ། བོད་ཀྱི་བསྟན་སྲིད་དོན་དུ་མཛད་པ་འཕྱུག་པ་ཡོད་པ་མ་རེད་ཅེས་ཧ་ཅང་ཤུགས་ཆེན་པོ་བཤད་བྱུང་། དེ་ངོས་ཀྱི་སེམས་སུ་ཟུག་པོ་བྱུང་།
ངོས་རང་རིམ་བཞིན་རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་ལ་སླེབས་པ་མ་ཟད། འཛམ་གླིང་གི་ས་ཁུལ་མང་པོར་སླེབས་པ་རེད། གང་ལྟར་ས་གནས་ག་པར་ཕྱིན་ཡང་ལུས་འདི་དང་འབྲེལ་བའི་བསམ་བློ་ནི་ལྷག་བསམ་རྩེ་གཅིག་པ་དང་། དངོས་གནས་དྲང་གནས་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་ཧུར་ཐག་སྒྲུབ་བསམ་པའི་བློ་ཁྱོན་ནས་ཡལ་བ་མེད་ལ། དཀའ་ངལ་འཕྲད་པའི་སྐབས་སུའང་སེམས་ཞུམ་པ་མེད་པར་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ཧུར་ཐག་བྱས་པའི་ལག་རྗེས་ལ་འཛམ་གླིང་འདིར་ངོས་ཀྱི་མིང་དང་། དེ་བཞིན་ངོས་ཀྱིས་སངས་རྒྱས་ཀྱི་ཆོས་སྐོར་ལ་འགྲེལ་བཤད་བརྒྱབ་པ་དེས་མང་པོ་ཞིག་གི་སེམས་་ཕན་པ་བྱུང་སྟེ། ད་ལྟ་བར་དུ་བསྟན་པ་དང་འགྲོ་བའི་དོན་དུ་གང་ལ་གང་འཚམ་གྱིས་ཕན་ཐོགས་དངོས་གནས་བྱུང་་ཡོད། ད་དུང་ཡང་ཧུར་ཐག་བྱ་རྒྱུ་ཡིན། ཞེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་ནས། ང་ཚོ་བཙན་བྱོལ་ལ་འབྱོར་ནས་ཐོག་མར་རྒྱ་གར་ཤར་ཕྱོགས་སུ་འབྱོར་བ་རེད། མི་མང་དངོས་གནས་ཧ་ཅང་དགའ་བོ་བྱས་སོང་། དེ་རིང་ཁྱེད་ཚོ་རྒྱ་གར་གྱི་ཕྱོགས་མཐའ་ཁག་ནས་དགའ་བཞིན་སྤྲོ་བཞིན་འདུས་ཏེ་བསམ་པ་རྣམ་རྣམ་དག་གིས་སྨོན་ལམ་བརྒྱབ་ཡོད་པ་དང་། ངོས་རང་ལ་བརྟན་བཞུགས་ཤིག་ཕུལ་བ་རེད། རྒྱ་གར་གྱི་ས་ཆ་གང་དུ་ཕྱིན་ཡང་ཡུལ་བ་ཚོའི་ཧ་ཅང་དགའ་བོ་བྱེད་ཀྱི་འདུག་ལ། ངོས་རང་ལ་དགའ་ཞེན་དང་དད་པ་འགྱུར་བ་མེད་པ་ཤུགས་ཆེན་པོ་ཡོད་པ་མངོན་གསལ་དོད་པོ་འདུག ངོས་རང་ཆ་བཞག་ན་ཞོགས་པ་ཡར་ལངས་པ་དང་། དད་པ་ཅན་ཚོར་སངས་རྒྱས་ཀྱི་བྱིན་རླབས་ཡོང་བར་ཤོག་བསམ་པའི་སྨོན་ལམ་རྒྱག་བཞིན་ཡོད། ངོས་ཀྱིས་དུས་ནམ་ཡང་འགྱུར་བ་མེད་པར་བསྟན་པ་དང་འགྲོ་བའི་དོན་དུ་སེམས་ཤུགས་བསྐྱེད་བཞིན་ཡོད། དེ་རིང་རྒྱ་གར་གྱི་ས་མཚམས་མོན་གྱི་ཡུལ་བ་གཙོ་བོ་གྱུར་པའི་དད་པས་ཀུན་ནས་བསླངས་ཏེ་ངོས་རང་ལ་ཐུག་ཆེད་དགའ་བོའི་ངང་ནས་འཛོམས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།
ཀུན་སློང་རྣམ་པར་དག་པའི་གཞན་ཕན་གྱི་བློ་ཡག་པོ་ཡོད་ཀྱང་། ཤེས་རབ་ཀྱི་རྣམ་དཔྱོད་མེད་ན་ཁ་ཐུག་ཕན་དང་མ་ཕན་མི་ཤེས་པ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་བགྲངས་ནས་སེམས་ཀྱི་གཞན་ཕན་གྱི་བློ་ལྷང་ལྷང་ཡོད་པའི་བསྡད་པའི་ཐོག་ནས། གཞན་ལ་ཕན་བདེ་སྒྲུབ་པའི་ནུས་པ་ཆེ་ཤོས་ཤེས་རབ་ཆགས་ཡོད་པས། སོ་སོ་རང་གི་ངོས་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཡིན་ལུགས་ཀྱི་དོན་ལ་བརྟག་དཔྱད་བྱེད་པའི་ནུས་པ་རྫོགས་དུས་རང་དོན་ཡང་དེ་ལས་ལྷག་པ་ཡོད་མ་རེད་ལ། གཞན་དོན་ལ་ཆ་བཞག་ནའང་དེ་ལས་ལྷག་ཡོད་མ་རེད། ཅེས་སོགས་གསུངས་སོང་།
དགའ་ལྡན་ཕོ་བྲང་གི་དྲ་རྒྱར་གསལ་བའི་མཛད་འཆར་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་གཏན་སློབ་(CST)ཁག་བདུན་གྱི་སློབ་མ་ཟུར་པ་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་བཅས་ནས་འཚོག་གཏན་འཁེལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་གཏན་ཁེལ་ཡོད་འདུག ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༢ ཚེས་ ༢༣ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





