བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་བ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་འབོད་ཚིག་གསུམ་གྱི་འོག་ནས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་ཀྱི་འདུག

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་དྷ་ས་ལྷ་རྒྱ་རིར་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། འབོད་ཚིག་དོན་ཚན་གསུམ་སྟེ་མཐུན་སྒྲིལ་དང་། བོད་དོན་དྲིལ་བསྒྲགས་རྒྱ་བསྐྱེད། རང་ཁ་རང་གསོ་དང་དཔལ་འབྱོར་སྲ་བརྟན་བཅས་ཀྱི་འོག་ནས། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་དངོས་སུ་བཞེངས་པའི་གསལ་བསྒྲགས་གནང་སོང་།
སྐབས་དེར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་བསྡུའི་ནང་སོ་སོ་སྒེར་ལང་རྒྱུའི་བསམ་བློ་དང་འཆར་གཞི་གང་ཡང་མེད། གང་ཡིན་ཟེར་ན། སྔོན་མ་ཐེངས་གཅིག་ལ་གོ་སྐབས་དཔེ་ཡག་པོ་ཞིག་རག་སོང་བས་འདོད་པ་ཁེངས་ནས། ད་ལན་གྱི་འོས་བསྡུ་འདིར་སོ་སོའི་སྒེར་གྱི་བསམ་བློའི་ནང་མགོ་ཁྲིད་གསར་པ་ཞིག་གམ། འོས་མི་གསར་པ་ཞིག་བཞེངས་ཐུབ་ན། རབ་ཏུ་བྱུང་ན་བུད་མེད་ཅིག་བཞེངས་ཐུབ་ན་བསམས་ཤིང་། གལ་ཏེ་དེ་འདྲ་ཞིག་བྱུང་ན་ང་རང་ངོས་ནས་རྒྱབ་སྐྱོར་ཆ་ཚང་ཞིག་ཞུ་དགོས་བསམས་སོང་། ཡིན་ཡང་། ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་དང་འོས་བསྡུའི་ལས་རིམ་ནང་ད་བར་དུ་སྤྱི་འཐུས་ཀྱི་འོས་མིར་བཞེངས་མཁན་དཔེ་མང་པོ་འདུག་ལ། རྗེས་སུ་ཡི་རངས་ཞུ་ཡི་ཡིན། འོན་ཀྱང་། སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ནང་ད་བར་ལས་ཐོག་སྲིད་སྐྱོང་བཞེངས་ཀྱི་ཡིན་ཞེས་གསལ་བསྒྲགས་གནང་སོང་། ཡིན་ཡང་། གཞན་ཁ་སངས་ནས་མར་བཏོན་ནས་ལང་གི་ཡིན་ཞེས་དམིགས་བསལ་འཆད་མཁན་བྱུང་མ་སོང་། ཞེས་བརྗོད་སོང་།
ཁོང་གིས། ད་ལྟ་ང་ཚོར་ལུང་པ་མེད་ཀྱང་རྒྱ་གར་གཞུང་གི་བཀའ་དྲིན་གྱིས་འདིར་གནས་སྡོད་བྱེད་ཀྱི་ཡོད་རེད། ཡིན་ཡང་། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རྐུབ་བཀྱག་ཆེ་ཤོས་ཀྱི་སྒང་ལ་བཞེངས་མཁན་མེད་ན། ཁ་སང་ངའི་གསལ་བསྒྲགས་ནང་ཞུས་པ་བཞིན། མང་གཙོ་གང་འདྲ་ཞིག་ཡིན་ནའང་དེར་ཆ་རྐྱེན་གསུམ་ཡིན་གཅིག་མིན་གཅིག་ཚང་དགོས་རེད་བསམ་གྱི་འདུག ཆ་རྐྱེན་གཅིག་ནི་དུས་ལྟར་འོས་བསྡུ་འཚོག་རྒྱུ་དེ་དཔེ་གལ་ཆེན་པོ་དང་། ཆ་རྐྱེན་གཉིས་པ་དེ་འོས་མི་ཚད་ལྡན་ཞིག་དགོས་པ། མི་མང་ལ་གདམ་ཁ་དགོས་པ། ཆ་རྐྱེན་གསུམ་པ་དེ་མི་མང་གིས་དེར་ཆ་ཤས་ལེན་རྒྱུ་དཔེ་གལ་ཆེན་པོ་རེད། དེ་འདྲ་སོང་ཙང་། ད་ལན་ངས་འོས་མི་ང་གཅིག་པུས་འཇོན་གྱི་ཡོད། བྱ་ཐུབ་ཀྱི་ཡོད་ཅེས་རྩ་བ་ནས་བཤད་ཀྱི་མེད་ལ། ད་དུང་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་ཡོད་ན་བཞེངས་རོགས་གནང་ཞེས་ཞུ་རྒྱུ་ཡིན། འོན་ཀྱང་། ད་ལན་གྱི་འོས་བསྡུའི་ལས་རིམ་འདིའི་ཁྲོད་འོས་མི་ཚད་ལྡན་ཞིག་བཞེངས་མཁན་མེད་པ་ཡིན་ན། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲོམ་གཞི་སླ་བོ་དང་། ཕྱི་ལ་ངོམས་བསྡད་པ་དེ་ངོ་ཚར་ཆགས་རྒྱུའི་ཉེན་ཁ་ཞིག་མཐོང་སོང་། དེ་འདྲ་ཡིན་དུས་ངས་བསྐྱར་དུ་བསམ་བློ་ཞིག་བཏང་ནས། འཆར་གཞི་དང་འདོད་པ་མེད་ནའང་འགན་རེད་བསམས་ནས་སྲིད་སྐྱོང་གི་འོས་མིར་ལངས་བ་ཡིན། ཞེས་བརྗོད་བྱུང་།
ཡང་ཁོང་གིས། བཙན་བྱོལ་སྤྱི་ཚོགས་ནང་ལ་ཉམས་ཆག་ཆེན་པོ་གསུམ་འགྲོ་ཡི་འདུག དེ་དག་གི་ཁྲོད་ཀྱི་ཉམས་ཆག་ཆེ་ཤོས་ནི་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་རྩ་དོན་དེ་ཉམས་འགྲོ་ཡི་འདུག རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་ཡིན་ནའང་འདྲ། བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར། དེ་བཞིན་ཚོགས་འདུ་ཞིག་ཀྱང་འཚོགས་པ་ཡིན་ནའང་། ཕྱི་རྒྱལ་གྱི་ཆབ་སྲིད་པ་དང་གནད་ཡོད་མི་སྣ་གཙོས་ཕེབས་མཁན་ཉུང་དུ་ཉུང་དུ་ཕྱིན། རྒྱལ་སྤྱིའི་ཚགས་ཤོག་ཐོག་ཏུ་ཡིན་ནའང་བོད་དོན་ཐོག་བྲི་རྒྱུ་དེ་ཉུང་དུ་འགྲོ་ཡི་འདུག དེ་དངོས་གནས་བློ་འཚབ་སྐྱེས་དགོས་པའི་གཞི་ཞིག་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་དགོས་པ་དང་འདིར་བཞུགས་དགོས་པ། དེ་བཞིན་སྒྲིག་འཛུགས་དེ་འདིར་གནས་དགོས་པའི་དགོས་པ་གཙོ་བ་ནི་རྩ་དོན་དང་འཐབ་རྩོད་དེ་ཡིན་པས། དེ་ཉམས་པ་ཡིན་ན་དངོས་གནས་ང་ཚོ་དཔེ་མི་སྲིད་པའི་ཁག་པོ་ཞིག་རེད་བསམ་གྱི་འདུག རྩ་དོན་ཡང་བསྐྱར་འཐབ་རྩོད་ཀྱི་ཕྱོགས་སུ་འགྲོ་ཐུབ་པར་བྱ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག བོད་ཀྱི་རྩ་དོན་འཐབ་རྩོད་དེ་ཉམས་དགོས་པའི་རྐྱེན་མང་པོ་ཞིག་ཡོད་རེད་དེ། རྐྱེན་གཅིག་ནི་ནང་གི་འཛིན་སྐྱོང་གི་ཐོག་ལ་མགོ་འཁོར་ནས་དུས་ཚོད་མང་པོ་ཞིག་བཏང་། ད་ལན་ང་ལ་མི་མང་གིས་རྒྱབ་སྐྱོར་དང་ཡིད་ཆེས་ཤིག་གནང་བ་ཡིན་ན། ངས་ད་ལན་དངོས་གནས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ཁ་ཕྱོགས་སྲ་བརྟན་ཡོང་རྒྱུར་ཐབས་ཤེས་གང་ཐུབ་ཐུབ་བྱེད་ཀྱི་ཡིན། ཞེས་བརྗོད་སོང་།
ཁོང་གིས་མུ་མཐུད་དུ། ད་ལྟ་སྒྲིག་འཛུགས་ཀྱི་མ་དངུལ་ལས་རྩ་དོན་ལ་ཐད་ཀར་འབྲེལ་བ་ཡོད་པ་བརྒྱ་ཆ་ཉི་ཤུ་ལས་གཏོང་གིན་ཡོད་ས་མ་རེད། གལ་ཏེ་ང་ལ་གོ་སྐབས་ཤིག་རག་པ་ཡིན་ན། ངས་རྩ་དོན་གྱི་ཐད་ལ་འགྲོ་སོང་གང་མང་མང་ཞིག་དང་། སྒྲིག་འཛུགས་ཀྱི་སྔོན་རྩིས་དང་ཡང་ན་ཕྱི་ལོགས་ནས་ཐབས་ཤེས་གཏང་དགོས་ན་འདྲ། ལོ་འཁོར་གྱི་སྔོན་རྩིས་ནང་དུའང་ཐད་ཀར་འཐབ་རྩོད་དང་འབྲེལ་བའི་འགྲོ་སོང་གང་མང་མང་ཞིག་གཏང་ཐུབ་རྒྱུ་དང་། ངས་འཆར་གཞི་གལ་ཆེ་བ་ཞིག་བྱང་ཕྱོགས་ལ་དམིགས་པའི་སྲིད་ཇུས་ཤིག་བཏིང་ཡོད། ང་ཚོའི་ཕ་ཡུལ་དང་མ་ཡུལ་ཚང་མ་བྱང་ཕྱོགས་ལ་ཡོད་རེད། ཧིན་བོད་མཐའ་མཚམས་དང་། བལ་བོད་མཐའ་མཚམས་ལའང་གཞིས་ཆགས་གང་འཚམ་ཞིག་ཡོད་རེད། གལ་ཆེ་ཤོས་ཤིག་ཧི་མ་ལ་ཡའི་མི་རིགས་དཔེ་མང་པོ་ཞིག་ཡོད་རེད། དེ་དག་དང་ལྷན་དུ་ད་ལྟ་འབྲེལ་འདྲིས་གནང་གི་འདུག་ཀྱང་ངས་དེ་ལས་ལྷག་ཅིག་གནང་དགོས་རེད་བསམ་གྱི་འདུག་ལ། ཁོང་ཚོ་དང་མཉམ་རུབ་ཀྱི་ལས་གཞི་བསྒྲུབ་རྒྱུ་དང་། གཞིས་ཆགས་དེ་དག་ཏུ་ཡོད་པའི་བོད་རིགས་ཚོ་ལ་མཐུན་རྐྱེན་མང་བ་སྦྱར་རྒྱུ་དང་། གཞིས་ཆགས་དེ་དག་སྲ་བརྟན་ཡོང་ཐབས་གནང་རྒྱུ་དཔེ་གལ་ཆེན་པོ་རེད་འདུག མཐའ་མཚམས་ཁག་ཏུ་གནས་སྡོད་བྱེད་མཁན་རྣམས་གཞིས་སྤོར་ནས་རྫོགས་ཕྱིན་པ་ཡིན་ན། ཐད་ཀར་རྩ་དོན་ལ་གནོད་རྒྱུ་དང་རྩ་དོན་ལ་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག དེ་འདྲ་སོང་ཙང་ངའི་བྱང་ཕྱོགས་ལ་དམིགས་པའི་སྲིད་ཇུས་དེ་བརྒྱུད་ནས་དམིགས་བསལ་དོ་སྣང་དང་གང་ཐུབ་ཐུབ་ཀྱིས་མཐུན་རྐྱེན་སྦྱར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། ཞེས་བརྗོད་སོང་།
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༦༨ ལོར་སྐྱེས་ཤིང་། ཨ་རིའི་བྷོ་སི་ཊོན་ (Tufts) གཙུག་ལག་སློབ་གྲྭ་ནས་སློབ་མཐར་སོན་པ་དང་། ཕྱི་ལོ་ ༢༠༡༡ ནས་ ༢༠༢༠ བར་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་དམིགས་བསལ་སློབ་སྟོན་པ་དང་། དེ་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད། དེ་བཞིན་དཔལ་འབྱོར་ལས་ཁུངས་སུ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་གནང་མྱོང་ཡོད་པ་བཅས་ལོ་ངོ་ ༢༣ ལྷག་གི་རིང་བོད་མིའི་རང་དབང་འཐབ་རྩོད་དང་སྤྱི་ཚོགས་ཡར་རྒྱས་ཆེད་ཕྱག་ལས་གནང་མྱོང་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༤ ཉིན་དབུས་འོས་བསྡུ་ལྷན་ཁང་གིས། ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུ་ཆེན་མོའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ཁྲོད། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༣༤༣༢༤ དང་། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་ ༢༨༩༠༧ ཐོབ་སྟེ། ད་ལྟའི་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་དུ་བདམས་ཐོན་བྱུང་།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





