བོད་ཀྱི་རི་དྭགས་དང་སྒོ་ཟོག་སེམས་ཅན་སོགས་གྱི་ལྕི་བའི་ནང་ནས་སྐྱེ་དངོས་ཕྲ་འབུ་གསར་པ་སྟོང་ཕྲག་མང་པོ་རྙེད་སོན་བྱུང་ཡོད་ཅིང་། རྒྱ་ནག་གིས་སྐྱེ་དངོས་མཚོན་ཆ་བཟོ་བསྐྲུན་བྱེད་སླད་དུ་བེད་སྤྱོད་བྱེད་སྲིད་སྐོར་བརྗོད་འདུག

རྒྱ་གར་གྱི་ (WION) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཚན་རིག་པ་ཚོས་འདས་པའི་ལོ་ངོ་ ༥ རིང་ཞིབ་འཇུག་བྱས་པ་བརྒྱུད། བོད་ཀྱི་སྒོ་ཟོག་སེམས་ཅན་གཡག་དང་ལུག བ་ཕྱུགས་དང་རྟ། རི་དྭགས་གཙོད་དང་རྐྱང་སོགས་ཀྱི་ལྕི་བའི་ནང་དུ་ད་སྔ་བར་ངོས་འཛིན་བྱས་མེད་པའི་སྐྱེ་དངོས་ཕྲ་འབུའི་རིགས་སྟོང་ཕྲག་མང་པོ་གསར་དུ་རྙེད་སོན་བྱུང་ཡོད་པ་དང་། རྒྱ་ནག་གིས་བོད་ཀྱི་སྒོ་ཟོག་སེམས་ཅན་ལས་བྱུང་བའི་སྐྱེ་དངོས་ཕྲ་འབུ་དེ་དག་སྐྱེ་དངོས་མཚོན་ཆ་གསར་པ་བཟོ་བྱེད་དུ་བཀོལ་སྤྱོད་བྱ་སྲིད་སྐོར་དབྱེ་ཞིབ་པས་བརྗོད་འདུག
དེ་འབྲེལ་གནས་ཚུལ་ནང་། བོད་མཐོ་སྒང་གི་སྒོ་ཟོག་སེམས་ཅན་དང་རི་དྭགས་སྲོག་ཆགས་སོགས་ཀྱི་ལྕི་བའི་ནང་ནས་སྐྱེ་དངོས་ཕྲ་འབུ་སྟོང་ཕྲག་མང་པོ་རྙེད་སོན་བྱུང་ཡོད་པ་དང་། དེའི་ནང་ནས་སྐྱེ་དངོས་ཕྲ་མོ་བརྒྱ་ཆ་༨༨ སྔོན་ཆད་ཟིན་ཐོར་བཀོད་མྱོང་མེད་ཅིང་། སྐྱེ་དངོས་ཕྲ་འབུ་དེ་དག་གིས་རིགས་རྒྱུན་བཟོ་བཅོས་དང་གསར་བཏོད། སྐྱེ་དངོས་ཕྲ་མོའི་གྲུབ་ཆའི་སྐོར་ལ་ཤེས་རྟོགས་གསར་བ། དེ་བཞིན། མི་ཐེན་ (methane) ཞེས་པ་ཇེ་ཉུང་དུ་གཏོང་བར་རོགས་རམ་བྱེད་ཐུབ་ཀྱི་ཡོད་སྟབས། རྒྱ་ནག་གིས་སྐྱེ་དངོས་ཕྲ་འབུ་དེ་དག་བཀོལ་སྤྱོད་ཀྱིས་སྐྱེ་དངོས་མཚོན་ཆ་བསྐྲུན་པ་དང་ཡང་བཟང་ཕྱོགས་སུའང་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་སྐོར་སོགས་གསལ་འདུག
རྒྱ་ནག་གི་ཚན་རིག་པའི་སྡེ་ཁག་དེས། བོད་ལྟ་བུའི་གནམ་གཤིས་གྲང་ངར་ཆེ་བའི་ཁོར་ཡུག་ནང་གནས་པའི་སྲོག་ཆགས་ནི་རྒྱུ་མའི་ནང་གནས་པའི་འབུ་ཕྲ་རྣམས་ཀྱི་བྱེད་ལས་གསར་པ་རྙེད་པའི་འབྱུང་ཁུངས་བཟང་པོ་ཞིག་རེད། ཅེས་བརྗོད་འདུག་པ་དང་། ཞིབ་འཇུག་དེ་ནི་བོད་མཐོ་སྒང་གི་སྲོག་ཆགས་ཀྱི་རྒྱུ་མའི་ནང་གི་སྐྱེ་དངོས་ཕྲ་འབུའི་སྐོར་ལ་ཞིབ་འཇུག་བྱས་པ་ཐོག་མ་དེ་ཡིན་སྐོར་དང་། ཞིབ་འཇུག་གྲུབ་དོན་དེ་ཨ་རིའི་སྐྱེ་དངོས་ཕྲ་འབུའི་དཔྱད་ཞིབ་ཀྱི་དུས་དེབ་ (Microbiome) སྟེང་བཀོད་ཡོད་པ་རེད།
ཡང་རྒྱ་ནག་གི་ཚན་རིག་པ་ཚོས། གསར་དུ་རྙེད་སོན་བྱུང་བའི་ཕྲ་འབུ་དེ་དག་ལ་གསར་གཏོད་རང་བཞིན་གྱི་རིགས་རྒྱུན་བཟོ་བཅོས་དང་། གཉན་འགོག་གི་སྨན། དེ་བཞིན་སྐྱེ་དངོས་འཕྲུལ་རིག་གི་ཐོན་རྫས་གཞན་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཐུབ་ཅེས་བརྗོད་ཡོད་པ་དང་། དབྱེ་ཞིབ་པ་ཚོས་སྐྱེ་དངོས་ཕྲ་འབུ་དེ་དག་གི་སྐོར་ལ་སྔོན་ཆད་ཤེས་རྟོགས་མེད་སྟབས། གལ་ཏེ་ལོག་སྤྱོད་བྱས་ཚེ། དེ་ལས་བཟོས་པའི་ནད་དུག་དེ་རྙེད་དཀའ་བ་དང་འགོག་སྲུང་བྱེད་དཀའ་བ་ཡོང་སྲིད་པའི་ཉེན་བརྡ་བཏང་འདུག
ཐེངས་འདིའི་ཞིབ་འཇུག་དེ་ནི་རྒྱ་ནག་གི་ཡུན་ནན་སློབ་གྲྭ་ཆེན་མོ་དང་རྒྱ་ནག་གི་ཚན་རིག་དང་ཕྲ་འབུའི་ཞིབ་འཇུག་ལྟེ་གནས་ཁང་(BGI) གཉིས་ཀྱི་ཞིབ་འཇུག་རུ་ཁག་ ༣༠༠༠ ལྷག་དང་མི་སྣ་ ༣༠༠༠༠ ལྷག་མཉམ་ཞུགས་བྱས་ཏེ། བོད་ཁམས་ཡོངས་ནས་བོད་ཀྱི་སྲོག་ཆགས་དང་སྒོ་ཟོག་ལས་དཔེ་མཚོན་གསར་པ་ལྔ་སྟོང་ལྷག་བསྡུ་རུབ་བྱས་ཏེ་ཞིབ་འཇུག་བྱས་པ་ཞིག་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།





