བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༢ ཉིན་གྱི་སྔ་དྲོར་བཞུགས་སྒར་དྷ་རམ་ས་ལ་ནས་ཆིབས་ཐོན་གནང་སྟེ། མཁའ་ལམ་བརྒྱུད་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ཉེ་འཁྲིས་ཞི་བའི་ཚལ་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་དེ། ༧མགོན་པོ་གང་ཉིད་མཆོག་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་ནང་ཆོས་ལ་དད་པ་དང་དོ་སྣང་ཡོད་པས་དཔེ་ཆ་ལྟ་རྒྱུ་གལ་ཆེན་པོ་རེད། ཆོས་ཀློག་སྡོད་པ་དང་ཞབས་བརྟན་སྒྲུབ་སྡོད་པ་གཅིག་པུ་མ་ཡིན་པར་ཚད་མ་རིག་པའི་ཐོག་ནས་བརྟག་དཔྱད་ཀྱིས་རྟགས་བསལ་བཏང་ནས་སྦྱོང་བརྡར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ཆུང་ཆུང་སྐབས་ནས་ཚད་མ་རིག་པ་སྦྱངས་ནས་སྨོན་ལམ་སྐབས་སོགས་སུ་རྟགས་བསལ་གཏོང་བ་ལ་ཉན་བཞིན་ཡོད། ཚད་མ་རིག་པ་སྦྱང་པ་དེས་རྟགས་བསལ་གཏོང་དུས་སྤུས་དག་པོ་དང་། གུང་འགྲིགས་པོ་ཧ་ཅང་ཡག་པོ་འདུག བོད་དུ་ཚད་མ་རིག་པའི་འགྲོ་སྟངས་སྦྱོང་ཚུལ་ཧ་ཅང་སྤུས་དག་པོ་རེད། གལ་ཆེན་པོ་དང་། ཕན་ཐོགས་ཀྱང་ཆེན་པོ་ཡོད་པ་ཞིག་རེད། བོད་དུ་དབུ་ཚད་ཟུང་འབྲེལ་ཞེས་དབུ་མ་དང་ཚད་མ་རིག་པ་ཟུང་འབྲེལ་བྱས་ཏེ་འགྲོ་བ་ནི་མིག་དཔེ་ཧ་ཅང་ཡག་པོ་ཞིག་རེད། ངོས་ཀྱིས་དབུ་ཚད་ཟུང་འབྲེལ་ལ་འབད་བརྩོན་ཤུགས་ཆེན་པོ་བྱས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ལ་བོད་གངས་ཅན་གྱི་བསླབ་པ་སློབ་གཉེར་གྱི་འགྲོ་སྟངས་གང་ལ་གང་འཚམ་ཞིག་ཡོད་པ་དང་། ད་དུང་དོ་སྣང་ཤུགས་ཆེ་ཙམ་བྱས་ཏེ་ཧི་མ་ལ་ཡའི་རི་རྒྱུད་དུ་དབུ་ཚད་ཀྱི་གཞུང་རྣམས་སློབ་ཁྲིད་ཡག་པོ་བྱས་ཏེ་རྟགས་བསལ་བཏང་ནས་སྒྲོ་འདོགས་ཆོད་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༡ ཉིན་གྱི་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་གླེ་ནས་ཐད་འཕུར་གནམ་གྲུའི་ནང་ལ་དྭགས་ཟངས་དཀར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་དེ། དཀར་ཤ་ཕོ་བྲང་དང་ནཱ་ལེནྡྲ་རིག་གཞུང་སློབ་གཉེར་ཁང་དབུ་འབྱེད་དང་རབ་གནས་བཀའ་དྲིན་བསྐྱངས། ཚོགས་ཆེན་འདུ་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དཀར་དགོན་དབུ་ཆོས་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། སྐབས་དེར་མགོན་པོ་གང་ཉིད་མཆོག་ནས། བོད་ལ་ཉམས་ཉེས་ཆེན་པོ་བྱུང་སྟེ་བསྟན་པའི་མེ་རོ་རྒྱ་གར་དུ་བཟུང་བ་དང་། འདིར་སངས་རྒྱས་ཀྱི་བསྟན་པའི་འགྲོ་སྟངས་ལ་ཡུལ་བ་ཚོས་ཀྱང་དོ་སྣང་ཡག་པོ་བྱེད་ཀྱི་འདུག ང་ཚོས་བསྟན་པའི་མེ་རོ་གསོ་ཐབས་བྱེད་བཞིན་ཡོད། ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་ལ་གཅེས་ཞེན་ཆེན་པོའི་ཐོག་ནས་བདག་པོ་བརྒྱབ་ཡོད་ཅིང་། དེ་ང་ཚོས་མུ་མཐུད་ནས་བྱེད་བཞིན་ཡོད། ངོས་རང་ལ་ཆ་བཞག་ན་དཔེ་ཆར་བལྟས་ཤིང་གྲྭ་སར་འགྲིམས། སྨོན་ལམ་དམ་བཅའ་བཞག་པ་སོགས་གང་ལྟར་རིགས་པའི་འགྲོ་སྟངས་ཆུང་ཆུང་སྐབས་ནས་བསླབ་ཟིན་པ་དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ཅེས་དང་། འདིར་ཆ་བཞག་ན་དངོས་གནས་དུས་ཚོད་གཉན་འཕྲེང་ཅན་འདི་ལ་ང་ཚོའི་ལོ་སྟོང་ཕྲག་རིང་གི་རིགས་ལམ་གྱིས་དཔྱད་པ་བྱེད་པ་འདི་མུ་མཐུད་དུ་བཟུང་སྡོད་པ་བཀའ་དྲིན་ཆེན་པོ་རེད་ལ། ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༣ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཟངས་དཀར་དཔའ་ལྡུམ་གྲུ་འཛིན་ཕོ་བྲང་དུ་གསར་བཞེངས་བྱས་བའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རྨང་རྡོ་དབུ་འབྱེད་ཀྱི་རབ་གནས་མཛད་ཡོད་པ་དང་། དེའི་རྗེས་ལ་དྭགས་ཟངས་དཀར་དཔའ་ལྡུམ་གྲུ་འཛིན་ཕོ་བྲང་གི་དུས་འཁོར་གསུང་ཆོས་ཐང་ཆེན་དུ། ཟངས་དཀར་ནང་ཚོགས་དང་། ཟངས་དཀར་དགོན་ཚོགས། དཀར་ཤ་དབྱར་ཆོས་གོ་སྒྲིག་ཚོགས་ཆུང་གསུམ་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གནས་བརྟན་ཕྱག་མཆོད་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་ནས། དེ་རིང་འདིར་ཆ་བཞག་ནའང་དེང་དུས་ཀྱི་སྐྱེ་བོ་མང་པོ་ཞིག་འདུ་འཛོམས་བྱས་འདུག ཁྱེད་ཚོའི་ལྷག་བསམ་རྩེ་གཅིག་གིས་ངོས་རང་ལ་དད་མོས་རྩེ་གཅིག་སྐྱེ་བ་རེད། ངོས་ལ་ཆ་བཞག་ནའང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་སྡོད་རྒྱུ་ཡིན། ལྷའི་ལུང་བསྟན་དང་ངོས་རང་གི་རྨི་ལམ་གྱི་མཚན་མའི་ཐོག་ནས་ཧ་ཅང་གསལ་བོ་འདུག ངོས་ཀྱིས་ད་ལྟ་བར་དུ་ཧུར་ཐག་བྱས་པ་ཡིན། བོད་སྤྱི་མཐུན་གྱི་སངས་རྒྱས་བསྟན་པ་ཙམ་མ་ཟད། འཛམ་བུ་གླིང་ཁྱོན་ཡོངས་སུ་འཚེ་བ་མེད་པ་དང་ཞི་བའི་ལམ་སྤུས་དག་པོ་ཡོང་བར་རྩེ་གཅིག་ཏུ་སྨོན་ལམ་བརྒྱབ་སྟེ་འབད་བརྩོན་བྱེད་བཞིན་ཡོད། དེ་འདྲ་བྱས་ཏེ་ད་ལྟ་བར་དུ་ཕྱིན་པ་རེད། གང་ལྟར་ཡུལ་ལྷ་གཞི་བདག་ཚོས་ཀྱང་ཧ་ཅང་དགའ་བོ་བྱས་ཡོང་གི་འདུག ཡི་ཤུ་ཆོས་སོགས་ཀྱིས་གང་ལྟར་འཇིག་རྟེན་བཀོད་པ་པོ་ཁས་བླངས་ཀྱང་མ་བླངས་རུང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེེད། དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ངོས་རང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད། སྐབས་སུ་བབ་པ་དེ་རིང་གནས་འདིར་ང་ཚོ་མང་པོ་ཞིག་འཛོམས་ཏེ་སྙིང་ཁོངས་རུས་པའི་གཏིང་ནས་སྨོན་ལམ་ཡག་པོ་རྒྱོབས། སྐབས་སུ་བབ་པ་ངོས་རང་དགེ་སློང་བསྟན་འཛིན་རྒྱ་མཚོ་མུ་མཐུད་དུ་ལོ་སུམ་ཅུ་བཞི་བཅུ་ཙམ་བསྡད་དེ། ངོས་ཀྱི་མི་ཚེ་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་ཕལ་ཆེར་བསྡད་རྒྱུ་རེད། ད་ལྟ་བར་དུ་ངོས་ཀྱིས་བསྟན་པའི་ཞབས་འདེགས་རླབས་ཆེན་པོ་བསྒྲུབས་ཡོད། ཅེས་སོགས་གསུངས།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༥ ཉིན་ལ་དྭགས་ཟངས་དཀར་དཀར་ཤ་ཕོ་བྲང་དུ། ཟངས་དཀར་ནང་པའི་ཚོགས་པ་དང་། ཟངས་དཀར་དགོན་པ་ཚོགས་པ། དཀར་ཤ་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་ཆེ་མཆོག་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་མཛད་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོ་ཆོས་དད་ཤུགས་ཆེན་པོ་ཡོད་བསྡད་པ་ཞིག་ཆགས་ཡོད། ག་རེ་གལ་ཆེན་པོ་འདུག་ཟེར་ན། ང་ཚོས་དད་པ་བྱེད་སའི་ཆོས་ག་འདྲ་ཡིན་པར་ཏོག་ཙམ་དོ་སྣང་དང་སློབ་སྦྱོང་བྱེད་དགོས། མདུན་དུ་སྟོན་པའི་སྐུ་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་ཡོད། སྟོན་པ་བཀའ་དྲིན་ཅན་གྱིས་ང་ཚོར་བསླབ་བྱ་ག་འདྲ་བསྟན་ཡོད་པ་རེད། དེ་དག་ཤེས་པ་བྱས་ནས་ཆོས་བྱེད་པར་དངོས་གནས་དྲང་གནས་སྙིང་སྟོབས་བསྐྱེད་པ་དང་སྤོབས་པ་བསླེབ་པར་ཧ་ཅང་ཕན་ཐོགས་འདུག ངོས་རང་ལ་ཆ་བཞག་ནའང་ཕ་ཡུལ་ས་ཐག་རིང་པོ་ནས་ཡོང་བ་རེད། ཆུང་ཆུང་སྐབས་ནས་དཔེ་ཆར་བལྟས་པ་ཡིན། དེ་ནས་རིམ་བཞིན་དུས་ལོག་ཡོང་བའི་སྐབས་སངས་རྒྱས་ཀྱི་ཞག་རྩི་མཐོང་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་། ཆོས་གྲོགས་ཚོར་ཆ་བཞག་ནའང་སངས་རྒྱས་ཀྱི་ཆོས་ཤེས་ནས་དད་པ་ཐོབ་པ་བྱུང་ན་མི་ཚེ་དོན་དང་ལྡན་པ་དང་སྐྱིད་པོ་གཏན་གཏན་ཡོང་གི་རེད་ལ། སྤྱི་ཚོགས་ནང་དུ་ཞི་བདེ་དང་འཆམ་མཐུན་ཡག་པོ་ཆགས་ཐུབ་པ་ཞིག་ཡོང་གི་རེད། ཅེས་སོགས་གསུངས།
ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༣ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་ལ་དྭགས་གླེ་ཇོ་བོའི་གཙུག་ལག་ཁང་བསྐྱར་བཞེངས་ཀྱི་རྨང་རྡོ་དབུ་འབྱེད་རབ་གནས་མཛད་ཡོད་ཅིང་། གླེ་གཤམ་གྱི་དགོན་པ་ཚོགས་པའི་ནང་པའི་ཆོས་ཀྱི་ལྟེ་གནས་སམ་དྷརྨ་སཱེན་ཊིར་(Dharma center)གཙུག་ལག་ཁང་དུ་མི་མང་ལ་བཀའ་སློབ་བསྩལ། སྐབས་དེར་༸མགོན་པོ་གང་ཉིད་མཆོག་ནས། ངོས་ཀྱིས་འདིར་ཞུ་འདོད་པ་ཞིག་ནི་འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད། རྒྱ་གར་ལ་ཆ་བཞག་ནའང་ཆོས་ལུགས་མང་པོ་ཡོད། ཡིན་ནའང་འཛམ་གླིང་སྟེང་དུ་དོ་སྣང་ཆེ་ཤོས་དང་། ལྷག་པར་དུ་སེམས་ཁམས་རིག་པའི་ཐོག་དོ་སྣང་ཡོད་མཁན་གྱི་ཚན་རིག་པ་ཚོས་ནང་ཆོས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག འདི་འདྲའི་དུས་ཚོད་ཅིག་ལ་བོད་གངས་ཅན་གྱིས་སངས་རྒྱས་ཆོས་ལ་དངོས་གནས་དྲང་གནས་བསྲེགས་བཅད་བརྡར་གསུམ་བྱས་ཏེ་བཤད་རྒྱུན་གཏན་ལ་ཕབ་ཡོད། དེང་སང་འཛམ་གླིང་ཐོག་བོད་ཀྱི་ནང་ཆོས་དང་། ལྷག་དོན་ཚད་མ་རིག་པའི་སྐོར་ཚན་རིག་པ་མང་པོས་དོ་སྣང་བྱས་ཏེ་ངོས་ཀྱི་འགྲམ་ལ་གོ་བསྡུར་བྱེད་མཁན་མང་པོ་བྱུང་། ང་ཚོ་བོད་ཀྱི་སངས་རྒྱས་ཀྱི་ཆོས་ནི་རྔ་རྡུང་རྦུབས་དཀྲོལ་བའི་འདོན་པ་གཅིག་པོ་མིན། བོད་དུ་ཚད་མ་རིག་པ་དང་། ཕར་ཕྱིན། དབུ་མའི་གཞུང་དེ་དག་སྦྱོང་བཞིན་ཡོད། ངོས་རང་ལ་ཆ་བཞག་ནའང་ཕ་ཡུལ་ནས་ཡར་ཡོང་ནས་རྩེ་ཕོ་བྲང་དུ་བསྡད་དེ། ལོ་ལྔ་དྲུག་ནས་བསྡུས་གྲྭ་དང་ཚད་མ་སོགས་ལ་སྦྱངས་པ་རེད། ང་ཚོ་བོད་ལ་སངས་རྒྱས་ཀྱི་ཆོས་ཡོད་བསྡད་པ་དེ་གཏིང་ཟབ་པོ་རེད། སློབ་གཉེར་བྱས་ཏེ་རིག་པའི་ལམ་ནས་ངེས་པ་རྙེད་རྒྱུ་ཡོད་པ་ཞིག་རེད། སློབ་སྦྱོང་བྱས་ཏེ་གཏིང་ཟབ་པའི་ཐོག་ཤེས་ཚད་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ཅེས་སོགས་གསུངས།
ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༦ ཉིན་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རའི་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་བཤེས་གླང་རི་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། ༧རྒྱལ་མཆོག་བདུན་པ་ཆེན་པོས་མཛད་པའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཆོས་འབྲེལ་མཛད་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་བོད་དུ་གཞིས་སྡོད་བྱེད་པའི་གོ་སྐབས་མ་བྱུང་བར་བཙན་བྱོལ་དུ་འབྱོར་བ་རེད། ནོར་བུ་གླིང་ཁ་ནས་ཐོན་ཏེ་བཙན་བྱོལ་དུ་འབྱོར་རྗེས། གང་ལྟར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་སེམས་ཐག་ཉེ་བོ་ཡོད་པས་ཧི་མ་ལ་ཡའི་རི་རྒྱུད་དུ་གཞིས་ཆགས་ཏེ་ཕལ་ཆེར་བསྡད་པ་རེད། ངོས་ཀྱིས་ཞུ་རྒྱུའི་དོན་ཚན་གཙོ་བོ་དེ་ང་ཚོ་བོད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་རེད་ལ། ང་ཚོ་ཚང་མར་རང་བཞིན་གྱིས་སེམས་པ་བཟང་པོ་བྱེད་རྒྱུ་དང་། མ་ཎི་བགྲང་བའི་གོམས་གཤིས་ཡོད་བསྡད་པ་ཞིག་རེད། ཅེས་དང་། བོད་ནང་དུ་སྦྱངས་བའི་ཆོས་ཀྱི་བསླབ་བྱས་འདིར་ཡོད་ཀྱི་ཁམས་དང་མོས་པ་མཐུན་པའི་ཆོས་གྲོགས་རྣམས་ལ་ཆོས་བཤད་པའི་གོ་སྐབས་ཡག་པོ་ཡོང་གི་རེད་བསམ་པའི་སེམས་ཤུགས་བསྐྱེད་དེ་རྒྱ་གར་བསླེབ་པ་རེད། ད་ལྟ་བར་དུ་ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་གང་དུ་བསླེབ་ཀྱང་དངོས་གནས་ཧི་མ་ལ་ཡའི་མི་རྣམས་ལ་ཆོས་དད་དང་ངོས་རང་ལ་དགའ་བོ་བྱེད་མཁན་གྱི་བག་ཆགས་གསལ་བོ་འདུག ཅེས་སོགས་གསུངས།
ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༧ ཉིན་ལ་དྭགས་གླེ་ཞི་བའི་ཚལ་དུས་དབང་གསུང་ཆོས་ར་བར། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཆོས་གྲོགས་རྣམ་པ་ལྷན་རྒྱས་ཞུ་རྒྱུར། དེ་རིང་འདིར་ས་གནས་ཀྱི་མི་མང་སྤྱི་དང་། བྱེ་བྲག་ཕྱོགས་མཐའ་ཁག་ནས་འདུས་པའི་སེར་སྐྱ་མི་མང་དད་པ་དང་དམ་ཚིག་གཡོ་བ་མེད་པའི་བརྟན་བཞུགས་གནང་བ་ཞིག་རེད་ལ། ངོས་རང་ལ་བོད་གངས་ཅན་ལྗོངས་ཀྱི་གདུལ་བྱ་སྐྱེ་འགྲོ་ཡོངས་དང་། དེ་བཞིན་ཧི་མ་ཡ་ལའི་རི་རྒྱུད་དུ་ཡོད་པའི་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ལམ་ལུགས་གཅིག་པ་ཡིན་པ་ཡོངས་ཀྱིས་དེ་རིང་འདིར་ཆེད་དུ་འདུས་ཏེ་ཐུན་མོང་བརྟན་བཞུགས་གནང་བ་རེད། ངོས་རང་ལ་ཆ་བཞག་ན། མདོ་སྨད་ནས་སྐྱེས་ཏེ་དབུས་གཙང་དུ་བསླེབས་པ་དང་། དེ་ནས་གངས་ལྗོངས་ཀྱི་ལྷ་མི་ཀུན་གྱིས་གཅིག་ཏུ་ངོས་རང་ལ་ཡིད་ཆེས་དང་དད་པ་བྱས་ཡོད། ལོ་འདི་དག་རིང་ལ་ངོས་ཀྱིས་བོད་ཀྱི་ལྷ་མི་ཡོངས་རྫོགས་ལ་རེ་འདོད་བསྒྲུབ་པའི་ལས་འགན་འཁུར་བ་རེད། ད་ལྟ་བར་དུ་ཕྱིའི་རྐྱེན་ངན་ག་འདྲ་བྱུང་ཡང་རྐྱེན་ངན་ངོས་འཛིན་པའི་ཐོག་ནས་ངོས་ཀྱི་མི་ཚེ་འདི་ལྟར་བསྐྱལ་བ་རེད། གང་ལྟར་གངས་ལྗོངས་ཀྱི་གནས་ཆུང་ཆོས་རྒྱལ་མཚོན་པའི་དམ་ཚིག་ཅན་གྱི་སྲུང་མ་ཚོ་ལྷ་དངོས་སུ་ཞུགས་ཏེ། བོད་གངས་ཅན་གྱི་དོན་དག་བསྒྲུབ་པར་ལྷ་མི་ཟུང་འབྲེལ་བྱུང་ཡོད། ལོ་མང་པོའི་རིང་ངོས་རང་གཙོ་བོ་ནི་ལྷ་ས་དང་། རྩེ་ཕོ་བྲང་། ནོར་བུ་གླིང་ག་བཅས་སུ་བསྡད་ནས་བོད་གངས་ཅན་གྱི་དོན་དག་བསྒྲུབ་པར་ངོས་ཀྱིས་འཁུར་གཙོ་བོ་བླངས་ཏེ་ཕྱིན་པ་རེད། ད་ལྟ་བར་དུ་ངོས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་ལྷག་བསམ་རྣམ་དག་བྱས་པ་ཡིན། འཇིག་རྟེན་པའི་ལྷ་དང་། འཇིག་རྟེན་པའི་དྲེགས་པ་ཚོ་བསྐུལ་མ་བྱས་ཡོད། ངོས་ཀྱིས་དངོས་ཡོད་གནས་ཚུལ་རན་པར་དཀར་ཕྱོགས་སྐྱོང་བའི་བོད་གངས་ཅན་གྱི་ལྷ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཕྲིན་ལས་གཉེར་འདེགས་བྱས་པར་ཧུར་ཐག་བྱས་སོང་། ཞེས་སོགས་གསུངས། 
ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༢༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལ་དྭགས་དབུས་འཛིན་མངའ་ཁུལ་ (Union territory) དང་།ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཟུང་འབྲེལ་གྱིས་ཤེལ་གྱི་སེང་གེ་གཙང་པོའི་ཉེ་འགྲམ་སིན་དྷུ་གྷཱ་ཊ་ཞེས་པར་ཆེ་བསྟོད་ཀྱི་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་ནས། འཛམ་གླིང་སྤྱི་ཡོངས་སུ་བལྟས་ན་འཚེ་བ་ལ་དང་དོད་བྱེད་བཞིན་ཡོད། དེ་ལ་ང་ཚོ་ཚང་མས་གཟབ་གཟབ་བྱེད་དགོས། འཚེ་བ་མེད་པའི་འཛམ་གླིང་ཞིག་ཡོང་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད། ཚང་མས་ཧུར་ཐག་བྱེད་ཤོག ངོས་རང་ལ་མཚོན་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་དང་། མཐའ་གཅིག་ཏུ་འཚེ་བ་མི་བྱེད་པར་ཞི་བདེ་ལ་བརྩོན་མཁན་ཞིག་ཡིན། ངོས་ནས་དེ་ལྟར་ཉམས་ལེན་བྱེད་ཀྱི་ཡོད་པ་དང་ངོ་ཤེས་པ་ཚོར་ཡང་རེ་འདུན་ནམ་བསམ་ཚུལ་འདི་བཤད་ཀྱི་ཡོད། ང་ཚོ་ཚང་མས་འཚེ་བ་མེད་པའི་ཐོག་ལ་འབད་བརྩོན་བྱས་པ་ཡིན་ན་འཛམ་གླིང་འདི་དངོས་གནས་ཞི་བདེ་ཡོད་པའི་འཛམ་གླིང་ཞིག་ཆགས་པར་རྒྱུ་མཚན་ཡོད་པ་རེད་ལ། རེ་བ་ཡང་ཡོད། ཅེས་སོགས་གསུངས། 
ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༢༤ ཉིན་ལ་དྭགས་གླེ་ཁུལ་དཔེ་ཐུབ་དགོན་པའི་ཉེ་ཁུལ་ཨ་པི་སི་སྤང་དུ། ལ་དྭགས་དགོན་སྤྱི་ཚོགས་པ་དང་ནང་ཚོགས་ཐུན་མོང་གིས་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས། དེ་རིང་འདིར་ལ་དྭགས་བོད་ཀྱི་ས་མཚམས་ལ་སླེབས་ཡོད་ཀྱང་། བོད་མི་རིགས་ཀྱི་འདུ་ཤེས་ཧ་ཅང་གསལ་པོ་དང་། མི་རིགས་གཅིག་གྱུར་ཡིན་པའི་རྣམ་པ་ཧ་ཅང་གསལ་བོ་འདུག མི་རིགས་གཅིག་གྱུར་ནི་ཆབ་སྲིད་ཀྱི་ཞེན་ཁོག་བྱེད་པའི་སྐད་ཆ་མ་རེད། མི་རིགས་གཅིག་གྱུར་གྱི་ཐོག་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་སྐབས་ནས་བཟུང་ལོ་ཙཱ་བཀའ་དྲིན་ཅན་མང་པོས་རྒྱ་གར་གྱི་རིག་གཞུང་རྒྱ་ཆེན་མུ་མེད་ཡོད་པ་ནས་ཚུར་བསྒྱུར་ཏེ་ཡོངས་གྲགས་སུ་བཀའ་འགྱུར་དང་བསྟན་འགྱུར་ཞེས་པ་བྱུང་བ་དང་། དེ་ནི་རྒྱ་གར་གྱི་རིག་གཞུང་ཧ་ཅང་བརྟན་པོ་ཡོད་པ་རྣམས་བསྒྱུར་བ་ཞིག་རེད། ཆབ་སྲིད་ཀྱི་རྐྱེན་དབང་གི་ཐོག་ནས་བོད་དུམ་བུར་བྲལ་བ་ཡོང་གི་ཡོད་ཀྱང་། རྩ་བས་བོད་ཆོལ་ཁ་གསུམ་དང་། སངས་རྒྱས་ཀྱི་བསྟན་པ་གཅིག་གྱུར་བྱས་ཏེ་གནས་ཡོད། ནང་གསེས་ཕྲན་བུའི་རིགས་ཡོང་གི་ཡོད་ཀྱང་རྩ་བའི་གཅིག་སྒྲིལ་རང་རེད། ཅེས་སོགས་གསུངས། ཕྱི་ཟླ་ ༨ ཚེས་ ༢༨ ཉིན་ལ་དྭགས་ཀྱི་མཛད་པ་རྣམས་ལེགས་པར་གྲུབ་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆིབས་བསྒྱུར་བསྐྱངས།
གསར་འགོད་པ་བྱམས་པ་ཚེ་རིང་གིས་ཕྱོགས་སྒྲིག་བྱས།




