བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐོག་སྤྱི་འཐུས་གངས་རི་ལགས་ཀྱིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་དང་འབྲེལ་ནས་བཙུགས་པ་ཞིག་ཡིན་པས་ཁོང་ཉིད་ཀྱི་བཀའ་འབྲེལ་གང་ཡིན་པ་དེར་གོམ་པ་སྤོ་དགོས་པ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

དེ་རིང་ཕྱི་ཚེས་༢༤ ནས་ཉིན་གྲངས་གཉིས་རིང་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་གངས་རི་ལགས་དང་། སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་ཟུར་ཨཅཱརྱ་ཡེ་ཤེས་ཕུན་ཚོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུག
ཐེངས་འདིའི་ཚོགས་ཆེན་སྐོར་ལ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་འཕེལ་ལགས་ཀྱིས་འདི་གའི་གསར་འགོད་པར། ཐེངས་འདི་ནི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་དེ་ཆགས་ཀྱི་ཡོད། སྤྱིར་ཚོགས་པ་འདི་བཙུགས་ཏེ་ལོ་ངོ་ ༣༡ འཁོར་ཡོད་ལ། བཙན་བྱོལ་ནང་བོད་ཀྱི་སྲིད་དོན་ཚོགས་པ་གཅིག་པུ་དེ་རེད། ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་གཞི་གྲོས་ཆོད་དོན་ཚན་ཁག་དགུ་ཡོད་ཅིང་། གཙོ་བོ་དེ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཐོག་བགྲོ་གླེང་བྱ་རྒྱུ་དང་། མི་མང་ཁྲོད་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཐོག་ཆ་ཤས་ལེན་དགོས་པའི་གྲོས་གཞི་ཅིག་འཁྱེར་ཡོད། གྲོས་གཞི་དེ་གཏན་འབེབ་བྱུང་ཚེ་མ་འོངས་པར་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་གི་ཡོད།ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱི་ཟུར་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། འདས་བའི་ལོ་ ༣༡ ནང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་འཚོགས་ཡོད་ཅིང་། ཚོགས་གཙོའི་དུས་ཡུན་བསྟུད་མར་ལོ་གསུམ་དང་ལོ་བརྒྱད་བསྡད་པ་བྱུང་ཡོད། མི་རབས་ནས་མི་རབས་བར་ཉམ་ཆག་མ་བྱུང་པར་མཐུད་བརྒྱབ་སྟེ་གནས་ཐུབ་པ་བྱུང་ཡོད། དེ་ནི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཁུར་བ་རྣམས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་རེད།སྲིད་དོན་ཚོགས་པའི་ངོ་བོའི་ཆ་ནས་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གནས་བབ་ཐོག་ཡོང་ཐུབ་ཡོད་པ་མ་རེད། ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་སྤྱི་འཐུས་ཚོགས་གཙོ་ཐེངས་གཉིས་པ་ཚར་བའི་རྗེས་སུ། མཐའ་མའི་གསུང་བཤད་སྐབས་སུ་ལས་དོན་བཅུ་མ་འགྲུབ་པའི་དོན་ཚན་བཅུ་ཅན་ཞིག་གསུངས་ཡོད། དེའི་ཁྲོད་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་ནང་སྲིད་དོན་ཚོགས་པ་དེ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གཏན་འབེབ་གནང་མ་ཐུབ་བ་དང་། དེ་ནི་ལས་དོན་ཆེན་པོ་ཞིག་མ་འགྲུབ་པར་ངོས་འཛིན་ཞུས་ཡོད་པ་རེད། ཅེས་དང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་དམངས་གཙོའི་བཀའ་དགོངས་འཕེལ་རིམ་བཞིན། ཕྱི་ལོ་ ༡༩༩༤ ནས་བཟུང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་དོན་ཚོགས་པའི་འགན་འཁུར་ནས་བཀའ་བློན་ཁྲི་བ་དང་སྤྱི་འཐུས་ཀྱི་འོས་འདེམས་ཐོག་ལས་དོན་བསྒྲུབས་ཡོད་སྐོར་བརྗོད་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས། ཕྱི་ལོ་ ༡༩༩༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༢༡ པ་ཚོགས་པའི་སྐབས་སུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གཞོན་ནུ་ལྷན་ཚོགས་དང་གཞི་རྩའི་ལྟ་བ་དང་དམིགས་ཡུལ་གཅིག་པ་ཡིན་པ་གང་ཞིག་ལ་ནང་གི་དམིགས་ཡུལ་དམངས་གཙོའི་ལྟ་གྲུབ་ཡོད་པའི་ཚོགས་པ་དེ་འདྲ་དགོས་ཀྱི་རེད་གསུངས་པའི་ལམ་སྟོན་འོག ཕྱི་ལོ་ ༡༩༩༢ ལོར་གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་སྔ་ཕྱིའི་བཀའ་སློབ་དང་། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་གཟིགས་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འཛུགས་རྒྱུ་གཏན་འབེབ་གནང་བ་རེད། ཕྱི་ལོ་ ༡༩༩༤ ལོར་དངོས་སུ་དབུ་བརྙེས་པ་རེད། ཅེས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ནམ་རྒྱུན་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅིང་། ད་དུང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་དམ་བཅའ་བརྟན་པོ་ཡོད། ཅེས་བརྗོད་སོང་།
སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས།བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དམིགས་ཡུལ་དེ་ཆབ་སྲིད་ཚོགས་པའི་ངོ་བོར་བསྒྲུབ་པའི་རེ་བ་གནང་ཡོད། ཡིན་ནའང་།ང་ཚོའི་བཙན་བྱོལ་དམངས་གཙོའི་སྒྲིག་འཛུགས་ནང་དུ་ཆབ་སྲིད་ཚོགས་པའི་གནས་བབ་ཅིག་ཡོད་མ་རེད། དེ་བཟོ་མ་ཐུབ་པའི་དཀའ་ངལ་འགོག་རྐྱེན་མང་པོ་འཕྲད་ཡོད།ད་ལན་གྱི་ཚོགས་ཆེན་གྱི་རྗེས་སུ་ཚོགས་པའི་རྒྱུན་ལས་གསར་བ་ཡོང་གི་ཡོད།རྣམ་པ་ཚོས་ཚོགས་པ་འདི་བཙུགས་པའི་དམིགས་ཡུལ་ཆེད་གོམ་པ་མདུན་སྐྱོད་བྱེད་པའི་ཆེད་དུ་གང་བྱེད་ཐུབ་པ་དེ་བྱ་དགོས།སྤྱིར་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་སྲིད་དོན་ཚོགས་པ་མེད་པའི་དམངས་གཙོའི་སྒྲིག་འཛུགས་ཤིག་ཡིན་པའི་སྤོབས་པ་བྱེད་བཞིན་ཡོད་ཀྱང་། ཆབ་སྲིད་ཚོགས་པ་ཡོད་པའི་དམངས་གཙོའི་སྒྲིག་འཛུགས་ཤིག་ལ་མདུན་སྐྱོད་བྱེད་ཚེ། གྲུབ་འབྲས་ཡག་པོ་ཡོད་མེད་ཐད་གྲོས་བསྡུར་བྱ་རྒྱུ་གལ་ཆེན་པོ་འདུག དེ་ནི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཆེད་དུ་མ་ཡིན་པར། ང་ཚོའི་དམངས་གཙོའི་སྒྲིག་འཛུགས་ཀྱི་ཆེད་དུ་རེད། ཅེས་བརྗོད་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་དགེ་བཤེས་གངས་རི་ལགས་ཀྱིས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་དང་འབྲེལ་ནས་བཙུགས་པ་ཞིག་རེད། ༧གོང་ས་མཆོག་གི་བཀའ་འབྲེལ་གང་ཡིན་པ་དེར་གོམ་པ་སྤོ་དགོས་པ་གལ་ཆེན་པོ་རེད། དེང་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་བྱེད་མཁན་མང་དུ་འགྲོ་བཞིན་འདུག ༧གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་བྱ་རྒྱུ་དེ་ང་ཚོ་ཚང་མའི་འོས་འགན་རེད། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གིས་༧གོང་ས་མཆོག་གི་བཀའ་སློབ་དེ་རྩ་འཛིན་གྱི་སྒྲིག་གཞི་གཙོ་བོ་ཞིག་ཏུ་བཞག་ཡོད་པ་རེད། ད་ལྟའི་ཆར་༧གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་གྱི་ཁ་གཏད་དུ་གཞུང་ཁོངས་མིན་པའི་ཚོགས་པའི་ཁག་ལངས་དགོས་པ་ཞིག་རེད་ཞུ་འདོད་བྱུང་། ཞེས་བརྗོད་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།





